རྒྱ་གར་བྱང་ཤར་གྱི་གཏན་སློབ་གསུམ་གང་མགྱོཊ་འཚོག་ཐུབ་པའི་རེ་བ་འདུག

གོར་ཁའི་ལས་འགུལ་གྱི་སྣེ་ཁྲིད་པ་གཙོ་བོ་བྷི་མལ་གུ་རུང་གི་ཚོགས་པས་རྡོ་རྗེ་གླིང་ཁུལ་གྱི་འཛིན་རིམ་ ༡༠ དང་ ༡༢ ཀྱི་འཛིན་གྲྭ་འཚོག་པར་དགག་བྱ་མེད་ཚུལ་བརྗོད་ཡོད་འདུག

རྒྱ་གར་བྱང་ཤར་རྡོ་རྗེ་གླིང་ཁུལ་གྱི་རྒྱ་གར་སློབ་གྲྭ་ཁག་དང་བོད་པའི་གཏན་སློབ་ཀ་ལོན་སྦུག རྡོ་རྗེ་གླིང་། དེ་བཞིན། སོ་ན་ཌ་གསུམ་སྒོ་བརྒྱབས་ཏེ་ཉིན་གྲངས་ ༦༨ ཕྱིན་ཡོད་པ་དང་། གཏན་སློབ་དེ་གསུམ་གྱི་སློབ་མ་དང་ཕ་མ་ཚོས་རྒྱ་གར་དབུས་བོད་སློབ་འཛིན་སྐྱོང་ཚོགས་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་བཀོད་ཁྱབ་དུས་བཅད་ནང་སློབ་གྲྭ་འཚོག་ཐུབ་པར་རེ་སྒུག་བྱས་ནས་བསྡད་ཡོད་འདུག

རྒྱ་གར་དབུས་བོད་སློབ་འཛིན་སྐྱོང་ཚོགས་པས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་བརྒྱུད་གཏན་སློབ་དེ་གསུམ་གྱི་དབྱར་ཁའི་གུང་སེང་དུས་ཡུན་ཟླ་འདིའི་ཕྱི་ཚེས་ ༡༣ བར་དུ་ཕྱིར་འགྱངས་བྱས་པའི་བཀོད་ཁྱབ་གནང་ཡོད་ཀྱང་། གོར་ཁའིདཀའ་རྙོག་དེ་ལྷིང་འཇགས་སུ་ཕྱིན་མེད་པ་མ་ཟད། ཉིན་ཤས་གོང་འབར་རྫས་འགས་གཏོར་གྱི་དོན་རྐྱེན་བྱུང་སྟེ་སྐོར་སྲུང་བ་ཞིག་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་བྱུང་ཡོད་སྟབས།  ད་ལྟ་རྒྱ་གར་དབུས་དང་མངའ་སྡེ་གཞུང་ཟུང་འབྲེལ་གྱིས་ས་གནས་དེར་བདེ་སྲུང་དམག་མི་མང་དུ་བཏང་སྟེ་དམ་དྲག་ཤུགས་ཆེ་རུ་ཕྱིན་ཡོད་པར་བརྟེན། སླར་ཡང་རྒྱ་གར་དབུས་བོད་སློབ་འཛིན་སྐྱོང་ཚོགས་པས་གཏན་སློབ་དེ་གསུམ་གྱི་གུང་སེང་དུས་ཡུན་ཟླ་འདིའི་ཕྱི་ཚེས་ ༢༧ བར་བསྐྱར་དུ་ཕྱིར་འགྱངས་གནང་ཡོད་པའི་བཀོད་ཁྱབ་བཏང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་དབྱིན་ཇིའི་བཙན་འོག་ནས་རྒྱ་གར་རང་བཙན་ཐོབ་པའི་ཉིན་མོར། གོར་ཁ་ཡུལ་(Gorkha land)གྱི་ལས་འགུལ་སྣེ་ཁྲིད་པ་བྷི་མལ་གུ་རུང་(Bimal Gurung)གིས་རྒྱ་གར་རྒྱལ་དར་སྒྲེང་འཛུགས་བྱས་རྗེས། གོར་ཁ་ཡུལ་ཞེས་མངའ་སྡེ་ལོགས་སུ་མ་ཐོབ་པའི་བར་དུ་ལས་འགུལ་དེ་མཚམས་འཇོག་བྱེད་རྒྱུ་མིན་ལ། ད་ལྟའི་བར་གྱི་ལས་འགུལ་ནི་སྔོན་འགྲོ་ལྟ་བུ་ཞིག་ཡིན་པ་དང་། དོན་དངོས་ཀྱི་ལྟད་མོ་ངོ་མ་ནི་མཇུག་མཐར་མཐོང་གི་རེད་ཅེས་ཉེན་བརྡ་བཏང་ཡོད་འདུག

