མྱོང་ཚོར་གྱི་ནུས་པ་གཞིར་བཞག་ཐོག་སྒྲིག་ལམ་གཅུན་ཐབས་ཞེས་པའི་ཟབ་སྦྱོང་ཚོཊ། 

ཤེས་རིག་བཀའ་བློན་མཆོག་གིས་བོད་སློབ་ཁག་གི་དགེ་རྒན་ཚོས་དུས་རབས་དང་བསྟུན་ནས་སློབ་གསོའི་ཐབས་ལམ་འཚོལ་རྒྱུ་ནི་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ སྟེང་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག  ཕྱི་ཚེས་ ༢༨ ནས་ ༢༩ བར་ཉིན་གྲངས་གཉིས་རིང་བལ་ཡུལ་དང་རྒྱ་གར་ནང་ཡོད་པའི་བོད་སློབ་ཁག་གི་སློབ་སྤྱི་དང་། མདུན་ལམ་སློབ་སྟོན་པ་མི་གྲངས་ ༣༠ ཙམ་ལ་མྱོང་ཚོར་གྱི་ནུས་པ་གཞིར་བཞག་ཐོག་སྒྲིག་ལམ་གཅུན་ཐབས་ཀྱི་ཟབ་སྦྱོང་སྤྲོད་ཀྱི་ཡོད་པ་དང་། ཟབ་སྦྱོང་དབུ་འཛུགས་ཐོག་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་། རྒྱ་གར་གྱི་ཤེས་ཡོན་སློབ་སྟོན་པ་ལྕམ་སན་ཇོ་ལེ་ (C.P Sanjoli) ལགས་དང་། སྐུ་ཞབས་ཆཱེམ་ནེ་ (H.S Chimni) ལགས། དེ་བཞིན་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་ཚན་པའི་ཚེ་རིང་སྒྲོལ་དཀར་ལགས་བཅས་ཕེབས་འདུག་ལ། ཟབ་སྦྱོང་ཐོག་བལ་ཡུལ་དང་རྒྱ་གར་གཉིས་ནང་ཡོད་པའི་བོད་སློབ་ཁག་གི་སློབ་སྤྱི་དང་མདུན་ལམ་སློབ་སྟོན་པ། སྐུ་ཚབ་བཅས་མི་གྲངས་སུམ་བཅུ་ཙམ་དང་། ཟབ་སྦྱོང་སྤྲོད་མཁན་ལ་རྒྱ་གར་གྱི་ཤེས་ཡོན་སློབ་སྟོན་པ་གཉིས་བཅས་འཛོམས་འདུག

མདུན་ལམ་སློབ་སྟོན་པ་ཚེ་རིང་སྒྲོལ་དཀར་ལགས་ཀྱིས། རྒྱ་གར་གྱི་ཁྲིམས་ནང་སློབ་ཕྲུག་ལ་ཉེས་རྡུང་གཏོང་ཆོག་གི་མེད་པ་ལྟར། བོད་སློབ་ཁག་མང་པོ་ཞིག་གི་ནང་དགེ་རྒན་གྱིས་སློབ་ཕྲུག་ལ་ཉེས་རྡུང་གཏོང་རྒྱུ་དེ་མེད་པ་བཟོས་ཚར་ཡོད་ཀྱང་། བཙན་བྱོལ་སྤྱི་ཚོགས་ནང་བོད་པའི་སློབ་གསོ་སྤྲོད་སྟངས་དེ་ཡག་པོ་འདུག་གསུང་མཁན་དང་ཡག་པོ་མི་འདུག་གསུང་མཁན་སྣ་ཚོགས་ཡོད་པ་རེད། ཤེས་རིག་ལས་ཁུངས་ཀྱི་ངོས་ནས་བོད་སློབ་ཁག་ནང་ཆོས་ལུགས་ལ་མ་བརྟེན་བའི་བཟང་སྤྱོད་ཀྱི་སློབ་གསོའི་ཐབས་ལམ་ལག་སྟར་བྱེད་ཀྱི་ཡོད་པ་ལྟར། ལས་གཞི་དེ་ལ་གཞིར་བཞག་ནས་དེ་ལན་སློབ་གྲྭ་ཁག་གི་སློབ་སྤྱི་དང་མདུན་ལམ་སློབ་སྟོན་པ་རྣམ་པ་ཚོར་མྱོང་ཚོར་གྱི་ནུས་པ་གཞིར་བཞག་ཐོག་སྒྲིག་ལམ་གཅུན་ཐབས་ཀྱི་ཟབ་སྦྱོང་སྤྲོད་ཀྱི་ཡོད་སྐོར་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ང་ཚོའི་ཕ་མེས་ཡང་མེས་རིང་ནས་ནང་དོན་རིག་པ་དེ་འཚེ་བ་མེད་པ་ཆགས་ཡོད་དུས། བོད་པའི་ཤེས་ཡོན་སློབ་གསོའི་ཐབས་ལམ་དེ་ཡང་འཚེ་བ་མེད་པའི་ཐོག་ནས་རྩ་བ་ཚུགས་ཡོད་པ་དང་། བོད་པའི་བུ་ཕྲུག་ཚོ་ཡིན་ནའང་། འཚེ་བ་མེད་པའི་ཁོར་ཡུག་དང་འཚེ་བ་མེད་པའི་སློབ་གསོའི་ཐབས་ལམ་བརྒྱུད་ནས་འཚར་ལོངས་བྱུང་ཡོད་དུས། དེས་བོད་པ་གཅིག་པུ་ཙམ་མིན་པར་རྒྱ་གར་སྤྱི་ཚོགས་དང་ཁོར་ཡུག་ལའང་ཕན་ཐོགས་ཞེ་དྲགས་ཡོང་གི་ཡོད་པའི་བཀའ་སློབ་རིམ་པར་ཕེབས་ཡོད་པ་ལྟར། ད་ལན་གྱི་ཟབ་སྦྱོང་དེ་བརྒྱུད་ནས་བོད་སློབ་ཁག་གི་སློབ་སྤྱི་དང་། དགེ་རྒན་རྣམ་པས་སློབ་ཕྲུག་ཚོར་འཚེ་བ་མ་ཡིན་པའི་ཐོག་ནས་སློབ་གསོ་སྤྲོད་ཐབས་ལ་ངེས་པ་རྙེད་པ་དང་དེ་ལ་ངོས་ལེན་གནང་བའི་རེ་བ་ཡོད་སྐོར་སོགས་བརྗོད་སོང་།

