མཉམ་འབྲེལ་བཅོ་ལྔའི་འཛིན་སྐྱོང་ཚོཊ་ཆེན་ཐེངས་ ༡༧ པ་ཚོཊ།

མཉམ་འབྲེལ་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ ༡༧ པའི་ཐོག་སྤྱི་ཚོགས་དང་མ་བདག་ལ་ཞབས་འདེགས་ལེགས་ཤོས། གསར་གཏོད་དང་དཔལ་འབྱོར་གནས་སྟངས་ལེགས་ཤོས། ལས་བསྡོམས་བཟོ་འབུལ་ལེགས་ཤོས་བཅས་ཀྱི་ས་གནས་མཉམ་འབྲེལ་ཁག་བཞི་ལ་བྱ་དགའ་ཐོབ།

ཟླ་འདིའི་ ༢༢ ནས་ ༢༤ བར་གྱི་ཉིན་གྲངས་གསུམ་རིང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཏུ། བོད་མིའི་མཉམ་འབྲེལ་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༧ པ་ཚོགས་ཡོད་པ་དང་། ཚོགས་ཆེན་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་དང་ནང་སྲིད་དྲུང་ཆེ་འཆི་མེད་རིག་འཛིན་ལགས། དེ་བཞིན་བོད་མིའི་མང་སྤྱི་འཐུས་ཕྱོགས་བཞུགས་བློ་བཟང་ཕན་བདེ་ལགས། ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས། ས་འཐུས་དང་ས་གནས་རང་བདེན་ཚོགས་ཆུང་གི་འཐུས་མི། དགོན་སྡེ་ཁག་གི་ཕྱག་མཛོད་རྣམ་པ། གཞན་ཡང་། མཉམ་འབྲེལ་སྤྱི་ཁྱབ་འགན་འཛིན་གྱིས་དབུས་མཉམ་འབྲེལ་ ༡༥ ་ཚོགས་གཙོ་དང་མཉམ་འབྲེལ་ཁག་གི་འཐུས་མི་རེ་རེ། དེ་བཞིན་སྡེ་ཚན་ཁག་གི་འགན་འཛིན་སོགས་མི་གྲངས་ ༦༠ ལྷག་མཉམ་ཞུགས་བྱས་ཡོད་པ་དང་། དེ་མིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ་དང་། ཉེ་འཁོར་སློབ་གྲྭ་ཁག་གི་དགེ་ལས་སློབ་ཕྲུག གཞིས་གྲོང་ཁག་གི་མི་མང་བཅས་འཛོམས་ཡོད་འདུག

མཛད་སྒོའི་ཐོག་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་བསྟན་འཛིན་ཡིད་དགའ་ལགས་ཀྱིས་ད་ལྟའི་བོད་མིའི་གཞི་རིམ་མཉམ་འབྲེལ་ཁག་དང་། བོད་མིའི་སྤྱི་མཐུན་མཉམ་འབྲེལ་བཅས་ཀྱི་གང་ཅིའི་གནས་སྟངས་སྐོར་ངོ་སྤྲོད་ཞུས་རྗེས། སྤྱི་མཉམ་ཚོགས་གཙོ་སྤྱི་འཐུས་པདྨ་བདེ་ལེགས་ལགས་ཀྱིསབོད་མིའི་མཉམ་འབྲེལ་འཕེལ་རིམ་དང་མ་འོངས་ལས་འཆར། བོད་མིའི་མཉམ་འབྲེལ་ཁག་སྔར་ལྷག་ཚགས་ཚུད་དང་མི་ཉམས་རྒྱུན་འཛིན་ཡོང་ཐབས་སླད་མང་ཚོགས་ནས་ཆ་ཤས་གང་མང་ལེན་དགོས་པ་དང་། མཉམ་འབྲེལ་ལས་སྣེ་རྣམས་ནས་ཀྱང་མ་རྐང་བདག་པོ་རྣམས་ལ་མཐུན་འགྱུར་དང་ཁེ་ཕན་གང་མང་བསྐྲུན་དགོས་སྐོར་བརྗོད་ཡོད་འདུག་ལ། ད་ལན་མཉམ་འབྲེལ་ཁག་བཅོ་ལྔའི་ཚོགས་ཆེན་ཚོགས་པའི་དགོས་དམིགས་གཙོ་བོ་ནི་སྤྱིར་གཞིས་ཆགས་བསྲ་བརྟན་དང། ཡང་སྒོས་མཉམ་འབྲེལ་ཁག་གི་ལས་དོན་ཚགས་ཚུད་ཡོང་ཐབས་བཅས་ལ་དམིགས་པ་ཞིག་ཡིན་འདུག

