ཆེད་ལས་ཞིབ་འཇུག་དང་འཚམ་པའི་ལས་ཀ་རག་རྒྱུ་ཧ་ཅང་དཀོན་པོ་རེད་འདུག

ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་པ་སངས་ཚེ་རིང་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གཙོས་པའི་བོད་ཀྱི་སྐད་ཡིག་རིག་གཞུང་ཞིབ་འཇུག་དང་འབྲེལ་ཡོད་སྡེ་ཁག་གིས། བོད་རང་གི་སྐད་ཡིག་རིག་གཞུང་གི་ཆེད་ལས་ཞིབ་འཇུག་མཐར་ཕྱིན་སློབ་གཉེར་བ་ཚོར་ཁོ་ཚོའི་ཆེད་ལས་ཞིབ་འཇུག་དང་འཚམ་པའི་ལས་གནས་ཀྱི་གོ་སྐབས་སྤྲོད་རྒྱུ་ནི་ཁ་ཚ་དགོས་གཏུགས་ཆགས་ཡོད་སྐོར་བརྗོད་སོང་།


འདི་གའི་གསར་འགོད་པས་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་པ་སངས་ཚེ་རིང་ལགས་སུ། དེ་གའི་མཐོ་སློབ་ནས་གཙུག་ལག་རབ་འབྱམས་པའི་བསླབ་སློབ་གཉེར་ཐོག་མར་དབུ་འཛུགས་གནང་བའི་དགོས་དམིགས་དང་། ད་ལྟའི་གནས་སྟངས་སྐོར་ལ་བཅར་འདྲི་བྱེད་སྐབས་ཁོང་གིས། ཕྱི་ལོ་ ༢༠༡༤ ལོར་ས་རཱ་མཐོ་སློབ་ཀྱིས་རྩོམ་རིག་ལོ་རྒྱུས་ཀྱི་གཙུག་ལག་རབ་འབྱམས་པའི་ལས་གཞི་དབུ་འཛུགས་གནང་དོན་གཙོ་བོ་ནི། བཙན་བྱོལ་ནང་རིག་ཚན་གང་ཡིན་ཡང་། དེ་ལ་ཆེད་ལས་ཞིབ་འཇུག་རང་བཞིན་མེད་པའི་སྟོང་ཆ་ཆེན་པོ་ཞིག་ལྷག་སྟབས། སྟོང་ཆ་དེ་སྐོང་བའི་སླད་དུ་གཙུག་ལག་རབ་འབྱམས་པའི་ལས་གཞི་དེ་བཙུགས་པ་དང་། སྐབས་དང་པོའི་གཙུག་ལག་རབ་འབྱམས་པའི་ནང་ལོ་རྒྱུས་གཙུག་ལག་རབ་འབྱམས་དང་རྩོམ་རིག་གཙུག་ལག་རབ་འབྱམས་བཅས་སྡེ་ཚན་གཉིས་དང་། སྡེ་ཚན་རེ་རེའི་ནང་སློབ་མ་ ༦ རེ་དང་ས་རཱ་མཐོ་སློབ་ཀྱི་སློབ་མ་གཅིག་བཅས་ཁྱོན་སློབ་མ་ ༡༣ བསྡུས་པ་རེད། ད་ལོར་སྐབས་གཉིས་པའི་རྩོམ་རིག་གཙུག་ལག་རབ་འབྱམས་པའི་སློབ་མ་གསར་བསྡུའི་གསལ་བསྒྲགས་སྤེལ་སྐབས། འཛུལ་ཞུགས་སློབ་མ་གཉིས་ཀྱི་སྙན་ཞུ་འབྱོར་ཡོད་ཀྱང་། བྲིས་རྒྱུགས་དང་ངག་རྒྱུགས་སྐབས་སློབ་མ་གཅིག་མ་གཏོགས་སླེབས་མ་སོང་། སྤྱིར་བཏང་ས་རཱ་མཐོ་སློབ་ཀྱི་གཙུག་ལག་རབ་འབྱམས་པའི་སྒྲིག་གཞིའི་ནང་། ཉུང་མཐར་ཡང་སློབ་མ་གསུམ་ལས་མང་བ་དགོས་ཀྱི་ཡོད་དུས། སློབ་མ་གཅིག་བསྡུ་ཐབས་ཡོད་པ་མ་རེད། ཡིན་ནའང་ས་རཱ་མཐོ་སློབ་ཀྱི་གཙུག་ལག་རབ་འབྱམས་པའི་ས་མིག་བསྐོང་ཆེད། སློབ་མ་གཅིག་པུ་དེ་ལ་གོ་སྐབས་སྤྲད་དེ། ཁོ་བྲིས་རྒྱུགས་དང་ངག་རྒྱུགས་གཉིས་ཀྱི་ལམ་ནས་བླངས་ཏེ། རྩོམ་རིག་སློབ་དཔོན་ཨ་འཇམ་ལགས་ཀྱིས་སློབ་འཁྲིད་བྱེད་ཀྱི་ཡོད་པ་དང་། དེའི་རྒྱུ་མཚན་ནི། ད་ལྟའི་དུས་འདིར་ཆེད་ལས་ཞིབ་འཇུག་སློབ་མ་གཅིག་ལས་མེད་ཀྱང་། དེ་སློབ་གསོས་སྐྱོང་རྒྱུ་གལ་ཆེན་པོ་ཡིན་པ་དང་། ས་རཱ་མཐོ་སློབ་ཀྱི་གཙུག་ལག་རབ་འབྱམས་པ་དེ་ཞིབ་འཇུག་རང་གི་སྒང་ལ་འགྲོ་གི་ཡོད་དུས། དེ་ལ་ཆེད་ལས་ཞིབ་འཇུག་སློབ་དཔོན་ཚད་ལྡན་དང་ཆེད་ལས་ཞིབ་འཇུག་གི་རྒྱུ་ཆ་འཐུས་ཚང་ཞིག་མ་རག་པའི་དཀའ་ངལ་ཡོད་པ་དང་། ལྷག་པར་དུ་ད་ལོའི་རྩོམ་རིག་གཙུག་ལག་རབ་འབྱམས་པ་དེ་བོད་རང་གི་རྩོམ་རིག་ལོ་རྒྱུས་ཐོག་འགྲོ་གི་ཡོད་དུས། རྒྱ་གར་ནང་བོད་རང་གི་རྩོམ་རིག་ལོ་རྒྱུས་ཀྱི་ཡིག་ཆ་འཐུས་ཚང་ཞིག་རག་རྒྱུ་ཧ་ཅང་དཀོན་པོ་རེད། འགྲོ་གྲོན་བཏང་ཡང་ཆེད་ལས་ཞིབ་འཇུག་གི་ཡིག་ཆ་མང་ཆེ་བ་རྒྱ་ཡིག་དང་དབྱིན་ཡིག་ནང་མ་གཏོགས་བོད་རང་གི་སྐད་ཡིག་ནང་རག་ཐབས་མི་འདུག དེར་བརྟེན། ལོ་རྒྱུས་གཙུག་ལག་རབ་འབྱམས་དང་རྩོམ་རིག་གཙུག་ལག་རབ་འབྱམས་གཉིས་མཉམ་དུ་འགྲོ་རྒྱུ་ཁག་པོ་ཆགས་ཏེ། ལོ་གཅིག་ལ་ལོ་རྒྱུས་གཙུག་ལག་རབ་འབྱམས་དང་ལོ་གཅིག་ལ་རྩོམ་རིག་གཙུག་ལག་རབ་འབྱམས་འགྲོ་བའི་ལས་འཆར་བཟོས་ཡིན། ན་ནིང་སྐབས་གཉིས་པའི་ལོ་རྒྱུས་གཙུག་ལག་རབ་འབྱམས་པའི་ནང་འཛུལ་ཞུགས་སློབ་མ་ ༡༢ བྱུང་བའི་ནང་ནས་སློབ་མ་ ༨ བླངས་ཡོད་པ་དང་། ད་ལོར་རྩོམ་རིག་གཙུག་ལག་རབ་འབྱམས་པའི་ནང་སློབ་མ་གཅིག་མ་གཏོགས་མེད་ཀྱང་། གཅིག་པུ་དེ་བླངས་ནས་སློབ་འཁྲིད་བྱེད་ཀྱི་ཡོད། འདི་ལོ་ནས་ས་རཱ་མཐོ་སློབ་ཀྱི་རྩོམ་རིག་རིག་གནས་རབ་འབྱམས་པའི་ནང་ནས་ལོ་དང་པོའི་རྒྱུགས་འབྲས་ཀྱི་བརྒྱ་ཆ་གཏན་འབེབས་གཞིར་བཟུང་གིས་ཆེད་སྦྱོང་འཛིན་གྲྭ་ཞིག་བཙུགས་ཡོད་པ་ལྟར། ད་ལྟ་ཆེད་སྦྱོང་འཛིན་གྲྭ་དེའི་ནང་རྩོམ་རིག་རིག་གནས་རབ་འབྱམས་པའི་རེ་བ་བྱེད་ས་སློབ་མ་ ༤ བྱུང་ཡོད་པས། ཁོ་ཚོའི་མོས་པ་དང་ཤེས་ཚད་གཞིར་བཟུང་གིས། རྩོམ་རིག་གཙུག་ལག་རབ་འབྱམས་པ་སློབ་མ་གཅིག་པུ་དེ་དང་ཟླ་སྒྲིལ་གཏོང་འཆར་ཡོད་སྐོར་བརྗོད་བྱུང་།