ཉེ་ལམ་དབུས་བོད་སློབ་འཛིན་སྐྱོང་ཚོགས་པ་དང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་གཉིས་ཀྱིས་གྲོས་བསྡུར་གནང་བའི་ཐོག སློབ་གྲྭ་དེ་གསུམ་གྱི་ཁྱབ་ཁོངས་ཁྱོན་བསྡོམས་སློབ་མ་ ༨༣༧ ཡོད་པའི་ཁྲོད་ནས་འཛིན་རིམ་བཅུ་གཉིས་ཀྱི་སློབ་མ་ ༧༨ ཡོད་པ་རྣམས་ལོ་རྗེས་མའི་ཕྱི་ཟླ་ ༣ དང་ ༤ པར་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ནང་ཞུགས་དགོས་པར་བརྟེན། སློབ་མ་རང་རང་གི་སློབ་ཚན་གཞིར་བཞག་ཐོག་སིམ་ལ་གཏན་སློབ་དང་།  མ་སུ་རི་གཏན་སློབ། དེ་བཞིན། ཧར་བྷར་པུར་གཏན་སློབ་བཅས་ལ་སློབ་འཇུག་གནང་ཡོད་པ་རེད།

དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ཀ་ལོན་སྦུག་གཏན་སློབ་ཀྱི་སློབ་སྤྱི་དང་འགན་འཛིན་ (Rector) གཅིག་ལྕོགས་གནང་མཁན་རྒན་སྐལ་བཟང་ཟླ་བ་ལགས་སུ་ད་ལྟའི་གནས་སྟངས་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ཉིན་ཤས་གོང་དུ་ནུབ་བྷང་གྷལ་(West Bengal)མངའ་སྡེ་གཞུང་གིས་གོར་ཁའི་གནད་དོན་ཐད་གྲོས་མོལ་བྱ་རྒྱུ་ཡིན་བརྗོད་ཡོད་ལ། ལས་འགུལ་སྤེལ་མཁན་རྣམས་ཀྱིས་ཀྱང་རྒྱ་གར་དབུས་གཞུང་ནས་རེ་འདུན་བཏོན་པ་ལྟར། གནད་དོན་དེ་དང་འབྲེལ་ཡོད་དཀའ་རྙོག་སེལ་ཆེད་གང་མགྱོགས་རྒྱ་གར་དབུས་དང་བྷང་གྷལ་མངའ་སྡེ་གཞུང་གཉིས་དང་གྲོས་མོལ་དང་ལེན་བྱས་ཡོད་པ་རེད། འོན་ཀྱང་། ཉིན་ཤས་གོང་དུ་དེར་འབར་རྫས་འགས་གཏོར་གྱི་དོན་རྐྱེན་བྱུང་ཡོད་སྟབས། དབུས་དང་མངའ་སྡེ་གཞུང་གཉིས་ཀྱིས་བདེ་སྲུང་དམག་མི་མང་དུ་བཏང་ཞིང་ཁུལ་དེར་སྔར་ལས་དམ་དྲག་ཆེ་རུ་ཕྱིན་ཡོད་ཅིང་། ནུབ་བྷང་གྷལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་བློན་པོ་རྣམས་ཀྱིས་འབར་རྫས་འགས་གཏོར་ནི་དྲག་པོའི་རྣམ་པ་ཡིན་པར་ཁ་གཡར་ནས་གྲོས་མོལ་ཕྱིར་འཐེན་བྱས་ཡོད་པ་མ་ཟད། གོར་ཁའི་ལས་འགུལ་བ་ཚོར་ཁ་ཞེ་གཉིས་མི་མཐུན་པ་འདུག་ཟེར་ནས་སྐྱོན་བརྗོད་གནང་ཡོད་པ་རེད། གལ་སྲིད་དོན་རྐྱེན་དེ་བྱུང་མེད་ན། ཉིན་ཤས་རྗེས་རྡོ་རྗེ་གླིང་ཁུལ་གྱི་སློབ་གྲྭ་ཁག་སྒོ་ཕྱེ་རྒྱུ་རེད་འདུག དོན་རྐྱེན་དེ་བྱུང་རྗེས་མངའ་སྡེ་གཞུང་གིས་གྲོས་མོལ་བྱེད་དགོས་ན། ཐོག་མར་དྲག་པོའི་ལས་འགུལ་ཡོད་ཚད་མཚམས་འཇོག་དགོས་པ་མ་ཟད། ཚོང་འབྲེལ། འགྲུལ་བཞུད། དེ་བཞིན། གཞུང་ལམ་སོགས་བཀའ་འགོག་བྱས་ཡོད་པ་ཚང་མ་ཕྱིར་འཐེན་བྱེད་དགོས་པ་དང་། རྡོ་རྗེ་གླིང་ཁུལ་དུ་དུས་རྒྱུན་ལྟར་ཞི་བདེ་ལྷིང་འཇགས་མ་ཡོང་བའི་བར་དུ་གོར་ཁའི་གནད་དོན་ཐད་གྲོས་མོལ་བྱ་རྒྱུ་མིན་ཞེས་བརྗོད་ཡོད་ལ། རྡོ་རྗེ་གླིང་གི་ཞི་བདེ་ལྷིང་འཇགས་ནི་གྲོས་མོལ་གྱི་ཆ་རྐྱེན་གཙོ་བོ་དེ་ཡིན་ཞེས་བརྗོད་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

