ཆོས་དཔོན་ཞིག་ལ་ཁྲིམས་ཐག་གཅོད་རྒྱུ་རེད།

དེ་རིང་རྒྱ་གར་གྱི་ཆོས་དཔོན་ཆེན་མོ་གུར་མིཏ་རམ་རཱ་ཧིམ་སིང་ལ་དངོས་སུ་ཁྲིམས་ར་ཚོགས་ཏེ་ཁྲིམས་ཐག་གཅོད་འཆར་ཡོད་པས་ཁོང་གི་རྗེས་འཇུག་པ་མང་པོས་ངོ་རྒོལ་བྱེད་པར་དོགས་ཏེ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་འདུག 
བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་རྒྱ་གར་གྱི་མངའ་སྡེ་ཧཱ་རི་ཡ་ཎའི་(Haryana)པན་ཇི་ཀུ་ལཱ་(Panchkula)རྫོང་ཁྱབ་ཁོངས་ཀྱི་ཁྲིམས་ཁང་ཞིག་གིས། ད་ལྟ་རང་ལོ་ ༥༠ ཟིན་པའི་རྒྱ་གར་གྱི་ཆོས་དཔོན་ཆེན་མོ་གུར་མིཏ་རམ་རཱ་ཧིམ་སིང་(Gurmeet Ram Rahim Singh)གིས། ཕྱི་ལོ་ ༢༠༠༢ ལོར་བུད་མེད་གཉིས་ལ་བཙན་གཡེམ་བྱས་པའི་ནག་ཉེས་ལ་དངོས་སུ་ཁྲིམས་ར་ཚོགས་ཏེ་ཁྲིམས་ཐག་གཅོད་འཆར་ཡོད་འདུག
ཁྲིམས་ར་ཚོགས་འཆར་གྱི་གནས་ཚལ་དེ་སྤྱི་ཚོགས་ཐོག་ཁྱབ་རྗེས། རྒྱ་གར་གྱི་མངའ་སྡེ་པན་ཇབ་(Punjab)དང་ཧཱ་རི་ཡ་ཎ་གཉིས་ཀྱི་ས་ཕྱོགས་གང་ས་ནས་ཆོས་དཔོན་དེའི་རྗེས་འཇུག་པ་འབུམ་གཉིས་ལྷག་འདུ་འཛོམས་ཀྱིས་ངོ་རྒོལ་བྱེད་བཞིན་ཡོད་སྟབས། མངའ་སྡེ་དེ་གཉིས་ཀྱི་གཞུང་གིས་ཁྲིམས་ཁང་དེའི་ཉེ་འཁྲིས་ཀྱི་ཚོང་ཁང་དང་ཟ་ཁང་། དེ་བཞིན། གཞུང་ལམ་སོགས་བཀག་བསྡོམས་བྱས་ཡོད་པ་མ་ཟད། ཁ་པར་གྱི་དྲྭ་ལམ་ཁག་ཀྱང་བཀག་འགོག་བྱས་ཡོད་འདུག
ད་ལྟ་ཁྲིམས་ཁང་གི་ཉེ་འཁོར་དུ་ཆོས་དཔོན་དེའི་རྗེས་འཇུག་པ་མི་གྲངས་འབུམ་ ༢ ལྷག་འདུ་འཛོམས་བྱས་དང་བྱེད་མུས་ཡིན་སྟབས། རྒྱ་གར་དབུས་གཞུང་གིས་དེ་རིང་མངའ་སྡེ་དེ་གཉིས་བརྒྱུད་དེ་དུས་རྒྱུན་འགྲོ་འོང་བྱེད་བཞིན་པའི་མེ་འཁོར་ ༢༠༠ ལྷག་འགྲོ་མཚམས་བཞག་ཡོད་པ་དང་། དེ་བཞིན་མངའ་སྡེ་གཞུང་གིས་ཟིང་འཁྲུག་སྔོན་འགོག་ཆེད་ཉེན་རྟོག་པ་དང་བདེ་སྲུང་དམག་མི་སྔར་ལས་མང་དུ་བཏང་སྟེ་དམ་དྲག་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པ་དང་སྦྲགས། པན་ཇི་ཀུ་ལཱ་གྲོང་ཁྱེར་དེའི་ནང་ཡོད་པའི་སློབ་གྲྭ་དང་གཞུང་དང་གཞུང་འབྲེལ་མིན་པའི་ལས་ཁུངས་ཁག་ཡོད་ཚད་སྒོ་རྒྱག་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་མ་ཟད། ངོ་རྒོལ་བ་འཛིན་བཟུང་བྱས་ཚེ་གནས་སྐབས་བཀག་སྐྱིལ་ཆེད་ཁུལ་དེའི་རྩེད་འགྲན་ར་བ་(stadiums)ཆེན་པོ་གསུམ་གྲ་སྒྲིག་བྱས་ཡོད་འདུག
བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། ད་ལྟ་ཁྲིམས་ཁང་དེའི་ཉེ་འཁོར་དུ་འདུ་འཛོམས་བྱས་ཡོད་པའི་མི་མང་འབུམ་ ༢ ལྷག་གིས། ཁོ་ཚོ་ཆོས་དཔོན་ཁྲིམས་ཁང་དུ་འཁྲིད་སྐབས་ལམ་བར་ནས་ཞལ་མཇལ་ཆེད་འདུ་འཛོམས་གནང་བ་ཡིན་སྐོར་བརྗོད་ཡོད་ཀྱང་། མངའ་སྡེ་གཞུང་ནས་མི་མང་འཕོན་ཆེན་འདུ་འཛོམས་ཀྱིས་ཁྲིམས་ཁང་གི་ཐག་གཅོད་ལ་ངོ་རྒོལ་བྱེད་འཆར་ཡོད་པའི་ཚོད་དཔག་དོགས་ཟོན་བྱེད་ཀྱི་ཡོད་འདུག
 
