ང་ཚོར་རྣམ་དཔྱོད་མ་འདྲ་བ་ཡོད་པ་ལྟར་འགན་ཡང་ཆེ་བ་ཡོད།

ས་རཱ་བོད་ཀྱི་གཞོན་ནུའི་བགྲོ་གླེང་ཐེངས་བཅུ་གཅིག་པའི་ཐོག་ཤེས་རིག་དྲུང་ཆེ་ལགས་ཀྱིས་ཚོགས་འདུ་སོགས་གོ་སྒྲིག་གནང་བཞིན་ཡོད་པ་དེའི་ཐོག་ནས་གཞོན་སྐྱེས་ཚོས་རང་གི་ཆོས་དང་རིག་གཞུང་ལ་དོ་སྣང་དང་དཀའ་ལས་རྒྱག་གི་ཡོད་པ་མཚོན་གྱི་ཡོད་སྐོར་བརྗོད་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་༩ སྟེང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་གཞོན་ནུའི་གོ་སྒྲིག་འོག ༧ས་སྐྱ་པས་བོད་ལ་དབང་བསྒྱུར་བའི་རིང་ལ་བོད་ཀྱི་ཆོས་དང་རིག་གནས་དར་སྤེལ་སྐོར་གླེང་བ་ཞེས་པའི་ས་རཱ་བོད་རིག་པའི་བགྲོ་གླེང་ཐེངས་བཅུ་གཅིག་པ་དབུ་འཛུགས་གནང་སོང་བ་དང་། སྐུ་མགྲོན་གཙོ་བོར་དཔལ་ས་སྐྱའི་གདུང་སྲས་ཨ་བི་ཀྲི་ཏ་ངག་དབང་ཀུན་དགའ་ཐེག་མཆོག་འགྱུར་མེད་རྡོ་རྗེ་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་ཀརྨ་སེང་གེ་ལགས་དང་། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཟུང་དྲུང་ངག་དབང་ལགས། རིགས་ལམ་མ་ལག་གཉིས་ཀྱི་འགན་འཛིན་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས་བཅས་ཀྱི་གཙོའི་གདན་ཞུའི་གཏམ་བཤད་པ་རྣམ་པ་དང་། བཙན་བྱོལ་ནང་གི་མཐོ་སློབ་དང་དགོན་སྡེ་ཁག་བཅོ་ལྔ་ལྷག་ནས་ཡོང་བའི་ཚོགས་བཅར་བ་དང་། ཟུར་ཉན་ཚོགས་བཅར་བ་བཅས་ཁྱོན་མི་གྲངས་ ༤༠༠ ལྷག་ཅིག་འཛོམས་འདུག

མཛད་སྒོའི་ཐོག་མར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་དབང་མོ་ལགས་ཀྱིས་བགྲོ་གླེང་གི་དམིགས་ཡུལ་དང་ས་རཱ་བོད་ཀྱི་གཞོན་ནུའི་ལོ་རེའི་ལས་འགུལ་ཁག་ངོ་སྤྲོད་གནང་བ་དང་སྦྲགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ད་ལོའི་བོད་རིག་པའི་བགྲོ་གླེང་གི་བརྗོད་གཞིར་ས་སྐྱ་པའི་སྲིད་དབང་སྐབས་ཀྱི་བོད་ཀྱི་ཆོས་དང་རིག་གནས་དར་སྤེལ་གླེང་དགོས་པའི་རྒྱུ་མཚན་དེ། ད་ལོའི་ཕྱི་ཟླ་༣པའི་ཚེས་༩་ལ་དཔལ་ས་སྐྱའི་ཁྲི་འདོན་མཛད་སྒོ་གནང་ཡོད་པ་དང་། ས་སྐྱའི་ཁྲི་འདོན་དང་འབྲེལ་ནས་ང་ཚོ་ས་རཱ་མཐོ་སློབ་ངོས་ནས་དང་། དེ་བཞིན་བོད་ཕྱི་ནང་གཉིས་ཀྱི་ཚབ་བྱས་ཏེ། དཔལ་ས་སྐྱ་༧གོང་མ་བདག་ཁྲི་རིན་པོ་ཆེས་དུས་དང་གནས་བབ་ག་འདྲ་ཞིག་ལ་༧རྒྱལ་བ་རིན་པོ་ཆེའི་མཛད་པ་འཕྲིན་ལས་ཀྱི་གཙོའི་ཆོས་ལུགས་མཐུན་སྒྲིལ་དང་། མཛད་རིམ་མང་པོ་ཞིག་ལ་འཕྱར་གྲུ་མཉམ་འདེགས་གནང་བར་ཐུགས་རྗེ་ལེགས་འབུལ་གྱི་ཆེད་དུ་བགྲོ་གླེང་གོ་སྒྲིག་བྱས་པ་ཡིན་སྐོར་བརྗོད་སོང་།