སྐུ་མགྲོན་གཙོ་བོ་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་གསུང་བཤད་གནང་སྐབས། མཉམ་འབྲེལ་ཚོགས་འདུའི་གལ་ཆེའི་ཐད་ཚོགས་འདུར་མཉམ་ཞུགས་ཙམ་མ་ཡིན་པ་མཉམ་འབྲེལ་སོ་སོར་དཀའ་ངལ་རྣམས་སེལ་ཐབས་སུ་འགན་ཆེ་བཞེས་དང་། གཞི་རིམ་སོ་ནམ་མཉམ་འབྲེལ་གྱིས་རྒྱ་གར་ནང་རྒྱུན་གནས་དང་སྲ་བརྟན་ཡོང་བར་འབད་བརྩོན་བྱེད་གལ་ཆེ་བ་དང་། ལྷག་པར་དུ་བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལོ་ལྔ་དང་ལྔ་བཅུའི་འཆར་གཞི་ལ་གཞི་བཅོལ་བའི་ཐོག་ནས་གཞི་རིམ་མཉམ་འབྲེལ་ཁག་གི་འཆར་གཞི་ལྡན་པའི་ཐོག་ནས་གོམ་པ་མདུན་བསྐྱོད་ཀྱི་ལས་འཆར་སྤེལ་དགོས་པའི་ལམ་སྟོན་གནང་ཡོད་འདུག

ཚོགས་ཆེན་གྱི་ཉིན་དང་པོར་ས་གནས་མཉམ་འབྲེལ་ཁག་གི་འདས་པའི་ལོ་གཅིག་གི་ལས་བསྡོམས་དང་རྩིས་ཁྲ། འབྱུང་འགྱུར་ལས་དོན་བྱེད་འཆར་དང་སྔོན་རྩིས་སྐོར་སྙན་སེང་ཞུས་ཏེ་ལེགས་སྤེལ་ཉེས་འགོག་གི་དྲི་བ་དྲིས་ལན་གནང་ཡོད་པ་དང་། ཉིན་གཉིས་པ་དང་གསུམ་པར་སྔར་ལོའི་འཛིན་སྐྱོང་ཚོགས་ཆེན་ཐོག་བཞག་པའི་གྲོས་ཆོད་ཁག་འབྲུ་དོན་ལྟར་ལག་བསྟར་མཇུག་སྐྱོང་བྱུང་མིན་དཔྱད་ཞིབ་དང་། ཚོགས་ཞུགས་པ་རྣམས་ཚོགས་ཆུང་ཁག་གསུམ་དུ་ཆ་བགོས་ཀྱིས་མ་འོངས་མཉམ་འབྲེལ་གྱི་ལས་གཞི་རྒྱ་བསྐྱེད་དང་། འཛིན་སྐྱོང་ཚགས་ཚུད་གཏོང་ཕྱོགས་སོགས་ཀྱི་གལ་ཆེའི་ལས་དོན་དང་འབྲེལ་བའི་གྲོས་གཞིའི་ཐོག་གོ་བསྡུར་སྦྱང་བཤད་གནང་སྟེ་གྲོས་ཆོད་ཁག་ཅིག་བཞག་ཡོད་འདུག