ཡང་སློབ་སྤྱི་པ་སངས་ཚེ་རིང་ལགས་སུ་མཐོ་རིམ་སློབ་གཉེར་ཁང་ཞིག་ལ་མཚོན་ན། ཆེད་ལས་ཞིབ་འཇུག་གི་སྡེ་ཚན་དེ་ཡོད་མེད་ལ་ཁྱད་པར་ག་རེ་ཡོད་མེད་དྲིས་པར་ཁོང་གིས། ཕྱི་ལོ ༢༠༡༤ ལོར་ས་རཱ་མཐོ་སློབ་ཀྱི་གཙུག་ལག་རབ་འབྱམས་པ་གསར་འཛུགས་མ་བྱས་སྔོན་གྱི་སློབ་མ་དང་། གཙུག་ལག་རབ་འབྱམས་པ་བཙུགས་པའི་རྗེས་ཀྱི་སློབ་མ་གཉིས་ལ་ཁྱད་པར་ཞེ་དྲགས་ཡོད་པ་དང་། དེ་ཡང་སློབ་མ་ཚོའི་སློབ་སྦྱོང་གི་ཁ་ཕྱོགས་དང་། ལྷག་པར་དུ་ཆེད་ལས་ཞིབ་འཇུག་གི་ཁ་ཕྱོགས་དང་སྤྲོ་སྣང་བཅས་ལ་ཁྱད་པར་ཆེན་པོ་ཡོད་ལ། གཙུག་ལག་རབ་འབྱམས་པ་གསར་འཛུགས་མ་བྱས་སྔོན་ལ་ས་རཱ་མཐོ་སློབ་ལ་མཐོ་རིམ་རིག་གནས་རབ་འབྱམས་པ་མ་གཏོགས་མེད་པ་དང་། ད་ཆར་གཙུག་ལག་རབ་འབྱམས་པ་གསར་འཛུགས་བྱས་ཡོད་པས། སློབ་གཉེར་བ་མང་པོ་ཞིག་ལ་མུ་མཐུད་སློབ་གཉེར་གནང་བའི་རེ་བ་དང་སྤྲོ་སྣང་ཆེན་པོ་བསྐྱེད་ཡོད་པ་དང་། ད་ལྟའི་རྩོམ་རིག་གཙུག་ལག་རབ་འབྱམས་པ་དང་ལོ་རྒྱུས་གཙུག་ལག་རབ་འབྱམས་པ་དེ་སྲ་བརྟན་ཆགས་རྗེས། ས་རཱ་མཐོ་སློབ་ཀྱིས་མ་འོངས་པར་ད་དུང་བརྡ་སྤྲོད་གཙུག་ལག་རབ་འབྱམས་པ་གསར་འཛུགས་བྱ་འཆར་ཡོད་སྐོར་བརྗོད་བྱུང་་།

སྐབས་དང་པོའི་ཞིབ་འཇུག་སློབ་མར་ཆེད་ལས་ཞིབ་འཇུག་གི་གྲུབ་འབྲས་ག་འདྲ་བྱུང་མིན་སྐོར་ལ་ཁོང་གིས། སྐབས་དང་པོའི་སློབ་གཉེར་བ་ཚོའི་བོད་སྐད་ཡིག་གི་ཤེས་ཚད་ཧ་ཅང་ཡག་པོ་ཡོད་སྟབས། འདོད་པ་ཁེངས་པའི་གྲུབ་འབྲས་བྱུང་བ་མ་ཟད། སྐབས་དང་པོའི་སློབ་གཉེར་བ་ཁག་ཅིག་ལ་གཙུག་ལག་རབ་འབྱམས་པའི་ཤེས་ཚད་ལས་བརྒལ་ཏེ། འབུམ་རམས་པའི་ཤེས་ཚད་ཡོད་པ་མཐའ་མའི་ཡིག་ངག་གཉིས་ཀྱི་རྒྱུགས་འབྲས་ལས་ར་སྤྲོད་བྱུང་ཡོད་པ་དང་། སྐབས་དང་པོའི་ཆེད་ལས་ཞིབ་འཇུག་སློབ་གཉེར་བ་ཚོར་བོད་སྐད་ཡིག་གི་རྨང་གཞི་ཅུང་འཐུས་ཚང་ཡོད་པ་མ་ཟད། ད་དུང་སྐད་ཡིག་གཉིས་པ་རྒྱ་ཡིག་དབྱིན་ཡིག་གི་ཆུ་ཚད་ཀྱང་ལེགས་པོ་འདུག