ཐེ་ལན་ཊིའི་སྲིད་བློན་ཟུར་པར་འཛིན་བཟུང་བཀའ་རྒྱ་བཏང་།

ཐེ་ལན་ཊིའི་སྲིད་བློན་ཟུར་པ་ལྕམ་ཡེན་ལག་ལགས་དུས་ཐོག་ཁྲིམས་ཁང་དུ་མ་བཅར་བར་བརྟེན་མོའི་གྱོད་གཞི་ཁྲིམས་བཤེར་ཀྱི་གཏའ་དངུལ་ཐེ་ལན་ཊིའི་སྒོར་ས་ཡ་ ༣༠ གཞུང་བཞེས་བཏང་ཡོད་འདུག

དེ་རིང་སི་ཨན་ཨན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཐེ་ལན་ཊིའི་ཆེས་མཐོའི་ཁྲིམས་ཁང་གིས་སྲིད་བློན་ཟུར་པ་(Yingluck Shinawatra)འཛིན་བཟུང་བཀའ་རྒྱ་བཏང་ཡོད་པ་དང་། ཁོ་མོའི་ཕྱི་ལོ་༢༠༡༤ལོར་སྲིད་བློན་ལས་གནས་ཁུར་སྐབས་ཐེ་ལན་ཊིའི་འབྲས་ཕྱིར་འཚོང་གི་ལས་འཆར་ཞིག་གཉེར་ཡོད་པ་དང་། ལས་འཆར་དེར་ཐེ་ལན་ཊི་གཞུང་དངུལ་ཨ་སྒོར་ཐེར་འབུམ་མང་པོས་འགྲོ་སོང་བཏང་སྟེ་རྒྱལ་ཁབ་ལ་གྱོང་གུད་ཆེན་པོ་ཕོག་པ་སྣང་མེད་བཏང་བའི་ཉེས་མིང་འོག་ཁྲིམས་གཏུག་བྱས་ཡོད་འདུག

ཁ་སང་གཟའ་པ་སངས་ཉིན་ནི་མོའི་གྱོད་དོན་ཁྲིམས་བཤེར་བྱེད་པའི་ཉིན་མོ་ཡིན་ནའང་། ཁྲིམས་ཁང་དུ་བཅར་མེད་པ་དང་། མོའི་ཁྲིམས་རྩོད་པ་ནོ་རཱ་ཝ་ཊི་ལར་ལིན་(Norawit Larlean)གྱིས་ཁྲིམས་ཁང་དུ་མོ་ནད་པ་ཡིན་པས་ཁྲིམས་རར་བཅར་ཐུབ་མེད་སྐོར་བརྗོད་ཡོད་ན་ཡང་། ནད་པ་ཡིན་པའི་སྨན་ཡིག་དཔང་རྟགས་སོགས་གང་ཡང་མཁོ་སྤྲོད་བྱས་མེད་པས་ཁྲིམས་ཁང་གིས་གནད་དོན་དེ་དང་ལེན་བྱས་མེད་པ་དང་། རྗེས་སུ་ཁྲིམས་རྩོད་པས་སི་ཨན་ཨན་གསར་ཁང་ལ་དོན་དངོས་སུ་མོ་ཐ་ལན་ཊིའི་ནང་དུ་ཡོད་དམ་ཕྱིའི་རྒྱལ་ཁབ་ཅིག་ཏུ་ཡོད་ཁོང་གིས་ཀྱང་ཤེས་རྟོགས་བྱུང་མེད་སྐོར་བརྗོད་ཡོད་པ་རེད།

མོའི་ལོ་ངོ་གཉིས་ཀྱི་གོང་ནས་ཁྲིམས་གཏུག་གྱོད་གཞིའི་གཏའ་མར་བཞག་པའི་ཐེ་ལན་ཊིའི་དངུལ་ས་ཡ་ ༣༠ སྤྲད་ཡོད་པ་གཞུང་བཞེས་བཏང་ཡོད་འདུག ད་ལྟ་ཁྲིམས་ཁང་གིས་མོའི་ཁྲིམས་བཤེར་དུས་ཡུན་ཟླ་ ༩ པའི་ཚེས་༢༧ ་བར་དུ་ཕྱིར་འགྱངས་བྱས་ཡོད་པ་དང་། གལ་སྲིད་ཉེས་མིང་དེའི་འོག་ཁྲིམས་ཐག་བཅད་པ་ཡིན་ན་ལྕམ་ཡེན་ལག་ལགས་ལ་ལོ་ ༡༠ ་ཡི་བཙོན་འཇུག་ཁྲིམས་ཆད་ཕོག་སྲིད་སྐོར་བསྒྲགས་འདུག