ཆོས་དཔོན་རམ་རཱ་ཧིམ་སིང་གི་རྙོག་དྲ་དེ་བྱུང་ནས་ལོ་ ༡༢ ཕྱིན་ཡོད་པ་དང་། ཁོང་གིས་བཙན་གཡེམ་བྱས་པའི་ནག་ཉེས་དེ་མ་ཉེས་ཁ་ཡོག་རང་ཡིན་སྐོར་བརྗོད་དེ་ངོས་ལེན་གཏན་ནས་བྱས་མེད་པ་རེད། ཁོང་ནི་ཆབ་སྲིད་དང་འབྲེལ་བ་ཆེན་པོ་ཡོད་ཅིང་། རྒྱ་གར་གྱི་ཆོས་དཔོན་ཚོའི་ནང་ནས་སྐད་གྲགས་ཆེ་བའི་གྲས་ཤིག་ཡིན་ལ། འཛམ་གླིང་གི་ཕྱོགས་གང་ས་ནས་ཁོང་ལ་རྗེས་འཇུག་པ་ས་ཡ་བཅུ་ཕྲག་ཁ་ཤས་ཡོད་སྐོར་བརྗོད་ཀྱི་ཡོད་པ་མ་ཟད། རྗེས་འཇུག་པ་ཚོས་ཁོང་ནི་སྐྱེས་བུ་དམ་པ་ཙམ་མིན་པར་རྩོམ་པ་པོ་དང་། གསར་གཏོད་པ། ཚན་རིག་པ། ལྟ་གྲུབ་སྨྲ་བ། ཞི་བདེའི་ལས་འགུལ་བ། མི་གཞིའི་རིང་ལུགས་པ་སོགས་ཡིན་ཚུལ་འགྲེལ་བརྗོད་བྱེད་ཀྱི་ཡོད་འདུག
གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༨/༢༥

Leave a Reply

One thought on “ཆོས་དཔོན་ཞིག་ལ་ཁྲིམས་ཐག་གཅོད་རྒྱུ་རེད།

  1. གཞུང་པ་ཚེ་དབང་བསོད་ནམས་

    དྲང་བདེན་སྨྲ་བའི་ལྕེ་གཉིས་སུ་ལ་དབང་།
    དྲང་པོའི་གཏམ་དང་བཙན་པོའི་ཁྲིམས་།
    དྲང་སྲོང་རིག་པའི་འདོད་གཏམ་འོག་།
    དྲང་པོའི་གཏམ་ལ་བདེན་མཐའ་སྨིན་།