ཡིན་ནའང་། ཁོ་ཚོས་ཆེད་ལས་ཞིབ་འཇུག་འདོན་སྐབས། ཞིབ་འཇུག་གི་རྒྱུ་ཆ་འཐུས་ཚང་རག་ཐུབ་མེད་པས། མཐར་ཕྱིན་སློབ་མ་མང་ཤོས་ཕྱིར་བོད་ལ་ཕྱིན་ནས་མུ་མཐུད་སློབ་གཉེར་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པ་དང་། རེ་གཉིས་ཤིག་བཙན་བྱོལ་སྤྱི་ཚོགས་ཀྱི་ལས་སྒོར་ཞུགས་ཡོད་ཀྱང་། སྐབས་དང་པོའི་སློབ་གཉེར་བ་ཚོས་ཆེད་ལས་ཞིབ་འཇུག་གི་གྲུབ་འབྲས་དེ་ལ་བརྟེན་ནས། སྤྱི་ཚོགས་ནང་ནུས་པ་འདོན་ཕྱོགས་ཐད་ནས་ད་སྔ་འདོད་པ་ཁེངས་པ་ཞིག་བྱུང་མེད་སྐོར་བརྗོད་སོང་།

སྐབས་དང་པོའི་མཐར་ཕྱིན་སློབ་གཉེར་བ་ཚོར་ཁོ་རང་ཚོའི་ཆེད་ལས་ཞིབ་འཇུག་དང་འཚམ་པའི་ལས་ཀ་རག་ཡོད་མེད་སྐོར་ལ་ཁོང་གིས།  མཐར་ཕྱིན་སློབ་མ་ཚོས་གཙུག་ལག་རབ་འབྱམས་པའི་ཕྱག་འཁྱེར་དེ་ཁྱེར་ནས་བོད་པའི་སྤྱི་ཚོགས་ནང་འགྲོ་དུས། ཁོ་ཚོའི་ཆེད་ལས་ཞིབ་འཇུག་དང་འཚམ་པའི་ལས་ཀ་རག་རྒྱུ་ཧ་ཅང་དཀོན་པོ་རེད། སྤྱིར་ཁོ་ཚོའི་ཆེད་ལས་ཞིབ་འཇུག་དང་འཚམ་པའི་ལས་གནས་དེ་ཤེས་རིག་ལས་ཁུངས་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་སོགས་ནས་སྤྲོད་དགོས་ཀྱི་ཡོད་ཀྱང་། སྲིད་བྱུས་ཉམས་ཞིབ་ཁང་ལ་མཚོན་ན། མཐར་ཕྱིན་སློབ་གཉེར་བ་ཚོའི་ཆེད་ལས་ཞིབ་འཇུག་གི་ཕྱག་འཁྱེར་དེ་ཏག་ཏག་ཅིག་སྡོད་ཀྱི་ཡོད་ས་མ་རེད། སྲིད་བྱུས་ཉམས་ཞིབ་ཁང་ནས་སློབ་གཉེར་བ་ཚོའི་ཆེད་ལས་ཞིབ་འཇུག་གི་ཕྱག་འཁྱེར་ཁོ་ནར་མ་བལྟས་པར། ཁོ་རང་ཚོའི་བོད་སྐད་ཡིག་རིག་གཞུང་དང་། རྩོམ་རིག་ལོ་རྒྱུས་ཀྱི་ཆེད་ལས་འཇུག་ཞིབ་འཇུག་དང་འཚམ་པའི་ལས་གནས་ཀྱི་གོ་སྐབས་སྤྲོད་དགོས་པ་ཞིག་ཆགས་ཀྱི་ཡོད་པ་དང་། ལྷག་པར་དུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ལ་མཚོན་ན། ཆེད་ལས་ཞིབ་འཇུག་གི་རྨང་གཞི་དང་རྒྱབ་ལྗོངས་གཙོ་བོ་སྐད་ཡིག་གཉིས་པ་དབྱིན་ཡིག་ཡིན་དུས། ས་རཱ་མཐོ་སློབ་ནས་ཐོན་པའི་བོད་རང་གི་སྐད་ཡིག་རིག་གཞུང་གི་ཆེད་ལས་ཞིབ་འཇུག་མཐར་ཕྱིན་པ་ཚོར་གོ་སྐབས་སྤྲད་པ་ཡིན་ན། ཁོ་ཚོས་བོད་རང་གི་སྐད་ཡིག་ཐོག་ནས་བརྒྱ་ཆའི་བརྒྱ་ནུས་པ་མི་འདྲ་བ་ཞིག་འཐོན་ཐུབ་ཀྱི་ཡོད་པ་རེད། དེའི་རྒྱུ་མཚན་ནི། སྐབས་དང་པོའི་ཆེད་ལས་ཞིབ་འཇུག་མཐར་ཕྱིན་སློབ་མ་ཚོའི་སྐད་ཡིག་གཉིས་པ་དབྱིན་ཡིག་གི་ཆུ་ཚད་ལ་མཚོན་ནའང་གང་ལ་གང་འཚམ་ཡག་པོ་ཡོད་སྟབས། གནས་སྐབས་ཀྱི་དཔལ་འབྱོར་དཀའ་ངལ་ལ་མ་བལྟས་པར། སྲིད་བྱུས་ཉམས་ཞིབ་ཁང་གཙོས་པའི་བོད་ཀྱི་སྐད་ཡིག་རིག་གཞུང་ཞིབ་འཇུག་དང་འབྲེལ་ཡོད་སྡེ་ཁག་གིས་བོད་རང་གི་སྐད་ཡིག་རིག་གཞུང་གི་ཆེད་ལས་ཞིབ་འཇུག་མཐར་ཕྱིན་པ་ཚོར། ཁོ་ཚོའི་ཆེད་ལས་ཞིབ་འཇུག་དང་འཚམ་པའི་ལས་གནས་ཀྱི་གོ་སྐབས་སྤྲོད་རྒྱུ་ནི་ཁ་ཚ་དགོས་གཏུགས་ཆགས་ཡོད་སྐོར་བརྗོད་བྱུང་།

སྐབས་དང་པོའི་རྩོམ་རིག་དང་ལོ་རྒྱུས་གཙུག་ལག་རབ་འབྱམས་པའི་སློབ་དཔོན་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས་དགོངས་པ་ཞུས་པའི་རྒྱུ་མཚན་སྐོར་ལ་ཁོང་གིས། མཐོང་ཐོས་ལྟར་ན་དགེན་བློ་གྲོས་ཀྱིས་དགོངས་པ་ཞུས་དོན་ནི། གཅིག་ནས་ཟ་མ་དང་སྡོད་གནས། སྐད་ཡིག་གཉིས་པ་དབྱིན་ཡིག་སྦྱོང་རྒྱུ་སོགས་མང་པོ་ཞིག་ལ་འབྲེལ་བ་ཡོད་ས་རེད། རྒྱུ་མཚན་ནི། དགེན་བློ་གྲོས་ལགས་ཐོག་མར་ས་རཱ་མཐོ་སློབ་ནང་ཡོང་སྐབས། ཁོང་ལ་སྐད་ཡིག་གཉིས་པ་དབྱིན་ཡིག་སྦྱོང་བའི་གོ་སྐབས་སྤྲོད་པའི་རེ་བ་བཏོན་ཡོད་པ་དང་། ས་རཱ་མཐོ་སློབ་ཀྱི་ངོས་ནས་དགེན་གྱི་རེ་འདུན་དེ་ཏག་ཏག་ཅིག་སྒྲུབ་ཐུབ་མེད་པ་རེད། གཉིས་ནས་ས་རཱ་མཐོ་སློབ་ཀྱི་སྒྲིག་གཞི་དང་འབྲེལ་བ་ཡོད་ས་རེད། སྤྱིར་བཏང་སློབ་གྲྭའི་སྒྲིག་ལམ་དང་སློབ་མ་སློབ་སྐྱོུང་གི་ཐབས་ལམ་གཉིས་ཟུང་འབྲེལ་གྱིས་ཡོང་དགོས་ཀྱི་ཡོད་པ་དང་། ས་རཱ་མཐོ་སློབ་དེ་སྒྲིག་ཞིག་གི་འོག་འཛིན་སྐྱོང་བྱས་ཡོད་དུས། དགེ་རྒན་གཅིག་ལ་དམིགས་བསལ་སྤྲད་པ་ཡིན་ན། གཞན་ཚང་མར་དམིགས་བསལ་སྤྲོད་དགོས་ཀྱི་ཡོད་པས། དགེ་རྒན་རེ་རེའི་འདོད་པ་ནང་བཞིན་འགྲོ་ཐུབ་མེད