སློབ་སྟོན་པ་ལྕམ་སན་ཇོ་ལེ་ (C.P Sanjoli) ལགས་ཀྱིས། མོར་ལོ་ན་བཅུ་དྲུག་ཅན་གྱི་བུ་མོ་ཞིག་ཡོད་པ་དང་། ཉིན་ཞིག་བུ་མོས་སློབ་གྲྭའི་ནང་བྱུང་བའི་གནས་ཚུལ་ཡ་མཚན་ཞིག་བཤད་སོང་། དེ་ནི་སློབ་གྲྭའི་དགེ་རྒན་ཞིག་གིས་འཛིན་གྲྭའི་ནང་སློབ་ཕྲུག་ཅིག་ལ་སྐད་གསང་མཐོན་པོས་གཤེ་གཤེ་བཏང་བ་དང་། དགེ་རྒན་དེའི་གཏམ་སྤྱོད་ནི་ཧ་ཅང་ཞེད་སྣང་ཚ་བོ་ཞིག་ཡིན་པར་བརྟེན། བུ་མོས་མོརྲ མ་མ་སྐད་ལོག་མ་རྒྱག་ཅེས་བརྗོད་སོང་བ་དང་། དེ་བཞིན། འདས་པའི་ལོ་ངོ་འདི་དག་རིང་མོས་རྒྱ་གར་རྒྱལ་ཡོངས་ཀྱི་སློབ་གྲྭ་ཁག་མང་པོའི་དགེ་རྒན་དང་སློབ་སྤྱི། སློབ་སྟོན་པ་དང་སློབ་ཕྲུག་བཅས་ལ་སོ་སོའི་མྱོང་ཚོར་བརྗེ་རེས་དང་རྒྱུས་ལོན་བྱས་པ་བརྒྱུད། བྱིས་པ་སློབ་གསོས་སྐྱོང་བའི་ཐབས་ལམ་སྣ་ཚོགས་འཚོལ་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན་པའི་ངེས་ཤེས་རྙེད་སོང་བ་དང་། ང་ཚོའི་ཉིན་རེའི་འཚོ་བའི་ནང་སོ་སོའི་ལྡོག་ཕྱོགས་ཀྱི་གཏམ་སྤྱོད་ལ་ངོས་ཟིན་དང་ཡོ་བསྲང་བྱས་ཏེ་བྱིས་པ་སློབ་གསོས་སྐྱོང་བའི་ཐབས་ཤེས་ཡར་རྒྱས་གཏོང་དགོས་པ་དང་། དེ་ལྟར་བྱས་པ་ཡིན་ན། ང་ཚོའི་ཉི་མ་རེ་རེ་དང་འཛིན་གྲྭ་རེ་རེའི་ནང་བྱིས་པ་སློབ་གསོས་སྐྱོང་ཐབས་ཀྱི་འབད་བརྩོན་ལ་གྲུབ་འབྲས་འཐོན་རྒྱུ་ཡིན་སྐོར་སོགས་བརྗོད་སོང་།

ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས། སློབ་གྲྭ་སོགས་སྤྱི་སྒེར་གང་ཡིན་ཡང་ང་ཚོར་སྒྲིག་ལམ་དགོས་ཀྱི་ཡོད་པ་དང་། སྒྲིག་ལམ་ཡོད་ན་བརྟན་འཇགས་ཡོང་བ་དང་། བརྟན་འཇགས་བྱུང་ན་རིམ་གྱིས་ཡར་རྒྱས་ཡོང་གི་རེད། ཡིན་ནའང་སློབ་གྲྭ་ཁག་གི་སྔོན་མའི་སྒྲིག་ལམ་དང་གནས་སྟངས། ད་ལྟའི་སྒྲིག་ལམ་དང་གནས་སྟངས་གཉིས་བར་འགྱུར་བ་ཞེ་དྲགས་འགྲོ་བཞིན་ཡོད་པ་དང་། དེ་ཡང་རྒྱལ་ཁབ་ཀྱི་ཁྲིམས་ཀྱི་ཆ་ནས་འགྱུར་བ་འགྲོ་སྡོད་པ་དང་། སློབ་གྲྭ་སོ་སོའི་སྒྲིག་ལམ་གྱི་ཆ་ནས་འགྱུར་བ་འགྲོ་བཞིན་འདུག དངོས་ཡོད་གནས་ཚུལ་ནི། བྱིས་པའི་སེམས་ཁམས་ཀྱི་ཐོག་ལ་བསམ་བློ་བཏང་བ་ཡིན་ན་འགྱུར་བ་ཞེ་དྲགས་འགྲོ་བཞིན་ཡོད་པ་དང་། རྒྱ་གར་གྱི་ཁྲིམས་ནང་བྱིས་པར་ཉེས་རྡུང་གཏོང་ཆོག་གི་མེད་པ་དང་། དེ་བཞིན་སློབ་གྲྭ་སོ་སོའི་སྒྲིག་ལམ་གྱི་ཐོག་ནས་ཀྱང་སློབ་ཕྲུག་ལ་ཉེས་རྡུང་གཏོང་ཆོག་གི་མེད་པ་ཧ་ཅང་གསལ་བོ་རེད། དེར་མ་ཟད། སློབ་གྲྭ་ཁག་ཅིག་ནང་སློབ་ཕྲུག་ལ་ཉེས་རྡུང་བཏང་བ་ཡིན་ན། དེ་དགེ་རྒན་གྱི་ནོར་འཁྲུལ་ལ་བརྩིས་ནས་དགེ་རྒན་གྱི་གླ་ཕོགས་གཅོག་པ་སོགས་ཀྱི་ཉེས་ཆད་ཟུར་དུ་འགེལ་གྱི་ཡོད་པ་དང་། རྒྱུ་རྐྱེན་ལ་བརྟེན་ནས་དགེ་རྒན་ནང་ཁུལ་ཕན་ཚུན་འགྲིག་མཐུན་མ་ཡོང་བ་དང་སློབ་གྲྭའི་སྒྲིག་ལམ་ལག་བསྟར་མ་ཐུབ་པའི་གནས་ཚུལ་ཡང་མང་པོ་འབྱུང་གི་ཡོད་འདུག དེ་ནི་སྒང་ནས་ཐག་གཅོད་མཁན་དེས་སྤྱི་ཡོངས་ལ་རྒྱ་ཆེ་ས་ནས་བསམ་བློ་བཏང་ནས་ཐག་གཅོད་བྱས་པ་ཞིག་ཡིན་དུས། ཐག་གཅོད་ལ་ངན་ཁག་མེད་པ་ཞིག་དང་། འོག་གི་དགེ་རྒན་ཡིན་ནའང་སློབ་ཕྲུག་ཚོར་འདི་བྱོས་དང་འདི་བྱེད་མི་རུང་ཞེས་སློབ་སྟོན་གནང་དགོས་དུས། ཁོ་ཚོར་ཡང་ཐུགས་ཁག་མེད་པ་ཞིག་རེད། བོད་པའི་དགེ་རྒན་ཚོས་སློབ་ཕྲུག་ཚོར་ཉེས་རྡུང་གཏོང་བ་དེ་ལྟ་གྲུབ་ཀྱི་ཐོག་ནས་དང་། བསམ་བློ་གཏོང་སྟངས་ཀྱི་ཐོག་ནས་སྔོན་མའི་འཚོ་བའི་རྒྱུན་སྲོལ་གྱི་ཐོག་ནས་ཡུན་རིང་བོ་བརྒྱུད་ནས་སོ་སོའི་རྒྱུད་ལ་འབྱོར་བ་ཞིག་ཡིན་དུས། དེ་ལམ་སང་འགྱུར་བ་གཏོང་རྒྱུ་ཁག་པོ་ཡིན་པ་དང་། དེ་ལ་འགྱུར་བ་གཏོང་བར་ཐབས་ལམ་འཚོལ་དགོས་པ་དང་། དེ་ལན་གྱི་ཟབ་སྦྱོང་ནི་བོད་མིའི་སློབ་གསོ་གཏོང་སྟངས་ལ་འགྱུར་བ་གཏང་བའི་སྐས་འཛེག་ལྟ་བུ་ཆགས་ཀྱི་ཡོད། སློབ་གྲྭ་གཅིག་པུ་མིན་པར་སྤྱི་ཚོགས་ཐོག་གི་དཀའ་རྙོག་ག་རེ་ཡིན་ནའང་། དེ་སེལ་ཐབས་ཀྱི་སྐས་འཛེག་དེ་ཀུན་སློང་ཆགས་ཀྱི་ཡོད་པ་དང་། མིའི་ཁོང་ཁྲོ་དང་ངར་རྒྱལ་སོགས་ཚང་མ་མིའི་སེམས་ཚོར་ཆགས་ཀྱི་ཡོད་དུས། སོ་སོའི་སེམས་ཚོར་ལ་བདག་པོ་ཡག་པོ་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དཀའ་ངལ་དེ་བོད་པའི་སློབ་གྲྭ་ཁག་ནང་དུའང་འཕྲད་ཀྱི་ཡོད་པ་རེད། སྤྱིར་བཏང་དགེ་རྒན་གྱིས་སློབ་ཕྲུག་ལ་ཉེས་རྡུང་གཏོང་དོན་ནི་སློབ་ཕྲུག་དེ་ཡག་པོ་བཟོ་བའི་ཀུན་སློང་ཞིག་ཡིན་ནའང་། དུས་དང་བསྟུན་ནས་ཀུན་སློང་དེའི་ཐབས་ལམ་ལ་འགྱུར་བ་གཏང་སྟེ་ཉེས་རྡུང་མ་ཡིན་པའི་སློབ་གསོའི་ཐབས་ལམ་གཞན་བཙལ་ནས་གང་ཐུབ་ཐུབ་ཀྱིས་ལག་བསྟར་བྱེད་དགོས་པ་དང་། སྔོན་མའི་སྤྱི་ཚོགས་གྱི་ཁྲིམས་ཡིན་ན། རྐུས་བྱས་ན་ལག་པ་གཅོད་པ་དང་། སྐྱག་རྫུན་བཤད་ན་ལྕེ་གཏུབ་པ་སོགས་བྱེད་ཀྱི་ཡོད་ནའང་། ད་ལྟའི་སྤྱི་ཚོགས་དང་ཁྲིམས་ལ་འཕོ་འགྱུར་ཕྱིན་ཏེ། སྔོན་མའི་འཚེ་བའི་ཁྲིམས་རིགས་ད་ལྟ་བཀག་འགོག་བྱས་ཡོད་དུས། སྤྱི་ཚོགས་དཔལ་ཡོན་དང་མི་མང་གི་བསམ་བློ་ཡར་རྒྱས་སོང་བ་དང་བསྟུན་ནས། ང་ཚོས་བཟང་སྤྱོད་ཀྱི་ཐོག་ནས་འཕོ་འགྱུར་གཏོང་དགོས་པ་དང་། ནུབ་ཕྱོགས་རྒྱལ་ཁབ་ཁག་ཡིན་ན། སློབ་གྲྭའི་ནང་སློབ་ཕྲུག་ལ་ཉེས་རྡུང་བཏང་མི་ཆོག་པའི་སྒྲིག་ཁྲིམས་དེ་སྔོན་མ་ནས་གཏན་འབེབས་དང་ལག་བསྟར་བྱས་ཡོད་པ་མ་ཟད། ཐ་ན་བྱང་ཀོ་རི་ཡ་ཡན་ཆད་ནས་ཀྱང་སློབ་གྲྭའི་ནང་སློབ་ཕྲུག་ལ་ཉེས་རྡུང་གཏོང་བ་དེ་ཁྲིམས་ཀྱིས་བཀག་སྡོམ་བྱས་ཡོད་པ་རེད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུ་ཁྲིད་འོག རྩ་བའི་ང་ཚོ་བོད་པའི་སྤྱི་ཚོགས་དེ་ནང་ཆོས་དང་འབྲེལ་ཡོད་དུས། ཞི་བདེ་ལ་འབད་བརྩོན་དང་བཟང་སྤྱོད་ལག་ལེན་བསྟར་མཁན་གྱི་སྤྱི་ཚོགས་ཤིག་ཆགས་ཀྱི་ཡོད་དུས། ང་ཚོས་ངེས་པར་དུ་ཞི་བདེ་དང་བཟང་སྤྱོད། འཚེ་བ་མེད་པའི་སློབ་གསོའི་ཐབས་ལམ་ལ་འབད་བརྩོན་དང་མདུན་སྐྱོད་བྱེད་དགོས་ཀྱི་ཡོད། སློབ་གྲྭའི་ནང་དགེ་རྒན་རྣམ་པས་སློབ་ཕྲུག་ཚོར་བརྩི་མཐོང་དང་བྱམས་སྐྱོང་། ཡིད་ཆེས་བཅས་ཀྱི་ཁོར་ཡུག་ཅིག་བསྐྲུན་ཐུབ་པ་ཡིན་ན། ཁོར་ཡུག་དེའི་ནང་འཚར་ལོངས་བྱུང་བའི་སློབ་ཕྲུག་ཚོའི་ཤེས་ཡོན་ནི་ཡག་ཤོས་ཆགས་ཀྱི་རེད་ཅེས་པའི་བཤད་སྲོལ་ཞིག་ཡོད་པ་ལྟར། མ་འོངས་པར་བོད་སློབ་ཁག་གི་སློབ་སྤྱི་དང་སློབ་སྟོན་པ་རྣམ་པས་དགེ་རྒན་ཚོར་སློབ་ཕྲུག་རྣམས་སློབ་གསོས་སྐྱོང་བའི་ཐབས་ལམ་སྣ་ཚོགས་འཚོལ་ཐབས་དང་གང་ཐུབ་ཅི་ཐུབ་ཀྱིས་ཐབས་ཤེས་དེ་ལག་ལེན་བསྟར་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།