གཞན་ཡང་། ཉིན་མཐའ་མ་དེར་སྤྱི་ཚོགས་དང་མ་བདག་ལ་ཞབས་འདེགས་ལེགས་ཤོས་ཞུ་མཁན་སྦེལ་ཀོབ་བདེ་སླར་མཉམ་འབྲེལ་དང་། ལས་གཞི་གསར་གཏོད་ལེགས་ཤོས་ཞུ་མཁན་མེའོ་ཆོས་འཕེལ་གླིང་མཉམ་འབྲེལ། ཚོང་ཁེ་དང་དཔལ་འབྱོར་གྱི་གནས་སྟངས་ལེགས་ཤོས་སྦེལ་ཀོབ་ལུགས་བསམ་མཉམ་འབྲེལ། ལས་བསྡོམས་བཟོ་འབུལ་དང་སྤྱན་དར་ལེགས་ཤོས་ཞུ་མཁན་རྡ་ས་མཉམ་འབྲེལ་བཅས་ལ་ལས་དོན་རྩེ་ཕུད་ཀྱི་བྱ་དགའ་གནང་ཡོད་འདུག

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༨/༢༥

Leave a Reply

2 thoughts on “མཉམ་འབྲེལ་བཅོ་ལྔའི་འཛིན་སྐྱོང་ཚོཊ་ཆེན་ཐེངས་ ༡༧ པ་ཚོཊ།

  1. གཞུང་པ་ཚེ་དབང་བསོད་ནམས་

    དེང་སྐབས་གཞིས་ཆགས་ནང་ས་འོག་ནས་ཞིང་ཆུ་འདྲེན་གཏོང་གི་ལས་གཞི་སྤེལ་མཁན་ལོ་རེ་ནས་ལོ་རེ་བཞིན་མང་དུ་འགྲོ་བཞིན་པ་འདིའི་ནམ་ཞིག་མི་མང་གི་ཐུང་ཆུ་ལ་དཀའ་ངལ་མི་འཕྲད་པའི་ངེས་པ་མེད་ན་ས་འོག་གི་ཆུ་འདོན་རྒྱུ་དང་ས་ཞིང་སྟོང་པར་བཞག་མཁན་དེ་ཚོའི་ཐོག་ལ་ཁྲིམས་བཟོ་སྡེ་ཚན་དང་འཛིན་སྐྱོང་སྡེ་ཚན་ནས་ལ
    མ་སྟོན་གྱི་ཁྲིམས་སྒྲིག་ད་ལྟ་ནས་གཏན་འབེབས་མ་གནང་ཚེ་ནམ་ཞིག་རི་ལུག་པ་ཐག་པས་མི་འདུས་ཟེར་བའི་དཔེ་དེ་མི་ཆགས་པའི་ངེས་པ་མེད་ན་འགན་ཡོད་ཚང་མས་གཞིས་ཆགས་བསྲ་བརྟན་དང་རྒྱུན་གནས་ཟེར་བའི་དམ་ངག་ལ་འགན་འཁུར་བཞེས་དགོས་པ་དེ་གལ་ཆེན་མིན་པ་ཡིན་ནམ་?

  2. གཞུང་པ་ཚེ་དབང་བསོད་ནམས་

    དེང་སྐབས་སོ་ནམ་གཞིས་ཆགས་ཁག་གི་ནང་
    ས་ཞིང་འདེབས་ལས་མ་བྱས་པར་ས་སྟོང་བཞག་ནས་གཡས་གཡོན་ཞིང་རོགས་ལ་གླང་ཆེན་དང་རི་ཕག་གི་གནོད་སྐྱོན་བཟོ་བཞིན་པ་ནས་ས་ཞིང་འདེབས་ལས་མ་བྱས་པ་དེ་དག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལོ་ལྔ་དང་ལྔ་བཅུའི་འཆར་གཞི་དང་ལྷག་དོན་དུ་གཞིས་ཆགས་ཁག་གི་ས་ཁང་གི་སྒྲིག་གཞི་དང་ཕྱོགས་མཐུན་བྱུང་བར་དབུས་བོད་མིའི་སྒྲིག་འཛུགས་ནས་ངོས་འཛིན་གནང་གི་ཡོད་པ་ཡིན་ནམ་?