ཕྱི་ལོ་ ༡༩༦༢ མ་རེད་ ༢༠༡༧ རེད། ནེ་རུ་མ་རེད་མོ་ཏི་རེད།

དྭང་ཟུར་ཟླ་བ།

དེང་སྐབས་རྒྱ་དཀར་ནག་བར་ས་མཚམས་རྩོད་རྙོག་བྱུང་སྟེ། འབྲས་ལྗོངས་མཐའ་མཚམས་སུ་ཕྱོགས་གཉིས་ཀྱི་དམག་མིའི་བར་གདོང་ཐུག་ཡང་ཡང་ཡོང་གི་ཡོད་པའི་སྐབས་འདིར། ཕྱོགས་གཉིས་པོས་ཕར་ཚུར་གོ་བརྡ་འཕེན་ཤུགས་ཆེ་རུ་དང་མྱུར་དུ་འགྲོ་བཞིན་པའི་སྒང་ཡིན་ཏེ། རྒྱ་ནག་ནས་རྒྱ་གར་ལ་ཕྱི་ལོ་ ༡༩༦༢ ལོའི་བསླབ་བྱ་དེ་དྲན་སྐུལ་བྱས་ཤིང་། རྒྱ་གར་ངོས་ནས་ཀྱང་ལོ་ངོ་ ༥༥ གོང་གི་ས་མཚམས་དམག་འཁྲུག་ཐུང་ངུ་དེར་ཕམ་པའི་རྒྱ་གར་དེ་ནི་ད་ལྟ་ཐོལ་བརྒལ་ཕྱིན་ཟིན་ཞེས་ཕས་རྒོལ་བྱེད་ཀྱི་ཡོད།

ད་ལྟ་དཀའ་ངལ་འཕྲད་བཞིན་པའི་འབྲོག་ལམ་ས་གནས་རྒྱ་མིས་བཙན་བཟུང་བྱས་པས་དཀའ་རྙོག་དེ་བཞིན་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པར་མ་ཟད། གསར་འགྱུར་བརྒྱུད་ལམ་ཁག་ནས་ཐོན་པ་ལྟར། ལ་དྭགས་ས་ཁུལ་དུ་ཡང་སྐབས་རེར་ཉེན་ཁ་ཡོང་བཞིན་འདུག དེའི་རྒྱུ་རྐྱེན་གཙོ་བོ་ནི། དང་པོ་རྒྱ་དམར་ནས་བོད་དེ་བཙན་དབང་དྲག་གནོན་ཐོག་ཧམ་ཟོས་བྱས་པ་དང་། གཉིས་པ་རྒྱ་གར་གཞུང་ནས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་ཁས་ལེན་གནང་བ་བཅས་ལ་བརྟེན་ནས་བྱུང་བ་ཞིག་རེད། དེ་མིན་བོད་དང་རྒྱ་གར་ས་མཚམས་ལས་རྒྱ་ནག་དང་རྒྱ་གར་ས་མཚམས་ཟེར་བ་རྩ་བ་ནས་ཡོད་པ་མ་རེད། འོན་ཀྱང་། རྒྱ་ནག་ནས་རྒྱ་གར་ལ་ཕྱི་ལོ་ ༡༩༦༢ ལོའི་བསླབ་བྱ་དེ་དྲན་སྐུལ་བྱས་ཟེར་བ་དེ་རྒྱ་ནག་རྦད་དེ་ནོར་བ་རེད། གང་ཡིན་ཟེར་ན་ལོ་གྲངས་ ༥༥ ནང་། རྒྱ་གར་གྱིས་དཔལ་འབྱོར་དང་། དྲག་པོའི་སྟོབས་ཤུགས་ཡར་རྒྱས་ཧ་ཅང་ཆེན་པོ་ཕྱིན་ཡོད་པ་རེད། རྒྱ་གར་གྱིས་གཞན་ས་དབང་བསྒྱུར་བྱ་རྒྱུའི་འཆར་གཞི་དང་སྲིད་ཇུས་མ་ཡིན་ཡང་རང་གི་རྒྱལ་ཁབ་སྲུང་སྐྱོབ་ཆེད་དམག་ཤུགས་ཀྱི་ནུས་པ། ས་མཚོ་གནམ་གསུམ་ཐོག་དེང་དུས་ཀྱི་མཚོན་ཆ་སོགས་གང་ཅིར་དཔའ་ཞུམ་དགོས་དོན་རྩ་བ་ནས་ཡོད་པ་མ་རེད། ལྷག་པར་རྡུལ་ཕྲན་མཚོན་ཆ་ཡོད་མཁན་ཡང་འདྲ་འདྲ་རེད།

