རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བཞི་པ་ཟླ་འདིའི་ཕྱི་ཚེས་ ༢༡ ནས་ ༢༣ བར་ཧྥ་རན་སིའི་རྒྱལ་ས་ཕ་རི་སིར་ཚོགས་ཏེ་དོན་ཚན་གཉིས་ཀྱི་ཐོག་གྲོས་འཆམ་བྱུང་ཡོད་འདུག
ཧྥ་རན་སར་གནས་སྡོད་ཟླ་བ་ཚེ་རིང་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༡ ནས་ ༢༣ བར་ཉིན་གྲངས་གསུམ་རིང་། ཧྥ་རན་སི་དང་སྦེལ་རྗེམ། སུད་སི་བཅས་ནང་ཡོད་པའི་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་གྱི་ཚོགས་མི་ ༡༢ གྱི་གོ་སྒྲིག་འོག ཧྥ་རན་སིའི་རྒྱལ་ས་ཕ་རི་སིར། རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བཞི་པ་ཚོགས་ཡོད་པ་དང་། ཚོགས་ཐོག་ཏུ་བོད་མི་མང་སྤྱི་འཐུས་ཁག་ཅིག་གི་གཙོས་བོད་རིགས་རང་བཙན་ལས་འགུལ་བ་ཁག་ཅིག་དང་། ཤར་ཏུར་ཀི་སི་ཐན་གྱི་རྨ་ལམ་དང་ཡུ་གུར་མི་མང་གི་རང་བཙན་འཐབ་རྩོད་པ་ཌོལ་ཀུན་ཨི་ས་ལགས་དང་། རྒྱ་རིགས་རང་དབང་དམངས་གཙོ་དོན་གཉེར་བ་ཡན་ཧོང་པེན། ཙིན་ཅན་ཡོ། ཞོའུ་ཕེ། དེ་བཞིན་ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་ཅིག་གི་བོད་དོན་རྒྱབ་སྐྱོར་བ་བཅས་ཁྱོན་མི་གྲངས་ ༡༡༦ འདུ་འཛོམས་ཀྱིས། རྒྱལ་ཁབ་དང་མི་རིགས་སོ་སོའི་མངོན་འདོད་དམངས་གཙོ་དང་རང་བཙན་རྩོད་ལེན་བྱེད་ཕྱོགས་ཐད་ལ་བགྲོ་གླེང་བྱས་པ་དང་། དེང་གི་བརྡ་འཕྲིན་དུས་རབས་དང་བསྟུན་ནས་རང་དབང་དམངས་གཙོའི་ལས་འགུལ་སྤེལ་ཕྱོགས་སྐོར་གྱི་ཟབ་སྦྱོང་ཞིག་ཀྱང་ཚོགས་ཡོད་འདུག
ཐེངས་འདིའི་ཚོགས་ཆེན་ཐོག་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཧུང་ཀྲི་ཧྥང་དང་ལུའུ་ཀན་ཚུང་། ཀྲུའུ་ཡོང་ཁཱང་་གསུམ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བཞི་པར་མཉམ་ཞུགས་བྱ་རྒྱུ་གཏན་འཁེལ་བྱུང་ཡོད་ནའང་། ཕྱི་ཚེས་ ༡༧ ཉིན་ཧོང་ཀོང་སྲིད་གཞུང་གིས་ཁོ་ཚོར་སྲིད་གཞུང་ལ་ངོ་རྒོལ་བྱས་པའི་ཉེས་མིང་འོག་ཁྲིམས་ཐག་བཅད་པས་བཅར་ཐུབ་མེད་པ་རེད།
ཡང་ཟླ་བ་ཚེ་རིང་ལགས་ཀྱིས། རྒྱལ་སྤྱིའི་བོད་རང་བཙོན་ཚོགས་ཆེན་གྱི་དགོས་དམིགས་གཙོ་བོ། ད་ལྟའི་བོད་ཀྱི་གནས་བབ་གཅིག་མཚུངས་ཡིན་པའི་ཤར་ཏུར་ཀི་སི་ཐན་དང་ལྷོ་སོག ཧོང་ཀོང་། ཐའེ་ཝན། དེ་བཞིན་རྒྱ་རིགས་རང་དབང་དམངས་གཙོ་དོན་གཉེར་བ་ཚོ་དང་བོད་མིའི་བར་འབྲེལ་ལམ་རྒྱུན་འཁྱོང་ཡོང་ཐབས་དང་། རང་བཙན་དང་དམངས་གཙོའི་ལས་འགུལ་གྱི་ནུས་པ་མཉམ་སྤུངས་ཡོང་ཐབས། དབུ་མའི་ལམ་དང་རང་བཙན་གྱི་ལངས་ཕྱོགས་ཐོག་གོ་བསྡུར་བྱས་པ་བརྒྱུད་རྙོག་གླེང་སེལ་ཐབས་བཅས་ཡིན་སྐོར་བརྗོད་བྱུང་།
ཚོགས་ཆེན་སྟེང་བརྗོད་གཞི་འདྲ་མིན་ཐོག་གཏམ་བཤད་སྤེལ་ཡོད་པ་ལྟར། རྒྱ་རིགས་མཁས་པ་ཙིན་ཅན་ཡོ་ཡིས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་བོད་དང་ཐའེ་ཝན་གཉིས་ཀྱི་རང་བཙན་རྩོད་ལེན་བྱེད་ཐབས་ཅེས་པ་དང་། ཡན་ཧོང་པེན་གྱིས་བོད་རང་བཙན་བསྐྱར་གསོའི་ཐབས་རྩལ་དང་ཐབས་ཇུས། གཙོ་བོ་རྒྱ་ནག་དང་རྒྱལ་སྤྱི་ལ་ཁ་ཕྱོགས་པ། འབུམ་རམས་པ་ཞོའུ་ཕེ་ཡིས་བོད་རང་བཙན་འཐབ་རྩོད་ལ་རྒྱང་ལྟ་དང་བསམ་འཆར། བོད་མི་མང་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་བོད་རང་བཙན་མེད་ན་བོད་ཀྱི་ཆོས་དང་རིག་གཞུང་གནས་ཐབས་མེད། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་བོད་རང་བཙན་འཐབ་རྩོད་ནི་འཛམ་གླིང་ཞི་བདེ་དང་འབྲེལ་བ་ཡོད། གསར་འགོད་པ་ཆོས་ཉིད་འོད་ཟེར་ལགས་ཀྱིས་བོད་ཀྱི་རང་ལུས་མེར་སྲེག་གི་རྒྱ་རྒོལ་དང་འབྲེལ་བའི་བོད་ནང་གི་དངོས་ཡོད་གནས་སྟངས། སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ལགས་ཀྱིས་བོད་རང་བཙན་འཐབ་རྩོད་དེ་བོད་མི་རིགས་ཀྱི་ལས་འགན་ཡིན་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་སྤེལ་ཡོད་འདུག
གཞན། རང་བཙན་འཐབ་རྩོད་པ་དང་དམངས་གཙོ་དོན་གཉེར་བ་ཚོས་ཕན་ཚུན་བསམ་ཚུལ་བརྗེ་རེས་བྱས་པ་བརྒྱུད་དོན་ཚན་གཉིས་ཀྱི་ཐོག་གྲོས་འཆམ་བྱུང་ཡོད་པ་ནི། དང་པོ། བོད་ནང་ཤར་ཏུར་ཀི་སི་ཐན། ལྷོ་སོག ཐའེ་ཝན་བཅས་ཀྱི་རང་བཙན་འཐབ་རྩོད་པ་དང་། རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་བཅས་ཀྱིས་མ་འོངས་པར་སོ་སོའི་རྩ་དོན་དང་འཐབ་རྩོད་ཀྱི་ཆེད་དུ་ནུས་པ་མཉམ་སྤུངས་དང་མཉམ་ལས་བྱ་རྒྱུར་མོས་མཐུན་བྱུང་། གཉིས་པ། ཚོགས་ཆེན་ཐོག་བོད་མི་དང་། ལྷོ་སོག ཤར་ཏུར་ཀི་སི་ཐན། ཐའེ་ཝན་བཅས་རྒྱ་དམར་གྱི་དབང་བསྒྱུར་འོག་སྡོད་འདོད་མེད་པར་སོ་སོའི་རྒྱལ་ཁབ་སླར་གསོ་དགོས་པ་དང་། རྒྱ་ནག་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པའི་དབང་བསྒྱུར་འོག་ནས་ཐར་དགོས་པར་གཅིག་གྱུར་གྱི་ངོས་འཛིན་བྱུང་ཡོད་འདུག
གསར་འགོད་པ། པདྨ་རྒྱལ།