དེའི་རྗེས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ལགས་ཀྱིས་ས་རཱ་མཐོ་རིམ་སློབ་གཉེར་ཁང་ངོ་སྤྲོད་མདོས་བསྡུས་ཤིག་གནང་བར། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དེ་༡༩༩༡ ལོར་ཞིང་གཤེགས་རིགས་དགེ་དམ་པ་བློ་བཟང་རྒྱ་མཚོ་མཆོག་ནས་བོད་ཀྱི་སྐད་དང་རིག་གནས་ཉག་ཕྲ་བའི་སྐབས་དེར་སྐུ་སྒེར་ཡིག་ཚང་གིས་མཐུན་འགྱུར་རྒྱབ་སྐྱོར་འོག་དབུ་འཛུགས་གནང་ཡོད་པ་དང་། ས་རཱ་མཐོ་རིམ་སློབ་གཉེར་ཁང་ནས་ད་སྔ་བར་དུ་བོད་ཀྱི་སྐད་ཡིག་རིག་གནས་དང་འབྲེལ་བའི་ལས་གཞི་མང་པོ་ཞིག་བརྩམས་གནང་ཡོད་པ་ལྟར། ད་ལྟའི་ཆར་ས་རཱ་མཐོ་སློབ་ཏུ་མཐོ་རིམ་རིག་གནས་རབ་འབྱམས་པ་དང་། གཞི་རིམ་དང་དམའ་རིམ་གྱི་དགེ་རྒན་འོས་སྦྱོང་། སྲི་ཞུ་ལས་བྱེད་འོས་སྦྱོང་། ནང་དོན་རིག་པའི་འཛིན་གྲྭ། སྐད་ཡིག་འཛིན་གྲྭ་སོགས་ཁྱོན་བསྡོམས་སློབ་གཉེར་བ་གྲངས་ ༣༢༠ ཡོད་པ་དང་། ད་ལྟ་བར་ས་རཱ་མཐོ་རིམ་སློབ་གཉེར་ཁང་དུ་མཐོ་རིམ་རིག་གནས་རབ་འབྱམས་པ་སློབ་མཐར་ཕྱིན་པའི་སློབ་གཉེར་བ་གྲངས་ ༣༣༩ བྱུང་ཡོད་པ་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་ཚོར་ཆེད་དམིགས་ཀྱིས་ལོ་ལྟར་དགེ་རྒན་འོས་སྦྱོང་ཞིག་གནང་གི་ཡོད་པ་ལྟར་ད་ལྟ་བར་ཁྱོན་སློབ་མ་༨༡ སློབ་མཐར་ཕྱིན། ཤེས་རིག་དང་མཉམ་འབྲེལ་གྱིས་འབྲིང་རིམ་དང་དམའ་རིམ་དགེ་རྒན་འོས་སྦྱོང་ཕུལ་བ་ལས། དམའ་རིམ་ནང་དུ་སློབ་གཉེར་བ་༣༠༠དང་འབྲིང་རིམ་དགེ་རྒན་འོས་སྦྱོང་ལ་༡༨༠ ལྷག་ཙམ་ཞིག་སློབ་མཐར་ཕྱིན་ཡོད་འདུག ལོ་རྒྱུས་གཙུག་ལག་རབ་འབྱམས་ལ་སློབ་གཉེར་བ་གྲངས་ ༧ དང་། རྩོམ་རིག་གཙུག་ལག་རབ་འབྱམས་ནང་དུ་སློབ་གཉེར་བ་༦་བཅས་བསླབ་པ་མཐར་སོན་པ་བཅས། ཁྱོན་ད་ལྟའི་བར་དུ་ས་རཱ་མཐོ་སློབ་ནས་སྦྱང་གཞི་འདྲ་མིན་ཐོག་བསླབ་པ་མཐར་སོན་པའི་སློབ་གཉེར་བ་གྲངས་ ༡༢༠༠ ལྷག་ཅིག་བྱུང་ཡོད་པ་དང་། དེ་མིན་པའི་ས་རཱ་མཐོ་སློབ་ཁང་དུ་ཕྱི་རྒྱལ་གྱི་གཙུག་ལག་སློབ་གཉེར་ཁང་ཁག་ཅིག་དང་མཉམ་འབྲེལ་གྱིས་རིག་གནས་བརྗེ་ལེན་གྱི་ལས་རིམ་འགྲོ་བཞིན་ཡོད་སྐོར་བརྗོད་སོང་།

དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་མཆོག་གིས། ས་རཱ་མཐོ་རིམ་སློབ་གཉེར་ཁང་གིས་ལོ་ལྟར་བོད་རིག་པའི་བགྲོ་གླེང་འདི་ལྟ་བུ་ཞིག་ཚོགས་བཞིན་པར་དགའ་ཚོར་ཆེན་པོ་བྱུང་། སྤྱིར་ང་ཚོ་བོད་པའི་སྤྱི་ཚོགས་ལ་མཚོན་ན། ཚོགས་པ་ཁག་གིས་སྣེ་ཁྲིད་ནས་ཚོགས་འདུ་དེ་འདྲ་ཚོགས་པ་ལས། གཞན་སྒེར་དང་སློབ་གྲྭ་ཁག་གིས་དང་དུ་བླངས་ནས་བགྲོ་གླེང་དང་ཚོགས་འདུ་ཚོགས་རྒྱུ་སོགས་དཀོན་ཙམ་ཡིན་པས། ས་རཱ་མཐོ་སློབ་ཀྱི་བགྲོ་གླེང་ཚོགས་འདུ་འདི་ལྟ་བུ་ཞིག་ལ་མཚོན་ན་སློབ་གཉེར་བ་རང་ངོས་ནས་ལོ་ལྟར་འགྲོ་སོང་སོགས་ཆ་ཚང་བཏང་ནས་ཚོགས་བཞིན་པ་དང་སྐུ་ལས་ཆེན་པོ་སྐྱོན་བཞིན་པར་དགའ་སྤོབས་སྐྱེས་པ་ཞིག་དང་། དེ་ཡིས་ང་རང་ཚོའི་གཞོན་སྐྱེས་སློབ་གཉེར་བ་ཚོས་རང་གི་ཆོས་དང་རིག་གཞུང་ལ་དོ་སྣང་དང་དཀའ་ལས་རྒྱག་གི་ཡོད་པ་མཚོན་གྱི་ཡོད་སྐོར་དང་། ང་ཚོས་དོ་སྣང་གནང་དགོས་པ་ཞིག་ལ། རྒྱ་ནག་གིས་ད་ལྟའི་ཆར་བོད་ཀྱི་ལོ་རྒྱུས་དང་རིག་གནས་ལ་འཁྱོག་བཤད་མང་པོ་བྱས་ཏེ། བོད་དེ་གནའ་སྔ་མོ་ནས་རྒྱ་ཁོངས་ཡིན་པར་བསྒྲུབས་ནས་འཛམ་གླིང་ཡོངས་ལ་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པ་རེད། གཞོན་སྐྱེས་ཚོའི་རང་གི་རྒྱལ་རབས་ལོ་རྒྱུས་ལ་སྦྱང་ནས་དཔྱད་ཞིབ་བྱས་ཏེ་དངོས་ཡོད་གནས་ཚུལ་ག་རེ་ཡིན་མིན་ངེས་དགོས་པ་དེ་གལ་ཆེན་ཡིན་སྐོར་བརྗོད་སོང་།