་པ། གསུམ་ནས་དགེན་བློ་གྲོས་ཐོག་མར་ས་རཱ་མཐོ་སློབ་ནང་ཡོང་དུས་དམིགས་ཡུལ་དང་རེ་བ་ཆེན་པོ་ཞིག་བཟུང་ནས་ཡོང་ཡོད་ཀྱང་། ཕྱིས་སུ་ཁོ་རང་གི་རེ་བ་དང་དམིགས་ཡུལ་ནང་བཞིན་གྱི་མཐུན་རྐྱེན་སོགས་གང་ཅིའི་ཐད་ནས་སྤྲོད་ཐུབ་མེད་པར་བརྟེན་དགོངས་པ་ཞུས་ཡོད་སྐོར་བརྗོད་བྱུང་།

ད་ལོའི་ས་རཱ་མཐོ་སློབ་ཀྱི་རྩོམ་རིག་གཙུག་ལག་རབ་འབྱམས་པའི་སློབ་མ་ཀུན་ཁྱབ་ལགས་ཀྱིས། ཁོ་རང་ད་ལོའི་རྩོམ་རིག་གཙུག་ལག་རབ་འབྱམས་པའི་ནང་འཛུལ་ཞུགས་བྱེད་པའི་དགོས་དམིགས་གཙོ་བོ་ནི། ཁོ་རང་ཐོག་མར་ཤེས་རབ་དགའ་ཚལ་སློབ་གླིང་དུ་ལོ་གཉིས་རིང་བོད་ཡིག་སྦྱངས་པ་དང་། དེའི་རྗེས་ནོར་གླིང་མཐོ་སློབ་ནང་ཟུར་ཞུགས་ཀྱིས་ལོ་གསུམ་རིང་བོད་ཡིག་སྦྱངས་རྗེས། བཞུགས་སྒར་དྷ་རམ་ས་ལར་ཉིན་རེའི་དབྱིན་ཡིག་འཛིན་གྲྭར་ཕྱིན་པ་དང་། ད་ལོར་ས་རཱ་མཐོ་སློབ་ཀྱི་རྩོམ་རིག་ཆེད་ལས་ཞིབ་འཇུག་སློབ་མ་གསར་བསྡུ་བྱེད་པའི་གསལ་བསྒྲགས་མཐོང་སྐབས། དེའི་ནང་ཡིག་རྒྱུགས་ཀྱི་ལམ་ནས་འཛུལ་ཞུགས་བྱས་སྐོར། ཁོ་རང་ས་རཱ་མཐོ་སློབ་ཀྱི་རྩོམ་རིག་གཙུག་ལག་རབ་འབྱམས་པའི་ནང་འཛུལ་ཞུགས་བྱེད་དོན་ནི། ཁོས་རྩོམ་རིག་ཆེད་ལས་ཞིབ་འཇུག་འདོན་འདོད་ཡོད་ཀྱང་། བཙན་བྱོལ་ནང་བོད་ཡིག་གི་ཐོག་ནས་བོད་རང་གི་རྩོམ་རིག་གཙུག་ལག་རབ་འབྱམས་པ་འདོན་ས་དཀོན་པོ་ཡོད་པ་དང་། ལྷག་པར་དུ་རྩོམ་རིག་གཙུག་རབ་འབྱམས་པའི་དཔོན་སློབ་དཀོན་པོ་ཡིན་སྟབས། ཁོས་ས་ར་མཐོ་སློབ་ཀྱི་གོ་སྐབས་དེ་དམ་འཛིན་བྱས་པ་ཡིན་པ་དང་། ད་ལོར་རྩོམ་རིག་གཙུག་ལག་རབ་འབྱམས་པ་འདོན་མཁན་ཁོ་རང་གཅིག་པུ་མ་གཏོགས་མེད་པའི་རྒྱུ་མཚན་གཙོ་བོ་དེ། སྤྱིར་བཏང་བཙན་བྱོལ་ནང་རྩོམ་རིག་ལོ་རྒྱུས་ཀྱི་ཆེད་ལས་ཞིབ་འཇུག་འདོན་མཁན་མང་ཤོས་བོད་ནས་ཡོང་མཁན་ཡིན་པས། ད་ཆར་བོད་ནས་ཡོང་མཁན་ཉུང་ཁར་བཙན་བྱོལ་ནང་ཡོང་སྡོད་མཁན་མང་ཆེ་བ་ཕྱིར་བོད་ལ་ལོག་པ་དང་ཕྱི་རྒྱལ་དུ་འགྲོ་བཞིན་ཡོད་པས། ཡིག་རྒྱུགས་གཏོང་མཁན་མ་བྱུང་བ་དང་། དེ་མིན་ས་རཱ་མཐོ་སློབ་ཀྱི་ངོས་ནས་གོ་སྐབས་མ་སྤྲད་དེ་འདྲ་མིན་སྐོར་བརྗོད་བྱུང་།

