བོད་མིའི་མིག་གཤག་བཅོས་ཆེད་ཨ་སྒོར་འབུམ་གསུམ་གནང་།

རྒྱ་ནག་གི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་རྗེ་ཁི་ཆཱང་གིས་བོད་ནང་གི་མིག་ལོང་སྐྱོན་ཅན་དང་སྐྱ་སྒྲིབ་ཅན་གྱི་ནད་པ་མང་པོར་སྨན་བཅོས་རོགས་སྐྱོར་གནང་སྟེ་དྲག་སྐྱེད་བྱུང་ཡོད་འདུག

ཟླ་འདིའི་ཚེས་༢༣ཉིན་གསར་འགྱུར་རྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་རྗེ་ཁི་ཆཱང་གིས་པེ་ཅིང་ཐོང་རིན་(Tongren)མིག་ནད་གསོ་བཅོས་ཐེབས་རྩ་ཁང་བརྒྱུད་དེ། བོད་ཁུལ་གྱི་མིག་ལོང་སྐྱོན་ཅན་དང་མིག་ཤེས་ཉམས་པའི་ནད་པ་ཚོར་ཨ་སྒོར་འབུམ་ ༣ ལྷག་གིས་གཤག་བཅོས་བྱས་ཏེ། ཉེ་སྔོན་རང་ནད་པ་ ༥༥ ཡི་གཤག་བཅོས་ལེགས་འགྲུབ་བྱུང་སྟེ་སྨན་ཁང་ནས་བུད་ཡོད་པ་དང་། དེ་བཞིན་མིག་སྐྱ་སྒྲིབ་ཅན་ཁ་ཤས་ཤིག་ལའང་གཤག་བཅོས་བྱས་ཡོད་འདུག

ཕྱི་ལོ་ ༢༠༠༣ ལོར་མིག་ནད་བརྟག་དཔྱད་པ་ཚོས་བོད་ནང་གི་མིག་ལོང་སྐྱོན་ཅན་དང་མིག་ཤེས་ཉམས་པ་བརྒྱ་ཆ་༧༥ ལྷག་བཅོས་ཐབས་ཡོད་སྐོར་བརྗོད་ཡོད་སྟབས། རྗེ་ཁི་ཆཱང་གིས་བོད་ཁུལ་གྱི་མིག་ནད་གསོ་བཅོས་ཁོ་ནར་དམིགས་ནས་རོགས་སྐྱོར་བྱ་འགོ་ཚུགས་ཡོད་འདུག་ལ། ཕྱི་ལོ་ ༢༠༠༧ ལོར་ཁོང་གི་རོགས་སྐྱོར་འོག་སྐྱེས་དུས་ནས་མིག་ཞ་ར་ཡིན་པའི་བྱིས་པ་ཞིག་ལའང་སྨན་བཅོས་བྱས་ཏེ་མཐོང་ཐུབ་པར་གྱུར་ཡོད་འདུག

རྗེ་ཁི་ཆཱང་གིས་རྗེ་ཁི་ཆཱང་བདེ་རྩ་ཚོགས་པ་ཞེས་པ་ཆེད་འཛུགས་ཀྱིས་དྭ་ཕྲུག་དང་ཉམ་ཐག་བྱིས་པ་མང་པོར་འཚོ་བ་དང་མི་ཚེའི་མདུན་ལམ་འཁྲིད་སྟོན་བྱེད་བཞིན་ཡོད་པ་མ་ཟད། རྒྱ་ནག་ནང་གཅིག་པུར་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཐེབས་རྩ་ཁང་དང་སྨན་བཅོས་ལྟ་སྐྱོང་ལྷན་ཚོགས་སོགས་རོགས་སྐྱོར་ཀྱི་ལས་རིགས་མི་འདྲ་བ་ ༢༥ ལྷག་ཅིག་ཡོད་པ་དང་། དེ་མིན་དབུལ་ཕོངས་མང་བའི་ཨ་ཧྥེ་རི་ཁ་སོགས་འཛམ་གླིང་གི་རྒྱལ་ཁབ་ཁག་ཅིག་གི་རོགས་སྐྱོར་ཐེབས་རྩ་ཁང་མང་པོར་རོགས་རམ་གནང་བཞིན་ཡོད་འདུག་ལ། ཁོང་ནི་རྒྱ་ནག་གི་གློག་བརྙན་འཁྲབ་སྟོན་པ་ཚོའི་ཁྲོད་ནས་མི་མང་དབུལ་པོ་དང་ནད་པ་ཉམ་ཐག་རིགས་ལ་རོགས་སྐྱོར་གནང་མཁན་ཆེ་ཤོས་ཤིག་ཆགས་ཡོད་འདུག

སྤྱིར་བཏང་འདས་པའི་ལོ་མང་རིང་ནས་བཟུང་གསེར་རྟ་བླ་རུང་སྒར་དུ་བཞུགས་པའི་རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ་མཆོག་སོགས་བོད་ཡུལ་གྱི་བླ་སྤྲུལ་ཁག་ཅིག་གིས་སྦྱིན་བདག་གནང་སྟེ། ལོ་ལྔ་རེའི་ནང་བོད་ཁུལ་གྱི་ས་ཆ་མང་པོར་ཆེད་ལས་མིག་གི་སྨན་པ་མངགས་གཏོང་གིས་བོད་མི་རྒན་འཁོགས་རྣམས་ཀྱི་གཙོས་མིག་སྐྱ་སྒྲིབ་ཅན་དང་ལོང་སྐྱོན་ཅན་མང་པོར་སྨན་བཅོས་གནང་བཞིན་ཡོད་པ་ལྟར། བོད་ཁུལ་གྱི་རྒན་འཁོགས་མང་པོར་ཕན་ཐོགས་ཆེན་པོ་བྱུང་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༨/༢༤

Leave a Reply

2 thoughts on “བོད་མིའི་མིག་གཤག་བཅོས་ཆེད་ཨ་སྒོར་འབུམ་གསུམ་གནང་།