ཐེངས་འདིའི་ཉིན་གཉིས་རིང་གི་ཟབ་སྦྱོང་ཐོག སློབ་སྟོན་པ་ལྕམ་སན་ཇོ་ལེ་ (C.P Sanjoli) ལགས་དང་། སྐུ་ཞབས་ཆཱེམ་ནེ་ (H.S Chimni) ལགས་གཉིས་ཀྱིས། སོ་སོའི་མྱོང་ཚོར་གཞིར་བཞག་ནས་བོད་པའི་དགེ་རྒན་ཚོས་སློབ་ཕྲུག་ཚོར་སློབ་གསོ་སྤྲོད་ཐབས་ཀྱི་དཀའ་ངལ་ལ་གཏོང་ལེན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་སྤྲོད་ཀྱི་འདུག

 

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༨/༢༨

Leave a Reply

One thought on “མྱོང་ཚོར་གྱི་ནུས་པ་གཞིར་བཞག་ཐོག་སྒྲིག་ལམ་གཅུན་ཐབས་ཞེས་པའི་ཟབ་སྦྱོང་ཚོཊ། 

  1. གཞུང་པ་ཚེ་དབང་བསོད་ནམས་ཡ

    ཕྲུ་གུའི་བརྒྱུད་ལ་ཤེས་ཡོན་དང་ཡ་རབས་བཟང་སྤྱོད་འཇག་དགོས་ན་བོད་མི་རིགས་ཀྱིས་ཕ་མེས་ནས་བརྒྱུད་པའི་ནང་པའི་ལྟ་སྒྲུབ་ལ་འགན་འཁུར་ནས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་གི་བསླབ་བྱ་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་རྒྱུད་ནས་ཕྲུ་གུའི་ཤེས་ཡོན་དང་ཡ་རབས་བཟང་སྤྱོད་ཡར་རྒྱས་འགྲོ་དགོས་པ་དེ་སྔ་མོའི་སྲོལ་་རྒྱུན་གྱིས་བསྟན་པའི་བསླབ་བྱ་ཞིག་ཡིན་པ་དང་ད་ལྟའི་དུས་རབས་འདིར་ཕྲུ་གུའི་ཤེས་ཡོན་དང་བཟང་སྤྱོད་ཡར་རྒྱས་གཏོང་རྒྱུའི་ཐབས་ལམ་ཡག་ཤོས་དེ་མང་གཙོའི་ཁྲིམས་ལུགས་གཏན་འབེབས་རྒྱུད་ནས་འགྲོ་དགོས་པ་ལས་གང་ཟག་སྒེར་པ་ཞིག་གི་མྱོང་ཚོར་ལ་འགན་འཁུར་ནས་ཕྲུ་གུའི་ཤེས་ཡོན་དང་བཟང་སྤྱོད་ཡརརྒྱས་འགྲོ་བ་ལ་རེ་བ་བཅོལ་རྒྱུ་དེ་དག་གྲངས་མང་ཤེས་བྱའི་སློབ་གསོ་ལ་ཇི་ཙམ་གྱིས་ནུས་པ་འཐོན་མིན་ཚོད་ལྟའི་ནང་ལྷག་མི་འདུགམ་?