ང་ཚོར་རྣམ་དཔྱོད་དང་ཤེས་ཡོན་ཕུལ་དུ་བྱུང་བ་ཞིག་ཡོད་པ་ལྟར་འགན་ཡང་ཆེན་པོ་ཡོད་པའི་སྐོར་ལ་སྐུ་མགྲོན་གཙོ་བོ་དཔལ་ས་སྐྱའི་གདུང་སྲས་མཆོག་གིས། ས་རཱ་མཐོ་རིམ་སློབ་གཉེར་ཁང་གི་བོད་རིག་པའི་བགྲོ་གླེང་འདི་ལྟ་བུ་ཞིག་གོ་སྒྲིག་གནང་བར་ཐུགས་རྗེ་ལེགས་གསོལ་དང་འབྲེལ། ང་ཚོ་མི་ཞིག་ལ་མཚོན་ན་འཇིག་རྟེན་འདིར་སླེབས་པ་ནས་མི་རེ་རེའི་ཕྲག་ཏུ་རང་གི་མི་ཚེ་དང་འབྲེལ་བའི་འགན་འཁྲི་རེ་དང་། དེ་དང་ཕྱོགས་མཚུངས་མི་རིགས་ཤིག་གི་འགན་འཁྲི་ཡང་སོ་སོའི་ཕྲག་ཐོག་ཏུ་ཡོད་པ་ཡིན་དུས། འགན་འཁྲི་དེ་ཚེ་འདིའི་ལྟོ་གོས་སྒྲུབ་བྱེད་ཙམ་མ་ཡིན་པར་དེ་ལྟ་བུ་དུད་འགྲོས་ཀྱང་འཁྱོང་གི་ཡོད་དུས། ང་ཚོ་མི་ལ་རྣམ་དཔྱོད་དང་ཤེས་ཡོན་ཕུལ་དུ་བྱུང་བ་ཞིག་ཡོད་པས་འགན་འཁྲི་དེ་ཡང་སེམས་ཅན་གཞན་དང་མི་འདྲ་བ་ཞིག་ཡོད་པ་རེད། ལྷག་པར་དུ་ང་རང་ཚོ་མིའི་ལུས་རྟེན་ཞིག་ཐོབ་པ་ནས་བཟུང་། དམིགས་བསལ་གྱིས་མི་རིགས་དང་འབྲེལ་བའི་འགན་འཁྲི་ཆེན་པོ་ཞིག་ཡོད་པ་རེད། དེ་བཞིན་བོད་མི་ཞིག་ཡིན་པ་ནས་བཟུང་སྟེ་ཐུན་མོང་གིས་རང་སྣང་གཅིག་གྱུར་གྱིས་འཁུར་དགོས་པའི་ལས་འགན་དེ་ག་རེ་ཆགས་བསྡད་ཡོད་པ་ཟེར་ན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོས་དུས་ནས་དུས་སུ་ང་རང་ཚོའི་ཁྱད་ནོར་རིག་གཞུང་དེ་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་དགོས་པ་རེད་ཅེས་གསུངས་པ་ལྟར། འདི་འདྲ་བའི་ལས་འགན་དེ་སྒྲུབ་མ་ཐུབ་པ་ཡིན་ན། ང་ཚོ་མི་རིགས་གཞན་དང་ཁྱད་པར་གང་ཡང་སྟོན་མི་ཐུབ་པ་ཞིག་ཆགས་བསྡད་ཡོད་པ་སོགས་གསུངས་སོང་།