གུང་སེང་བསྐྱར་དུ་དུས་འགྱངས་གནང་བའི་སྐོར་ལ་ཁོང་གིས། ད་ལན་གྱི་འཕར་འགྱངས་འདི་ནི་སློབ་དུས་འཕར་འགྱངས་བྱས་པ་ཐེངས་ ༤ པ་དེ་ཆགས་ཡོད་པ་རེད། འོན་ཀྱང་། ཀ་ལོན་སྦུག་གཏན་སློབ་ཉེ་འཁོར་གྱི་རྒྱ་གར་སློབ་གྲྭ་འཛིན་རིམ་ ༡༢ བར་དུ་ཡོད་པ་ཁ་ཤས་ཀྱིས་ཞོགས་པ་དང་དགོང་དྲོར་ཆུ་ཚོད་གཉིས་གསུམ་རིང་འཛིན་རིམ་ ༡༢ དང་ ༡༠ པའི་སློབ་ཕྲུག་ཚོར་སློབ་ཁྲིད་བྱེད་ཀྱི་ཡོད་པའི་སྐོར་གོ་ཐོས་བྱུང་སོང་། སློབ་གྲྭ་གཞན་གྱིས་གནང་ཆོག་པར་ང་ཚོས་བྱེད་མ་ཆོག་པ་གང་ཡང་ཡོད་ཀྱི་མ་རེད་དྲན་ནས་གོར་ཁའི་ལས་འགུལ་དང་འབྲེལ་ཡོད་མི་སྣ་ཁ་ཤས་ལ་དེའི་སྐོར་སྐད་ཆ་དྲིས་པར། ཁོང་ཚོས་གཞན་གྱིས་དེ་ལྟར་བྱེད་ཀྱི་ཡོད་ན་ང་ཚོས་དེ་ལྟ་བྱེད་པར་དགག་བྱ་མེད་ཅེས་ལན་འདེབས་བྱས་སོང་། འོན་ཀྱང་། གོར་ཁའི་ལས་འགུལ་དེར་མཉམ་ཞུགས་བྱེད་མཁན་ཚོགས་པ་ ༡༤ ལྷག་ཡོད་སྟབས། ཚོགས་པ་གཅིག་གིས་ཆོག་གི་རེད་ཟེར་བ་ཙམ་གྱིས་ཚོགས་པ་གཞན་གྱིས་ཁས་ལེན་བྱེད་ཀྱི་ཡིན་མིན་ནི་བཤད་མ་ཐུབ་པའི་གནས་སྟངས་ཤིག་ཡིན་སྐོར་བརྗོད་བྱུང་།