རྒྱ་མིས་ཤེས་དགོས་པ་ཞིག་ལ། ད་ཆ་ ༡༩༦༢ མ་ཡིན་པར་ ༢༠༡༧ དང་ནེ་རུ་མ་རེད། མོ་ཏི་རེད། དེ་བཞིན་དེང་སྐབས་བོད་ཕྱི་ནང་གཉིས་ཀྱི་ནང་རང་རེའི་ན་གཞོན་མང་པོས་རྩ་དོན་ཆེད་རང་ལུས་མེ་བསྲེགས་གནང་ནས་རང་གི་རྩ་ཆེ་བའི་ལུས་སྲོག་དེ་ཡང་རྒྱལ་ཁབ་ཀྱི་རང་དབང་དོན་དུ་ལུས་པོ་མཆོད་འབུལ་གནང་བར་ཁོང་རྣམ་པས་རྒྱལ་ཞེན་སྙིང་སྟོབས་དང་དཔའ་མཛངས་གཟི་བརྗིད་ལ་བསྔགས་བརྗོད་གྲངས་ལས་འདས་པ་ཞུས་པ་དང་ཆབས་ཅིག རང་རེ་རྣམས་གྲངས་ཉུང་མི་རིགས་ཡིན་པར་བརྟེན། དེ་འདྲའི་དཔའ་བོ་གཅིག་ཉུང་དུ་ཕྱིན་པ་ཡིན་ན་ཡང་ཧ་ཅང་གིས་ཕམ་པོ་རེད། དེ་ལས་རྩ་དོན་ཆེད་ལས་འགུལ་མང་པོ་གནང་རྒྱུ་ཡོད་ལ། ལྷག་པར་རང་དབང་ལུང་པའི་ནང་གནས་པའི་ན་གཞོན་རྣམས་ལ་དེ་བས་ཀྱང་མང་བ་ཡོད་པ་རེད། དཔེ་མཚོན་ལྟ་བུ་ཞུས་ན། ན་གཞོན་ཕོ་མོ་སུ་ཡིན་ཡང་དྭང་སློབ་ནང་དྲག་པོའི་སློབ་སྦྱོང་བྱས་ཏེ་རྒྱ་མིས་རང་རེའི་ཉེས་མེད་བོད་མི་ཁྲི་ཕྲག་མང་པོའི་ཚེ་སྲོག་ཕྲོགས་པའི་ཤ་ལན་ལེན་པའི་གོ་སྐབས་ཡང་ཐོབ་སྲིད་པ་དང་། རང་གི་གནས་ཡུལ་རྒྱལ་ཁབ་ཆེད་ཚེ་སྲོག་ཤོར་ཡང་ཆུད་ཟོས་ཕྱིན་པ་རྩ་བ་ནས་མ་རེད། གལ་སྲིད་དེ་ལྟར་གོ་སྐབས་མ་ཐོབ་ན་ཡང་རང་གི་ཤེས་ཡོན་སློབ་སྦྱོང་ཡར་རྒྱས་གཏོང་རྒྱུའི་གོ་སྐབས་སོགས་མང་པོ་ཡོད་པ་རེད། དེ་བཞིན་དྭང་སློབ་དཀྱུས་མ་ཞིག་ཡིན་ཡང་རང་གི་ནང་མིར་ལྟ་རྟོག་གང་ལེགས་བྱ་ཐུབ་པ་དང་། ནང་མི་རྣམས་གཞིས་ཆགས་ནང་གཏན་ལྷིང་ངང་བསྡད་ཐུབ་པའི་ཁེ་ཕན་ཡོད་པ་རེད། མཐའ་མ་རྒས་ཡོལ་དུས་སུ་ཡང་དྭང་སློབ་ལས་ལྷག་པའི་རྒས་ཕོགས་དང་སྨན་བཅོས་སོགས་སྡེ་ཚན་གཞན་ལས་ལེགས་པ་ཡོད། བོད་མིའི་སྒྲིགས་འཛུགས་ཀྱི་ལྔ་དང་། ལྔ་བཅུའི་ལས་འཆར་དང་ཡང་འགལ་འཛོལ་མེད།

ལྷག་བསམ་ཀུན་སློང་ཡང་དག་ཐོག་བསྟན་པ་དང་འགྲོ་བའི་དོན་ཞབས་ཞུ་ཞུ་མཁན་གཅིག་དང་། མི་ཚེ་ཧྲིལ་པོར་དགོན་པའི་ནང་བཞུགས་མཁན་ཆོས་པ་གཉིས་སླེབ་ས་གཅིག་ཏུ་ཡིན་པའི་ཡིད་ཆེས་དང་། ཤེས་ཡོན་ལྡན་པའི་རྩོམ་པ་པོ་ཞིག་མ་ཡིན་ཡང་། རྒྱལ་ཞེན་ཅན་གྱི་བོད་མི་ཞིག་གིས་རང་སྣང་གང་དྲན་དུ་བྲིས།