ཡང་ཁོང་གིས། ངའི་རེ་བར་མ་འོངས་པར་བོད་ཀྱི་གཞོན་སྐྱེས་ཚོས་སོ་སོ་སྒེར་གྱི་གནས་སྐབས་ཀྱི་དགོས་མཁོ་ཙམ་ལ་མ་ལྟོས་པར། རང་དང་གཞན་གྱི་ཚེ་འདི་ཕྱི་གཉིས་ཀྱི་ཁེ་ཕན་མང་པོར་གཟིགས་ནས་བོད་སྐད་བཤད་ཐུབ་པ་དང་བཤད་ཐུབ་པ་མ་ཟད། སྤོབས་པ་ཆེན་པོའི་ངང་ནས་བེད་སྤྱོད་གཏོང་ཐུབ་པ། བེད་སྤྱོད་གཏོང་སྐབས་མི་རིགས་གཞན་གྱི་སྐད་དང་བསྲེས་ཏེ་ར་མ་ལུག་གང་ཡང་མ་ཡིན་པ་ཞིག་དང་། སྤྱིར་མི་ཐོག་རྒན་པ་རྣམ་དང་ལྷག་པར་དུ་ང་རང་ཚོ་བོད་གངས་ཅན་གྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་། རྟེན་གྱི་སྐྱབས། མདུན་གྱི་དཔུང་། ཚེ་འདིའི་དཔོན། ཕྱི་མའི་འདྲེན་པ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོའི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས། དུས་ཉེན་འཕྲང་ཅན་འདི་ལྟ་བུའི་སྐབས་སུ་བོད་ཀྱི་སྐད་དང་རིག་གཞུང་སྲ་ཐག་ཐག་གནས་ཐུབ་ཡོད་རེད་ལ། དུས་ཀྱི་འགྱུར་འགྲོས་ཆེ་བའི་སྐབས་འདི་དག་དང་མ་འོངས་པར་ང་ཚོ་བོད་ཀྱི་གཞོན་སྐྱེས་ཚོས་གནད་དོན་ག་འདྲ་ཞིག་ལ་ཐུག་ཀྱང་། མི་རབས་གོང་མ་རྣམ་ལ་ཐུགས་ཕམ་མེད་པ་ཞིག་དང་ཐུག་བློ་བདེ་བོ་ཞིག་བཟོ་དགོས་པ་ང་རང་ཚོ་ཚང་མའི་ལས་འགན་ཞིག་ཆགས་བསྡད་ཡོད་པ་རེད། ང་རང་ཚོ་ཚང་མས་ཆོས་བརྒྱུད་དང་ཆོལ་ཁའི་ཕྱོགས་རེེས་གང་ཡང་མི་འཛིན་པར། བོད་རིགས་སྤུན་ཟླ་གཅིག་དང་བསྟན་པ་གཅིག་གི་ཆོས་བརྒྱུད་འཛིན་མཁན་ཞིག་ཡིན་པའི་རྒྱུ་མཚན་གྱིས་ཕན་ཚུན་གཅིག་ཕན་གཅིག་གྲོགས་དང་རྡོག་རྩ་གཅིག་སྒྲིལ་བྱ་དགོས་སྐོར་སོགས་གསུངས་སོང་།

ཐེངས་འདིའི་ཉིན་གྲངས་གསུམ་རིང་གི་བགྲོ་གླེང་ཐོག་གདན་ཞུའི་གཏམ་བཤད་པ་རྣམ་པ་དང་། ཚོགས་བཅར་བ་ཚོས་ས་སྐྱ་པའི་སྲིད་དབང་སྐབས་ཀྱི་བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་དང་། དཔལ་འབྱོར་གྱི་གནས་བབ། སྒྱུ་རྩལ་གྱི་གནས་བབ། རིག་གནས་ཀྱི་གནས་བབ་སོགས་སྡེ་ཚན་ཆེན་པོ་བཞིའི་སྒང་ལ་བགྲོ་གླེང་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ་སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༨/༢༡

Leave a Reply

4 thoughts on “ང་ཚོར་རྣམ་དཔྱོད་མ་འདྲ་བ་ཡོད་པ་ལྟར་འགན་ཡང་ཆེ་བ་ཡོད།

  1. བསྟན་འཛིན་འཇིགས་མེད།

    གོང་དུ་ནོར་བུ་ཟེར་བའི་མཆན་ནང་། “ཤེས་རིག་དྲུང་ཆེ་ཀརྨ་སེང་གེ་ལགས་ས་རཱ་མཐོ་སློབ་ལ་གཞོན་ལྷན་གྱིས་གོ་སྒྲིག་བྱས་པའི་མཛད་སྒོ་ཞིག་ཕེབས་ཡོད།” ཟེར་བ་དེ་ནི་གནས་ཚུལ་དངོས་མ་ཤེས་པ་རང་རེད། བགྲོ་གླེང་དེ་ནི་ས་རཱ་མཐོ་སློབ་ཀྱི་སློབ་མས་གོ་སྒྲིག་བྱས་པ་ཞིག་རེད། ས་རཱ་མཐ་ོསློབ་ཀྱི་སློབ་མས་གོ་སྒྲིག་བྱས་པའི་བོད་རིག་པའི་ཚོགས་འདུར་ཤེས་རིག་བཀའ་བློན་ཕེབས་མ་ཐུབ་ནའང་དྲུང་ཆེ་ངེས་པར་དུ་ཕེབས་དགོས་ངེས། རབ་བྱུང་ན་བོད་རིག་པའི་ཚོགས་འདུ་དེ་རིགས་ཤེས་རིག་ལས་ཁུངས་ཀྱི་མཐུན་འགྱུར་འོག་གོ་སྒྲིག་ཐུབ་པ་བྱུང་ན་དེ་བས་དགེ་མཚན་ཆེ།

