ཉིན་གསུམ་ནང་ཨ་ཌར་དང་པེན་གཉིས་ངེས་པར་དུ་མཐུད་ཐུབ་དགོས།

རྒྱ་གར་དཔྱ་ཁྲལ་ལས་ཁུངས་ཀྱིས་ཟླ་འདིའི་ཕྱི་ཚེས་ ༣༡ བར་དོ་བདག་སོ་སོའི་ཨ་ཌར་དང་པེན་ལག་ཁྱེར་གཉིས་ངེས་པར་དུ་མཐུད་དགོས་སྐོར་བསྒྲགས་འདུག

རྒྱ་གར་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་དཔྱ་ཁྲལ་ལས་ཁུངས་ཀྱིས་ཕྱི་ཟླ་ ༨ ཚེས་ ༣༡ བར་དུ་ཨ་ཌར་ལག་ཁྱེར་(Aadhaar)དང་། གཏན་འཇགས་དངུལ་རྩིས་ལག་ཁྱེར་(PAN)གཉིས་ངེས་པར་དུ་མཐུད་ཚར་དགོས་པའི་བཀའ་ཁྱབ་ཐེངས་གཉིས་པ་བཏང་འདུག རྒྱ་གར་གྱི་དཔྲ་ཁྲལ་ལས་ཁུངས་ཀྱིས་བཀའ་ཁྱབ་ཐེངས་དང་པོའི་ནང་། ད་ལོའི་ཕྱི་ཟླ་ ༧ པའི་བར་དུ་ལག་ཁྱེར་དེ་གཉིས་མཐུད་ཚར་དགོས་སྐོར་བརྗོད་ཡོད་ཀྱང་། རྒྱ་གར་བ་མང་པོ་ཞིག་གིས་ཨ་ཌར་དང་པེན་ལག་ཁྱེར་གཉིས་ཀྱི་བར་མིང་དང་སྐྱེས་ལོ་སྐྱེས་ཚེས་སོགས་མ་མཐུད་པའི་ནོར་འཁྲུལ་ཤོར་བསྡད་ཡོད་སྟབས། དེ་གཉིས་གནས་སྐབས་རིང་མཐུད་ཐུབ་ཀྱི་མེད་ཚུལ་བརྗོད་པར་ལྟར། རྒྱ་གར་དཔྱ་ཁྲལ་ལས་ཁུངས་ནས་ཕྱི་ཟླ་ ༨ ཚེས་ ༣༡ བར་དུ་དུས་འགྱངས་བྱས་ཡོད་པ་རེད།

རྒྱ་གར་དཔྱ་ཁྲལ་ལས་ཁུངས་ཀྱི་ལས་བྱེད་རྒན་པ་ཞིག་ལ་སླར་ཡང་ཨ་ཌར་དང་པེན་ལག་ཁྱེར་གཉིས་མཐུད་པའི་དུས་ཡུན་ཕྱིར་འགྱངས་བྱེད་ཀྱི་ཡོད་མེད་སྐོར་དྲིས་པར། ཁོང་གིས་དེ་གཉིས་མཐུད་ཆེད་དུས་ཚོད་འདང་ངེས་ཤིག་སྤྲད་ཟིན་པ་ཡིན་སྟབས། ཕལ་ཆེར་ཡང་བསྐྱར་ཕྱིར་འགྱངས་བྱེད་ཀྱི་མ་རེད་ཅེས་བརྗོད་འདུག

རྒྱ་གར་གྱི་ཕྱོགས་གང་ས་ནས་དཔྱ་ཁྲལ་ལས་ཁུངས་སུ་ད་དུང་ཡང་ལག་ཁྱེར་དེ་གཉིས་མཐུད་ཐུབ་ཀྱི་མེད་པའི་སྐོར་གནས་ཚུལ་སྣ་ཚོགས་འབྱོར་གྱི་ཡོད་པ་དང་། རྒྱ་གར་ཆེས་མཐོ་ཁྲིམས་ཞིབ་ཁང་དུ་ཨ་ཌར་ལག་ཁྱེར་ལ་བརྟེན་ནས་མི་སྒེར་གྱི་གསང་བ་མང་པོ་ཞིག་ཕྱིར་གྱར་བའི་ཉེན་ཁ་ཡོད་པ་མ་ཟད། རྒྱ་གར་གྱི་རྩ་ཁྲིམས་ནང་དུ་མི་ཞིག་ལ་མཚོན་ན་རང་སྒེར་གྱི་གསང་བ་བདག་སྲུང་བྱེད་པ་ནི་གཞི་རྩའི་རང་དབང་ཞིག་ཡིན་པ་འཁོད་ཡོད་སྟབས། ཁྲིམས་རྩོད་པ་ཁ་ཤས་ཀྱིས་ཨ་ཌར་ལག་ཁྱེར་གྱི་ཆེད་དུ་མིག་དང་མཛུབ་རིས་སོགས་པར་ལེན་གྱིས་གློག་ཀླད་དུ་བཞག་པ་ནི་རྩ་ཁྲིམས་དང་བརྒལ་གྱི་ཡོད་སྐོར་བརྗོད་དེ་ཁྲིམས་ཁང་དུ་གཏུག་བཤེར་བྱས་ཡོད་ཀྱང་། ད་ལྟའི་བར་ཁྲིམས་ཁང་ནས་གནད་དོན་དེའི་ཐད་གསལ་བཤད་གསལ་པོ་ཞིག་བྱས་མེད་པར་བརྟེན། མི་མང་པོ་ཞིག་གིས་ཨ་ཌར་དང་པེན་གཉིས་མཐུད་པར་འགོག་རྐྱེན་ཡོང་ན་གནད་དོན་དེ་ནས་ཡོང་རྒྱུ་ཡིན་པའི་བསམ་ཚུལ་ཡོད་འདུག

འོན་ཀྱང་། རྒྱ་གར་གྱི་ཨ་ཌར་ལག་ཁྱེར་གྱི་ཡིག་ཆ་སྟངས་འཛིན་ཚོགས་པའི་འགན་འཛིན་ཨ་ཇེ་བྷུ་ཤན་པན་ཌེ་(Ajay Bhushan Pandey)ལགས་ཀྱིས། ད་ལྟ་ཨ་ཌར་ལག་ཁྱེར་གྱི་གནད་དོན་དེ་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་གཏུག་བཤེར་བྱས་ཡོད་པ་དེས་ཕལ་ཆེར་ལག་ཁྱེར་གཉིས་མཐུད་པར་དགག་བྱ་གང་ཡང་ཡོང་གི་མ་རེད་ཅེས་བརྗོད་འདུག

རྒྱ་གར་གཞུང་གིས་ཨ་ཌར་དང་པེན་ལག་ཁྱེར་གཉིས་ཕན་ཚུན་མཐུད་འབྲེལ་བྱེད་པ་དེ། ལྐོག་ཏུ་དཔྱ་ཁྲལ་མ་སྤྲོད་མཁན་དང་ཁྲིམས་འགལ་གྱིས་དངུལ་གསོག་འཇོག་བྱེད་མཁན་ཚོར་འཐབ་རྒོལ་བྱེད་པའི་ཐབས་ཇུས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་འདུག

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༨/༢༩

Leave a Reply