རྒན་སྐལ་བཟང་ཟླ་བ་ལགས་ཀྱིས་འཛིན་རིམ་ ༡༠ དང་ ༡༢ འཛིན་གྲྭ་འཚོག་ཐུབ་པའི་རེ་བ་ཡོད་པའི་སྐོར་ལ་བརྗོད་དོན། གོར་ཁའི་ལས་འགུལ་གྱི་སྣེ་ཁྲིད་པ་གཙོ་བོ་ནི་བྷི་མལ་གུ་རུང་གི་ཚོགས་པ་དེ་ཡིན་པ་དང་། ཚོགས་པ་དེས་སློབ་གྲྭ་འཚོག་པར་དགག་བྱ་མེད་ཅེས་བརྗོད་ཡོད་སྟབས། ཐོག་མར་ང་ཚོའི་སློབ་གྲྭར་འཛིན་རིམ་ ༩། ༡༠། ༡༡། ༡༢ ཁོངས་སུ་ཉིན་སློབ་དང་གཏན་སློབ་ག་ཚོད་ཡོད་མེད་གྲངས་ཀར་ཞིབ་བཤེར་བྱས་ཏེ་ཤེས་རིག་ལས་ཁུངས་ལ་དེ་འབྲེལ་གྱི་གནད་དོན་རྣམས་སྙན་སེང་ཞུ་འཆར་ཡོད། གལ་ཏེ་ཤེས་རིག་ལས་ཁུངས་ནས་བཀའ་ཁྲོལ་ཡོད་ན། ཤེས་རིག་ལས་ཁུངས་བརྒྱུད་དེ་རྒྱ་གར་དབུས་བོད་སློབ་འཛིན་སྐྱོང་ཚོགས་པར་ཕྱག་བྲིས་ཤིག་འབུལ་རོགས་ཞུས་ཏེ་སློབ་གྲྭ་སྒོ་འཛུགས་བྱེད་དགོས་ཀྱི་འདུག དེ་མིན་དེ་ལྟར་ཕར་ཕར་འགྱངས་ནས་ད་ལྟ་བར་དུ་སློབ་མ་ཚོར་གྱོང་ཆེན་པོ་རག་ཡོད་པ་རེད་ལ། དེ་ལས་ཉེན་འཚབ་ཆེ་བ་ནི་འཛིན་གྲྭ་ ༡༠ དང་ ༡༢ རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཀྱི་ཆེད་དེབ་སྐྱེལ་བྱེད་དགོས་པའི་དུས་ཚོད་སླེབ་རན་པ་རེད། དེབ་སྐྱེལ་དུས་ཐོག་ཏུ་བྱེད་མ་ཐུབ་ན་སློབ་མ་ཚོ་ཡིག་རྒྱུགས་ནང་ཞུགས་མི་ཐུབ་པར་ལོ་གཅིག་གི་གྱོང་རག་ངེས་རེད། དེབ་སྐྱེལ་དེ་ཕྱི་ཟླ་ ༩ པར་བྱ་དགོས་ཀྱི་ཡོད། ད་ལྟ་ཕྱི་ཟླ་ ༩ པར་འཐོན་ལ་ཉེ་བ་ཡིན་སྟབས་དབུས་བོད་སློབ་འཛིན་སྐྱོང་ཚོགས་པ་དང་ཤེས་རིག་ལས་ཁུངས་གཉིས་ནས་བཀའ་ཁྲོལ་གནང་ན། སློབ་མ་ཚོ་སྐད་བཏང་སྟེ་འཛིན་གྲྭ་འཚོག་དགོས་བསམ་ནས་བསྡད་ཡོད། སློབ་གྲྭའི་དགེ་ལས་རྣམས་ལ་ཁ་པར་བརྒྱུད་ནས་དེ་དང་འབྲེལ་ཡོད་ཀྱི་བསམ་ཚུལ་ཞུས་པར་ཁོང་ཚོས་སློབ་གྲྭར་ཡོང་སྟེ། སློབ་མ་ཚོར་སྔ་དགོང་གང་དུ་སློབ་ཁྲིད་བྱེད་དགོས་ཀྱང་གང་ཐུབ་ཅི་ནུས་བྱེད་ཀྱི་ཡིན་ཞེས་ལབ་ཡོད་སྐོར་བརྗོད་བྱུང་།