    དེ་བས་བོད་མི་མང་སྤྱི་འཐུས་ལས་ཐོག་པ་འགའ་ཤས་རྒྱལ་སྤྱིའི་བོད་རང་བཙན་ཚོགས་འདུ་ཟེར་བ་དེ་འདྲར་སོང་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་གཏན་ནས་མེད་པའི་འུར་གཏམ་མང་མང་བཤད་འདུག འོ་ན་དེ་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་ལྟ་བ་ལང་ཕྱོགས་དང་འགལ་བ་མ་རེད་དམ། བོད་མིའི་སྒྲིག་འཛུགས་ཟེར་ན་ལས་བྱེད་པའི་སྡེ་ཚན་གཅིག་པུ་ལ་གོ་བ་རེད་དམ་ཡང་ན་སྤྱི་འཐུས་ལྷན་ཚོགས་གཙོ་བོར་བྱས་པའི་མང་གཙོའི་ཀ་བ་གསུམ་ཀ་ཐུན་མོང་ལ་གོ་བ་རེད། གནད་དོན་རྒྱ་ཆེ་སར་བལྟས་ནས་བསམ་ཚུལ་འདོན་ན་བགྲོ་གླེང་བྱེད་རིན་ཡོད།

    1. གོང་དུ་བོད་ཀྱི་དུས་བབ་གསང་ཁང་ནས་སྤེལ་བའི་གསར་འགྱུར་རྩོམ་ཡིག་ནང་ (དེ་རིང་སྔ་དྲོའི་ཆུ་ཚོད་༩ སྟེང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་གཞོན་ནུའི་གོ་སྒྲིག་འོག ༧ས་སྐྱ་པས་བོད་ལ་དབང་བསྒྱུར་བའི་རིང་ལ་བོད་ཀྱི་ཆོས་དང་རིག་གནས་དར་སྤེལ་སྐོར་གླེང་བ་ཞེས་པའི་ས་རཱ་བོད་རིག་པའི་བགྲོ་གླེང་ཐེངས་བཅུ་གཅིག་པ་དབུ་འཛུགས་གནང་སོང་) ཞེས་བྲིས་འདུག་ལ། ད་དུང་བགྲོ་གླེང་གོ་སྒྲིག་པ་ས་ར་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོས་ངོ་སྤྲོད་གནང་བའི་སྐོར་དེ་ལྟར་བྲིས་འདུག (མཛད་སྒོའི་ཐོག་མར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་དབང་མོ་ལགས་ཀྱིས་བགྲོ་གླེང་གི་དམིགས་ཡུལ་དང་ས་རཱ་བོད་ཀྱི་གཞོན་ནུའི་ལོ་རེའི་ལས་འགུལ་ཁག་ངོ་སྤྲོད་གནང་) ད་དུང་སྐུ་མགྲོན་དབུས་གཞོན་ལྷན་ཟུང་དྲུང་ངག་དབང་ལགས་ཀྱང་གདན་ཞུས་ཀྱིས་ཕེབས་འདུག འོན་ཀྱང་བསྟན་འཛིན་འཇིགས་མེད་ཟེར་པས་བགྲོ་གླེང་དེ་ནི་ས་རཱ་གཞོན་ནུས་བྱས་པ་མིན་པར་མཐོ་སློབ་རང་ནས་གོ་སྒྲིག་བྱས་པ་རེད་ཅེས་པ་དྲང་བདེན་མ་ཡིན་ཐོག དེང་སྐབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བོད་ཡིག་གསར་འགྱུར་བརྒྱུད་གྲགས་ཆེ་ཤོས་དང་ཁྱབ་ཆེ་ཤོས་བོད་ཀྱི་དུས་བབ་ཚང་ལ་མཚན་ཤས་བཟོ་ཐབས་བྱས་འདུག

