ན་གཞོན་ལས་འགུལ་བར་ཉེས་མིང་བཀལ་བ་ནི་སྲིད་གཞུང་གི་ངོ་ཚ་རེད།

ཧོང་ཀོང་མི་མང་སྟོང་ཕྲག་མང་པོ་སྲང་ལམ་ཁག་ཏུ་འདུ་འཛོམས་ཀྱིས་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ན་གཞོན་གསུམ་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་སྐད་འབོད་བྱས།

   ཁ་སང་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་ (SCMP) གྱིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་ཉི་མའི་ཉིན་ཧོང་ཀོང་མི་མང་གིས་དམངས་གཙོ་དོན་གཉེར་བ་ཧུང་ཀྲི་ཧྥང་ (Huang Zhi Feng) དང་ལུའུ་ཀན་ཚུང་ (Luo Guan Cong) ཀྲུའུ་ཡོང་ཁཱང་ (Zhou Yong Kang) གསུམ་མྱུར་དུ་ཀློད་གྲོལ་གཏོང་དགོས་པའི་འདུ་འཛོམས་སྐད་འབོད་བྱས་ཡོད་པ་དང་། ཐེངས་འདིའི་ལས་འགུལ་ཐོག་མི་མང་སྟོང་ཕྲག་ ༢༢ ལྷག་འདུ་འཛོམས་བྱུང་ཡོད་པ་ཧོང་ཀོང་ཉེན་རྟོག་ཕྱོགས་ནས་ཚོད་དཔག་བྱེད་ཀྱི་ཡོད་ཀྱང་། ལས་འགུལ་གོ་སྒྲིག་པས་མི་གྲངས་ག་ཚོད་ཡོད་མེད་ལ་ཚོད་དཔག་བྱེད་ཐབས་མེད་སྐོར་བརྗོད་འདུག གང་ལྟར་ད་ལན་གྱི་ལས་འགུལ་དེ་ཕྱི་ལོ་ ༢༠༡༤ ལོའི་ཉིན་གྲངས་ ༧༩ རིང་གི་ཆར་གདུགས་གསར་བརྗེའི་ལས་འགུལ་རྗེས་ཀྱི་གཞི་རྒྱ་ཆེ་ཤོས་ཤིག་ཆགས་ཡོད་འདུག

ད་ལན་གྱི་ལས་འགུལ་དེ་ཧོང་ཀོང་གྲོང་ཁྱེར་གྱི་ལྷོ་རྒྱུད་རྩེད་ཐང་ནས་ཧོང་ཀོང་དབུས་ཁྲིམས་ཁང་བར་གོམ་བགྲོད་ཀྱིས་སྐད་འབོད་བྱས་ཡོད་པ་དང་། མི་མང་གི་འབོད་ཚིག་གཙོ་བོ་ནི། “ཆབ་སྲིད་བཙོན་པ་ཚོ་ཁེར་རྐྱང་མིན། ཧོང་ཀོང་མི་མང་ནམ་ཡང་ཁྱེད་ཚོའི་རྒྱབ་རྩར་ལངས་ཡོད།” “ཧོང་ཀོང་སྲིད་གཞུང་གིས་ན་གཞོན་ལས་འགུལ་བ་ཚོར་ཉེས་མིང་བཀལ་བ་དེ་ནི་ཧོང་ཀོང་སྲིད་གཞུང་གི་ངོ་ཚ་རེད།” “ཁྲིམས་ཞིབ་པས་ལས་འགུལ་བ་ཚོ་ཁྲིམས་ཐག་བཅད་པ་ནི་ཁྲིམས་ཞིབ་པ་ཚོའི་ནོར་འཁྲུལ་རེད།” “ན་གཞོན་ལས་འགུལ་བ་ཚོས་ལས་འགུལ་ག་རེ་སྤེལ་ཡང་། དེ་ཧོང་ཀོང་གི་མ་འོངས་པའི་ཆེད་དུ་རེད།” ཅེས་པ་སོགས་ཡིན་འདུག

ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་ཧོང་ཀོང་ཁྲིམས་ཁང་གིས། ཧུང་ཀྲི་ཧྥང་དང་ལུའུ་ཀན་ཚུང་། ཀྲུའུ་ཡོང་ཁཱང་གསུམ་གྱིས་ཁྲིམས་འགལ་ཐོག་མི་མང་འདུ་འཛོམས་བྱེད་དུ་བཅུག་ནས་ཆར་གདུགས་གསར་བརྗེ་ལས་འགུལ་སྤེལ་ཏེ་སྲིད་གཞུང་ལ་ངོ་རྒོལ་བྱས་བའི་ཉེས་མིང་འོག ཁོ་ཚོར་ཟླ་བརྒྱད་ཀྱི་ཁྲིམས་ཐག་བཅད་ཡོད་པ་དང་། དེ་རིང་ཕྱི་ཚེས་ ༢༢ ཉིན་སྐུ་ཞབས་ཀྲུའུ་ཡོང་ཁཱང་ལགས་ཧོང་ཀོང་གི་ (Lai Chi Kok Reception Centre) བཀག་ཉར་ཁང་ནས་ (Pik Uk Prison) བཙན་ཁང་དུ་བསྐྱེལ་ཡོད་པ་དང་། ལུའུ་ཀན་ཚུང་ (Tong Fuk Correctional Institution) བཙོན་ཁང་དུ་བསྐྱེལ་ཡོད་འདུག ཡིན་ནའང་། ཧུང་ཀྲི་ཧྥང་བཙོན་ཁང་གང་དུ་བཀག་བསྐྱིལ་བྱས་ཡོད་མེད་གསལ་ཁ་མེད་པ་རེད།