མཆན། དྭང་ཟུར་དམག་མི་ཟླ་བ་ལགས་ཕྱི་ལོ་ ༡༩༥༩ ལོར་བོད་ནང་དུས་འགྱུར་བྱུང་སྐབས་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་ཏེ། ནམ་ཞིག་རྒྱ་ནག་དང་དམག་འཛིང་བྱེད་པའི་དམིགས་ཡུལ་བཟུང་སྟེ་རྡེ་ར་ལྡུན་དྭང་སློབ་དམག་སྒར་དུ་ཞུགས། ཕྱིས་སུ་ཁོང་གི་ཐོག་མའི་དམིགས་ཡུལ་དེ་འགྲུབ་མེད་ཀྱང་ལོ་ངོ་ ༣༠ རིང་དམག་ཞབས་ཞུས་ཡོད་པ་མ་ཟད། གནས་ཡུལ་རྒྱལ་ཁབ་རྒྱ་གར་གྱི་ཆེད་དུ་དམག་འཁྲུག་ནང་སྔ་རྗེས་ཐེངས་གསུམ་ལ་ཞུགས་ཏེ་གྲུབ་འབྲས་ཆེན་པོ་ཐོན་པར་བརྟེན། ཁོང་གི་དཔའ་འཛིང་རྟུལ་ཕོད་དང་རང་སྲོག་བློས་གཏོང་གི་ཆོད་སེམས་ལ་རྒྱ་གར་གཞུང་ནས་ཆེད་བསྟོད་ཀྱི་གཟེངས་རྟགས་རིམ་པ་གནང་ཡོད་པ་མ་ཟད། ཁོང་ནི་རྒྱ་གར་རྒྱལ་ཡོངས་ཀྱི་དམག་མིའི་གཟེངས་རྟགས་མཐོ་ཤོས་གསུམ་པ་ཤོ་རི་ཡ་ཅག་ར་ (Shaurya Chakra) ཐོབ་མཁན་བོད་རིགས་དང་པོ་དེ་ཡིན་འདུག

 

 

 

 

 

 

 

 

 

བསྐྱར་བཅོས།: ༢༠༡༧/༠༨/༢༨

Leave a Reply

3 thoughts on “ཕྱི་ལོ་ ༡༩༦༢ མ་རེད་ ༢༠༡༧ རེད། ནེ་རུ་མ་རེད་མོ་ཏི་རེད།

  1. བསྟན་འཛིན་ཉི་མ།

    རྒྱ་ནག་དང་རྒྱ་གར་གཉིས་ཀྱི་འགོ་དཔོན་ཐམས་ཅད་རྡོག་རྕ་ཆིག་དྲིལ་ཡིན་པ་ལས་ནམ་ཡང་ཕན་ཚུན་བར་ས་མཚོ་གནམ་གསུམ་གང་ནས་ཀྱང་དམག་རྒྱབ་མི་ནུས། །དཔལ་འབྱོར་གྱི་ཐོག་ནས་ཀྱང་གཅིག་ཕན་གཅིག་གྲོགས་བྱ་རྒྱུ་ལས་ཕན་ཚུན་བར་གནོད་ཚེ་བྱ་མི་རུང་། །དེང་རབས་ཉེར་གཅིག་གི་མི་རྣམས་འདས་པའི་ཉམས་མྱོང་ལས་རྣམ་དཔྱོད་ཁྱད་དུ་འཕགས་པ། སྙིང་རྗེ་ལྡན་པ། སྤྱི་སེམས་ཆེ་བ། གཞན་ཕན་ལྷག་བསམ་ཅན་ཤ་ཏག་རེད། །དེ་ཡང་རྒྱ་ནག་གཅིག་གི་སྲིད་འཇུས་ནི་ཧ་ཅང་བརྟན་པོ་རེད་སྙམ། །

  2. གཞུང་པ་ཚེ་དབང་བསོད་ནམས་

    འབྲོག་ལམ་མ་རེད་གྲོགས་ལམ་རེད་།
    རྒྱ་དཀར་ནག་གྲོགས་པོའི་གྲོགས་ལམ་རེད་།
    བོད་ཁྱུར་མིད་གཏོང་བའི་གྲོགས་ལམ་རེད་།