      དེ་ནས་ཟུར་ཙམ་གསལ་བཤད་བྱེད་དགོས་པ་ནི། དྲུང་ཆེ་ནི་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་པ་ཞིག་ཡིན་པ་དང་། བོད་མི་མང་སྤྱི་འཐུས་དང་མི་འདྲ་བའི་ཆ་མང་པོ་ཡོད། མང་པོ་བཤད་མི་དགོས་པར། ལས་བྱེད་དང་བོད་མི་མང་སྤྱི་འཐུས་ཀྱི་སྒྲིག་གཞི་ཁག་ལ་གཟིགས་ཐུབ་ན་གསལ་པོ་མཁྱེན་གྱི་རེད། བསྟན་འཛིན་འཇིགས་མེད་ལྟ་བུས་ཉག་ཉག་མང་པོ་མ་འབྲི་སྔོན་ལ་བསམ་ཞིབ་གནང་གལ་མཐོང་། ཐུགས་རྗེ་ཆེ།

      1. བསྟན་འཛིན་འཇིགས་མེད།

        ༡) བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་ས་རཱ་མཐོ་སློབ་ས་གནས་གཞོན་ནུ་ཟེར་བ་ཞིག་མེད་པ་དེ་ནོར་བུ་ཁྱེད་རང་གིས་ཤེས་མི་འདུག

        ༢) ས་རཱ་མཐོ་སློབ་གཞོན་ནུ་རུ་ཁག་ནི་སློབ་མ་རང་ངོས་ཀྱིས་ཆེད་འཛུགས་བྱས་པའི་རིག་གཞུང་གི་སྒྲིག་འཛུགས་ཤིག་རེད། དེའི་ལས་འགུལ་ཁག་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཐེ་བྱུས་གང་ཡང་མེད། དེ་རྒྱ་གར་མཐོ་སློབ་ཁག་གི་ས་གནས་གཞོན་ནུ་དང་གཏན་ནས་མི་འདྲ་བ་རེད། ས་རཱ་མཐོ་སློབ་གཞོན་ནུ་རུ་ཁག་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་ལས་བསྡོམས་ཕུལ་དགོས་པ་དང་རྩིས་ཁྲ་ཞིབ་འཇུག་བྱེད་པ་དེ་འདྲ་གང་ཡང་ཡོད་མ་རེད། ཧ་གོ་སོང་ངམ། ད་དུང་གསལ་པོ་ཆགས་མ་སོང་ན་འབྲེལ་ཡོད་ཚོ་ལ་སྐད་ཆ་འདྲི་བར་སོང་།

        ༣) སྤྱི་འཐུས་དེ་ཚོ་བོད་མིའི་སྒྲིག་འཛུགས་ནང་ཚུད་ཀྱི་རེད་དམ་མ་རེད། ཚུད་ཀྱི་ཡོད་ན་བོད་མིའི་སྒྲིག་འཛུགས་ཀྱི་ལྟ་བ་ལངས་ཕྱོགས་ལ་མཐུན་དགོས་རེད་དམ་མ་རེད།