ཐེངས་འདིའི་སྐད་འབོད་ཐོག ལས་འགུལ་བ་ལུའུ་སུའུ་ལཱེ་ (Lau Siu-lai) ཡིས་ཧོང་ཀོང་གསར་འགོད་པར་བརྗོད་དོན། ཧོང་ཀོང་མི་མང་གིས་དམངས་གཙོའི་མངོན་འདོད་བློས་གཏོང་བྱས་མེད་པར་ང་རང་ཧ་ཅང་དགའ་བོ་བྱུང་། ད་ཆར་ཧོང་ཀོང་སྲིད་གཞུང་གིས་ལས་འགུལ་བ་ཚོར་བྱང་ཤར་གྱི་དྲག་སྤྱོད་ངོ་རྒོལ་བའི་ཉེས་མིང་བཏགས་འདུག་པར་གཞིགས་ན། ཧོང་ཀོང་གྲོང་ཁྱེར་ནི་སྒེར་གཅོད་སྲིད་གཞུང་གི་རྣམ་པར་གྲུབ་འདུག་པ་ཞིག་ཏུ་མཐོང་གི་འདུག ད་སྐབས་ཧོང་ཀོང་སྲིད་གཞུང་གིས་ཧོང་ཀོང་གྲོང་ཁྱེར་དེ་དཔལ་ཡོན་སྤྱི་ཚོགས་ནས་ཁྲིམས་ཀྱི་དབང་སྒྱུར་ཕྱོགས་སུ་འཛིན་སྐྱོང་བྱེད་པ་ལས་ཆབ་སྲིད་ཀྱི་གནད་དོན་དམིགས་འབེན་དུ་འཛིན་གྱི་འདུག་ལ། ད་ལྟའི་ཧོང་ཀོང་གཞུང་གི་ཁྲིམས་ལུགས་ལག་བསྟར་བྱེད་ཕྱོགས་ལ་བསྐྱར་ཞིབ་བྱས་ན། ཧོང་ཀོང་གཞུང་གིས་མི་མང་ལས་འགུལ་བ་ཚོར་ཁྲིམས་ཐག་བཅད་པ་དེ་ལ་རྒྱུ་མཚན་གནས་ལུགས་གང་ཡང་མི་འདུག ང་དེ་རིང་གི་ལས་འགུལ་ནང་ཞུགས་དོན་གཙོ་བོ་ནི། ཧོང་ཀོང་མི་མང་གིས་ཧོང་ཀོང་གི་ཁྲིམས་ཀྱི་རིན་ཐང་དེ་ཧོང་ཀོང་སྲིད་གཞུང་ལ་གསལ་བོར་སྟོན་འདོད་པ་ཡིན། ཧོང་ཀོང་སྲིད་གཞུང་གིས་མི་མང་ལས་འགུལ་བ་ཚོ་ཁ་འཐོར་དུ་བཏང་ནས་བཙོན་འཇུག་བྱས་པ་དེ་ནི། དོན་དངོས་ནས་ཧོང་ཀོང་སྲིད་གཞུང་གིས་ཧོང་ཀོང་གི་ཁྲིམས་ཀྱི་དབང་སྒྱུར་བརླག་པ་ཞིག་རེད། ང་དེ་རིང་གི་ལས་འགུལ་ནང་ཞུགས་དོན་གཞན་ཞིག་ནི། ཧོང་ཀོང་གྲོང་ཁྱེར་གྱི་མ་འོངས་དམངས་གཙོའི་ལས་འགུལ་སྲ་བརྟན་ཡོང་བ་དང་ནུས་སྟོབས་སྤེལ་ཆེད་ཡིན། ཅེས་ཟེར།

ལས་འགུལ་བ་ཌི་ནེ་སི་ཧའོ་ (Denise Ho) ལགས་ཀྱིས་གསར་འགོད་པར་། གལ་ཏེ་ཁྱེད་ཀྱིས་ང་རང་ཅིའི་ཕྱིར་ལས་འགུལ་ནང་ཞུགས་པ་ཡིན་ནམ་ཞེས་དྲིས་ན། ངས་ཁྱེད་ལ་ཧོང་ཀོང་སྲིད་གཞུང་གིས་མི་མང་གི་སྟོབས་ཤུགས་ལ་དྲག་གནོན་བྱེད་ཐབས་ཡོད་པ་མ་རེད་ཅེས་བརྗོད་འདོད་བྱུང་། ཧོང་ཀོང་མི་མང་གིས་མུ་མཐུད་དམངས་གཙོ་རྩོད་ལེན་བྱེད་ཀྱིན་ཡོད། གཅིག་བྱས་ན། མི་མང་རེ་གཉིས་སེམས་ཤུགས་ཆགས་སྲིད་ཀྱང་། ཧོང་ཀོང་མི་མང་གིས་སོ་སོའི་དམངས་གཙོའི་མངོན་འདོད་དེ་ནམ་ཡང་བློས་གཏོང་བྱ་མི་སྲིད་པར་ངས་ཡིད་ཆེས་བྱེད་ཀྱིན་ཡོད། གཅིག་བྱས་ན། ཧོང་ཀོང་མི་མང་ཡང་བསྐྱར་སྒེར་ལངས་ཀྱིས་དམངས་གཙོའི་ལས་འགུལ་སྤེལ་སྲིད། ཅེས་སོགས་བརྗོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༨/༢༢

Leave a Reply