ཁ་སང་མོའི་རྒྱབ་སྐྱོར་བ་མང་པོ་ཞིག་གིས་ཁྲིམས་ཁང་གི་ཕྱི་ལོག་ནས་ཁྲིམས་བཤེར་ཐག་གཅོད་ཡག་པོ་ཡོང་རྒྱུར་སྒུག་ནས་བསྡད་ཡོད་ཀྱང་། མོ་རང་ཁྲིམས་རར་བཅར་མེད་པ་དང་གར་སོང་ཆ་མེད་དུ་གྱུར་བ་གོ་རྗེས་རྒྱབ་སྐྱོར་བ་རྣམས་ཁ་འཐོར་ཡོད་འདུག ཁ་སང་ཐེ་ལན་ཊི་གཞུང་ནས་མི་མང་གིས་ངོ་རྒོལ་བྱེད་པར་དོགས་ནས་སྲང་ལམ་ཁག་ཏུ་ཉེན་རྟོག་པ་ཕོན་ཆེན་པོ་འགྲེམས་འཇོག་བྱས་ཡོད་འདུག ཡིན་ནའང་། དངོས་སུ་ངོ་རྒོལ་བྱེད་མཁན་བྱུང་མེད་པ་རེད།

ཐེ་ལན་ཊིའི་ཆོལ་ལཱ་ལོང་ཁོན་(Chulalongkorn)གཙུག་ལག་སློབ་གཉེར་ཁང་གི་ཆབ་སྲིད་ཚན་རིག་པ་ཐེ་ཐི་ནན་(Thitinan Pongsudhirak)གྱིས། མོས་ལོ་ངོ་མང་པོ་ཞིག་ལ་ཧུར་ཐག་གིས་གྱོད་དོན་དེར་འཐབ་རྩོད་བྱས་པར་བསམ་ན། གྱོད་དོན་དེ་མཐར་བསྐྱེལ་བསམ་པ་ཞིག་ཡོད་ཀྱང་མོ་རང་གར་སོང་ཆ་མེད་དུ་སོང་བ་དེས་ཐེ་ལན་ཊིའི་མི་མང་ཧང་སང་བར་གྱུར་ཡོད་སྐོར་བརྗོད་འདུག

ཕྱི་ལོ་ ༢༠༡༡ ལོར་ལྕམ་ཡེན་ལག་ལགས་ལ་ཐེ་ལན་ཊིའི་སྲིད་བློན་འོས་འདེམས་ཁྲོད་རྒྱལ་ཁ་ཐོབ་རྗེས། ལོ་ངོ་༦༠ ནང་ཐེ་ལན་ཊིར་བུད་མེད་སྲིད་བློན་ཞིག་སླེབས་པ་ཐོག་མ་ཡིན་ན་ཡང་། ཕྱི་ལོ་ ༢༠༡༤ལོར་སྲིད་བློོན་དབང་ཆ་ལོག་པར་སྤྱད་དེ་རང་གི་ནང་མི་དང་སྲིད་དོན་ཚོགས་པའི་ཁེ་ཕན་ཆེད། མོའི་གཉེན་ཉེ་ཐྰ་ཝེལ་ (Thawil Pliensri)ཟེར་བ་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གི་མགོ་གཙོར་བསྐོས་པར་བརྟེན། རྒྱལ་ཁབ་ནང་སྲིད་དོན་དཀའ་རྙོག་ཆེན་པོ་བཟོས་པ་སོགས་ཀྱི་ཉེས་འཛུགས་འོག ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༢༣ ཉིན་མོ་སྲིད་བློན་ནས་གནས་དབྱུང་བཏང་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༨/༢༥

Leave a Reply

One thought on “ཐེ་ལན་ཊིའི་སྲིད་བློན་ཟུར་པར་འཛིན་བཟུང་བཀའ་རྒྱ་བཏང་།

  1. གཞུང་པ་ཚེ་དབང་བསོད་ནམས་

    ཆབ་སྲིད་རིག་པས་ཆབ་སྲིད་འཁོར་ལོ་བསྐོར་།
    ལས་རླུང་ཆེ་སྐབས་རང་ཕྱོགས་རང་ཉེ་སྲུང་།
    ལས་རླུང་གུད་དུས་བརྩོན་འཇུག་དོ་དམ་འོག་།
    གོ་ལ་གཅིག་རྒྱུར་ཆབ་སྲིད་སྐྱོང་སྟངས་གཅིག་།
    ཧཧཧཧཧ