  2. བཀའ་ཤག་གསར་རྙིང་བསྡུར་བ།
    ངས་ད་ལྟ་དང་སྔོན་གྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ལ་ནས་བཀའ་ཤག་གསར་རྙིང་གི་ཕྱག་ལས་གནང་ཕྱོགས་མི་འདྲ་བ་ཁ་ཤས་མཐོང་པ་ལས་དཔེ་མཚོན་རེ་ཟུང་བརྗོད་འདོད་བྱུང་།
    ༡། མཁས་དབང་ཟམ་གདོང་རིན་པོ་ཆེའི་བཀའ་ཤག་སྐབས་སུ། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་ལྟ་གྲུབ་དང་ལངས་ཕྱོགས། ལས་དོན་བྱེད་ཕྱོགས་ཀྱི་ས་མཚམས་ངེས་ཅན་ཡོད་པ་ལྟར་། གཞུང་ངམ་བོད་མིའི་སྒྲིག་འཛུགས་ནས་གནང་དགོས་པ་བོད་མིའི་སྒྲིག་འཛུགས་ནས་གནང་བ་དང་། གཞུང་འབྲེལ་མ་ཡིན་པས་གནང་དགོས་པ་གཞུང་འབྲེལ་མ་ཡིན་པས་གནང་དུ་བཅུག་པ་ལས་ཕན་ཚུན་མཉམ་བསྲེས་མེད་པར་འབྲེལ་མཚམས་ཁ་གསལ་བཟོས་ཡོད་པར་བརྟེན། རྒྱ་ཕྱོགས་ནས་གཞོན་ལྷན་ནས་རང་བཙན་རྩོད་པའི་ལས་འགུལ་བོད་མིའི་སྒྲིག་འཛུགས་ནས་སྤེལ་བ་རེད་ཅེས་དབུ་མའི་ལམ་གྱི་སྲིད་བྱུས་ལ་སྐྱོན་བརྗོད་ཇི་ཙམ་བྱས་ཀྱང་འདོད་ཐོག་ལ་འགྲོ་ཐུབ་མེད།
    ༢། འབུམ་རམས་པ་བློ་བཟང་སེང་གེ་ལགས་ཀྱི་བཀའ་ཤག་སྐབས་སུ་བོད་རྒྱ་འབྲེལ་མོལ་མི་མངོན་པའི་ཚུལ་དུ་གནང་བཞིན་པ་ལན་མང་གསུངས་ཀྱང་ཟམ་གདོང་རིན་པོ་ཆེའི་བཀའ་ཤག་སྐབས་སུ་སྐུ་ཚབ་བཏང་ནས་འབྲེལ་མོལ་ཐེངས་ ༨ དང་ཛ་དྲག་འབྲེལ་མོལ་ ༡ གནང་བ་ལྟ་བུ་བྱུང་མེད། ད་དུང་དེང་སྐབས་དྲ་ལམ་ཁག་ནས་གསལ་པོ་མཐོང་ཐུབ་པའི་གནས་ཚུལ་གཅིག་ནི་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་གོ་སྒྲིག་ཞུས་པའི་མཛད་སྒོ་དང་ལས་འགུལ་ཁག་ནང་སྐུ་མགྲོན་ལ་ཕེབས་བཞིན་པ་མཐོང་རྒྱུ་ཡོད་པ་དེ་རེད། དཔེར་ན། སྲིད་སྐྱོང་བློ་སེང་ལགས་ཀྱིས་ཐད་བསྐོས་དྲིལ་བསྒྲགས་ཚད་མཉམ་དྲུང་ཆེ་ཤར་གླིང་ཟླ་སྒྲོན་ལགས་ཀྱིས་ཨ་རིར་གཞོན་ནུ་ལྷན་ཚོགས་ནས་གོ་སྒྲིག་ཞུས་པའི་རྐང་སྤོལ་རྩེད་འགྲན་མཛད་སྒོར་བསྐྱོད་ནས་གཏམ་བཤད་སྤེལ་ཡོད་ལ། ནིའུ་ཡོག་ས་གནས་བུད་མེད་ལྷན་ཚོགས་ཀྱི་ལས་འགུལ་ཞིག་ལ་ཡང་ཆེད་བསྐྱོད་ཀྱིས་མཉམ་ཞུགས་བྱས་ཡོད། དེ་བཞིན་ཤེས་རིག་དྲུང་ཆེ་ཀརྨ་སེང་གེ་ལགས་ས་རཱ་མཐོ་སློབ་ལ་གཞོན་ལྷན་གྱིས་གོ་སྒྲིག་བྱས་པའི་མཛད་སྒོ་ཞིག་ཕེབས་ཡོད། ལས་ཀ་གང་ཞིག་བྱས་ནའང་རྩ་དོན་སྲུང་དགོས་པ་ལྟར། སྒྲིག་འཛུགས་དང་ཚོགས་པ་གང་དེའི་ལྟ་བ་ལངས་ཕྱོགས་མི་མཐུན་པར་ཕྱོགས་གཉིས་སུ་ཡོད་སྐབས་ཕར་འགྲོ་ཚུར་འགྲོ་ལངས་ཕྱོགས་ཁ་གསལ་དགོས་པ་ལས་ཕྱོགས་གཉིས་ཀར་འགྲོ་བ་ལྟ་བུ་བྱེད་ན་གཞན་གྱིས་གཡས་ཁ་གཡོན་དཀྲི་བྱེད་སའི་ལག་ཆ་བཟོས་པ་ཙམ་ལས་ཕན་ཐོགས་མེད་ངེས་སོ།།