ཡང་སློབ་མ་ཀུན་ཁྱབ་ལགས་ཀྱིས། ད་ལོར་རྩོམ་རིག་གཙུག་ལག་རབ་འབྱམས་པའི་སློབ་མ་ཁོ་རང་གཅུག་པུ་ཡིན་སྟབས། སློབ་མ་ཕན་ཚུན་བར་ཆེད་ལས་ཞིབ་འཇུག་སྐོར་གོ་བསྡུར་དང་བསམ་ཚུལ་བརྗེ་རེས་བྱེད་ས་མེད་ཀྱང་། ཁོ་རང་གཅིག་པུར་སློབ་དཔོན་གཅིག་གིས་སློབ་འཁྲིད་བྱེད་ཀྱི་ཡོད་སྟབས། དེ་ཧ་ཅང་སྟབས་བདེ་སྟབས་ཡིན་སྐོར་དང་། སློབ་ཡོན་སྤྲོད་ཕྱོགས་ལ་ད་སྔ་ད་དུང་གསལ་ཁ་བྱུང་མེད་པ་དང་། གལ་ཏེ་ཆེད་ལས་ཞིབ་འཇུག་གི་སློབ་ཡོན་དེ་ཁོ་རང་སྒར་གྱིས་སྤྲོད་དགོས་བྱུང་ཚེ། ཁོ་རང་ལ་དཀའ་ངལ་འཕྲད་ཀྱི་ཡིན་པ་མ་ཟད། ད་ལོའི་རྩོམ་རིག་གཙུག་ལག་རབ་འབྱམས་པ་དེ་བོད་རང་གི་རྩོམ་རིག་ལོ་རྒྱུས་ཐོག་འགྲོ་བཞིན་ཡོད་སྟབས། རྩོམ་རིག་ཆེད་ལས་ཞིབ་འཇུག་གི་རྒྱུ་ཆ་ཁ་ཚང་ཞིག་མི་རག་པའི་དཀའ་ངལ་ཡོད་སྐོར་བརྗོད་བྱུང་།

གསར་འགོད་པའི་རྒྱུས་ལོན་ལྟར་ན། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནི་ ༡༩༩༨ ལོའི་ཟླ་ ༨ ཚེས་ ༡༣ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གསར་འཛུགས་དབུ་འབྱེད་གནང་སྟེ། ད་ལྟའི་བར་ལོ་རྒྱུས་གཙུག་ལག་རབ་འབྱམས་པའི་སློབ་མ་ ༧ དང་། རྩོམ་རིག་གཙུག་ལག་རབ་འབྱམས་པའི་སློབ་མ་ ༦། མཐོ་རིམ་རིག་གནས་རབ་འབྱམས་པའི་སློབ་མ་ ༣༣༩ དང་། ལས་བྱེད་འོས་སྦྱོང་ ༣༥༧། འབྲིང་རིམ་དགེ་འོས་ ༡༤༣ དང་། དམའ་རིམ་དགེ་འོས་ ༣༥། ཧི་མ་ལ་ཡའི་དགེ་རྒན་འོས་སྦྱོང་ ༨༡ བཅས་ཁྱོན་མཐར་ཕྱིན་སློབ་མ་ ༩༦༨ བྱུང་ཡོད་པ་དང་། ད་ཆར་ས་ར་མཐོ་སློབ་ནང་སྡེ་ཚན་མི་འདྲ་བ་ ༨ དང་ཁྱོན་སློབ་གཉེར་བ་ ༣༤༦ ཡོད་པའི་གྲས་ནས། སྐབས་གཉིས་པའི་ལོ་རྒྱུས་གཙུག་ལག་འབྱམས་པའི་སློབ་མ་ ༨ དང་། མཐོ་རིམ་རིག་གནས་ལོ་རིམ་དང་པོ་ནས་བཞི་པ་བར་སློབ་མ་ ༡༢༠། ཟུར་སྦྱོང་འཛིན་གྲྭའི་ནང་སློབ་མ་ ༣༩། ནང་དོན་རིག་པའི་ནང་སློབ་མ་ ༥༧། ནང་པའི་ཚན་རིག་དང་ལྟ་གྲུབ་འཛིན་གྲྭའི་ནང་སློབ་མ་ ༡༣། ས་སྐྱ་དགེ་འོས་འཛིན་གྲྭར་སློབ་མ་ ༡༣། ཕྱི་རྒྱལ་སྐད་ཡིག་འཛིན་གྲྭ་དང་པོ་གཉིས་པའི་ནང་སློབ་མ་ ༣༨ ཡོད་པ་དང་། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་སྔོན་འགྲོའི་འོས་སྦྱོང་སློབ་མ་ ༣༠ བཅས་ཡོད་པ་དང་། དགེ་ལས་གཙོ་གཞོན་ཁྱོན་བསྡོམས་ ༤༦ བཅས་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༨/༢༤

Leave a Reply

2 thoughts on “ཆེད་ལས་ཞིབ་འཇུག་དང་འཚམ་པའི་ལས་ཀ་རག་རྒྱུ་ཧ་ཅང་དཀོན་པོ་རེད་འདུག

  1. སྐབས་དང་པོའི་རྩོམ་རིག་དང་ལོ་རྒྱུས་གཙུག་ལག་རབ་འབྱམས་པའི་སློབ་དཔོན་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས་དགོངས་པ་ཞུས་པའི་རྒྱུ་མཚན་སྐོར་ལ་ཁོང་གིས། མཐོང་ཐོས་ལྟར་ན་དགེན་བློ་གྲོས་ཀྱིས་དགོངས་པ་ཞུས་དོན་ནི། གཅིག་ནས་ཟ་མ་དང་སྡོད་གནས། སྐད་ཡིག་གཉིས་པ་དབྱིན་ཡིག་སྦྱོང་རྒྱུ་སོགས་མང་པོ་ཞིག་ལ་འབྲེལ་བ་ཡོད་ས་རེད། རྒྱུ་མཚན་ནི། དགེན་བློ་གྲོས་ལགས་ཐོག་མར་ས་རཱ་མཐོ་སློབ་ནང་ཡོང་སྐབས། ཁོང་ལ་སྐད་ཡིག་གཉིས་པ་དབྱིན་ཡིག་སྦྱོང་བའི་གོ་སྐབས་སྤྲོད་པའི་རེ་བ་བཏོན་ཡོད་པ་དང་། ས་རཱ་མཐོ་སློབ་ཀྱི་ངོས་ནས་དགེན་གྱི་རེ་འདུན་དེ་ཏག་ཏག་ཅིག་སྒྲུབ་ཐུབ་མེད་པ་རེད། གཉིས་ནས་ས་རཱ་མཐོ་སློབ་ཀྱི་སྒྲིག་གཞི་དང་འབྲེལ་བ་ཡོད་ས་རེད། སྤྱིར་བཏང་སློབ་གྲྭའི་སྒྲིག་ལམ་དང་སློབ་མ་སློབ་སྐྱོུང་གི་ཐབས་ལམ་གཉིས་ཟུང་འབྲེལ་གྱིས་ཡོང་དགོས་ཀྱི་ཡོད་པ་དང་། ས་རཱ་མཐོ་སློབ་དེ་སྒྲིག་ཞིག་གི་འོག་འཛིན་སྐྱོང་བྱས་ཡོད་དུས། དགེ་རྒན་གཅིག་ལ་དམིགས་བསལ་སྤྲད་པ་ཡིན་ན། གཞན་ཚང་མར་དམིགས་བསལ་སྤྲོད་དགོས་ཀྱི་ཡོད་པས། དགེ་རྒན་རེ་རེའི་འདོད་པ་ནང་བཞིན་འགྲོ་ཐུབ་མེད་པ། གསུམ་ནས་དགེན་བློ་གྲོས་ཐོག་མར་ས་རཱ་མཐོ་སློབ་ནང་ཡོང་དུས་དམིགས་ཡུལ་དང་རེ་བ་ཆེན་པོ་ཞིག་བཟུང་ནས་ཡོང་ཡོད་ཀྱང་། ཕྱིས་སུ་ཁོ་རང་གི་རེ་བ་དང་དམིགས་ཡུལ་ནང་བཞིན་གྱི་མཐུན་རྐྱེན་སོགས་གང་ཅིའི་ཐད་ནས་སྤྲོད་ཐུབ་མེད་པར་བརྟེན་དགོངས་པ་ཞུས་ཡོད་སྐོར་བརྗོད་བྱུང་།