གཏན་སློབ་དེ་གསུམ་གྱི་ནང་དུ་སློབ་མ་མང་ཤོས་ནི་འཛིན་རིམ་ ༨ པའི་འོག་ཏུ་ཡོད་པ་དང་། ད་ལྟ་ཁོང་ཚོར་དཀའ་ངལ་ཆེ་ཤོས་ཕྲད་དང་འཕྲད་བཞིན་ཡོད་པ་རེད། དེའི་སྐོར་ལ་རྒན་ཟླ་བ་ལགས་ཀྱིས་བརྗོད་དོན། འཛིན་རིམ་ ༨ པ་འོག་གི་སློབ་མ་མང་ཆེ་བ་རྒྱ་གར་གྱི་བྱང་ཤར་ནས་ཡིན་པ་དང་། དེའི་ནང་དུ་མོན་རྟ་དབང་ཁུལ་གཅིག་པོ་ནས་སློབ་མ་ ༦༧ ཙམ་ཡོད། དེའི་ཁུལ་གྱི་སློབ་ཕྲུག་དང་ཕ་མ་ཚོས་ཡང་ཡང་ཁ་པར་ཡོང་གི་འདུག་ལ། ཤེས་རིག་ལས་ཁུངས་ལ་གལ་ཏེ་ལས་འགུལ་གྱི་རྙོག་དྲ་མཚམས་མ་བཞག་པར་མུ་མཐུད་དེ་སློབ་གྲྭ་འཚོག་མ་ཐུབ་ན་གང་བྱེད་དགོས་མིན་སྐད་ཆ་དྲིས་པར། ཤེས་རིག་ལས་ཁུངས་ཀྱིས་ཅོན་ཏ་ར་དང་པོན་ཊ་སམ་བྷོ་ཊའི་སློབ་གྲྭར་བསྐྱལ་འཆར་ཡོད་ཚུལ་གསུངས་སོང་། སམ་བྷོ་ཊའི་སློབ་གྲྭ་ཡོད་པའི་ས་ཁུལ་དང་གཞིས་ཆགས་ཁག་ལ་དེ་ཙམ་དཀའ་ངལ་འཕྲད་ཀྱི་མེད། འོན་ཀྱང་། སམ་བྷོ་ཊའི་སློབ་གྲྭ་མེད་པའི་བལ་ཡུལ་ས་མཚམས་དང་ས་ཁུག་ལུང་ཁུག་ནས་ཡིན་པའི་སློབ་མ་ཚོར་དཀའ་ངལ་ཆེན་པོ་འདུག ཉིན་ཉི་ཤུའི་གུང་སེང་དུ་ཕྱིན་སྐབས་མགྱོགས་པོར་ཕྱིར་ལོག་རྒྱུ་ཡིན་བསམ་སྟེ། སློབ་མ་ཚོས་ཀློག་དེབ་རེ་གཉིས་མ་གཏོགས་ནང་ལ་འཁྱེར་གྱི་མེད་ལ། ཁོང་ཚོའི་ཕ་མ་རྣམས་ལ་སློབ་སྦྱོང་མེད་པ་མ་ཟད། བལ་ཡུལ་ལྟ་བུར་ཆ་བཞག་ན་རྒྱ་གར་གྱི་ཀློག་དེབ་རག་རྒྱུ་ཁག་པོ་ཡིན་པས་རང་སྦྱོང་ཡང་བྱེད་མ་ཐུབ་པར་ཅི་བྱ་གཏོལ་མེད་དུ་ལྷག་ཡོད་པའི་སྐོར་བརྗོད་བྱུང་།

 

 གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༨/༢༡

Leave a Reply