ཚོང་རྒྱག་པར་ལྐོག་དངུལ་སྤྲད་པ་དང་ཁྲལ་སྤྲད་པ་གཉིས་ལས་ལྐོག་དངུལ་སྤྲད་པ་མང་པོར་འགྱུར་གྱི་འདུག

བཙན་བྱོལ་བོད་མིའི་ཡར་ཐོན་ཚོང་པའི་འདུ་འཛོམས་སྟེང་དཔལ་འབྱོར་བཀའ་བློན་མཆོག་གིས་ཉིན་རེ་བཞིན་ལྐོག་དངུལ་སྤྲད་ནས་ཚོང་རྒྱག་པ་ལས་ཁྲལ་སྤྲད་པ་ཡིན་ན་སྤོབས་པ་ཆེན་པོས་ཚོང་རྒྱག་ཆོག་སྐོར་གསུངས་སོང་།

དེ་རིང་ཞོགས་པའི་ཆུ་ཚོད་༩ :༤༠ སྟེང་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་དབུས་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་གོ་སྒྲིག་འོག ཉིན་གཉིས་རིང་གི་བཙན་བྱོལ་བོད་མིའི་ཡར་ཐོན་ཚོང་པའི་འདུ་འཛོམས་ཐེངས་གསུམ་པ་དབུ་འཛུགས་གནང་སོང་བ་དང་། སྐུ་མགྲོན་གཙོ་བོར་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས། དཔལ་འབྱོར་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དྲུང་འཕར་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཀྱི་གཙོས་ཚོགས་འདུའི་ཐོག་གཏམ་བཤད་དང་བགྲོ་གླེང་གནང་མཁན་ཁག་ཅིག དེ་བཞིན་རྒྱ་བལ་གཉིས་ནས་ཕེབས་པའི་ཚོགས་ཞུགས་པ་གཉེར་གསར་རྙིང་གཉིས་ཀྱི་མི་གྲངས་ ༧༠ ལྷག་བཅས་ཁྱོན་མི་གྲངས་ ༩༠ ཡས་མས་ཤིག་འཛོམས་འདུག

ཚོགས་འདུའི་ཐོག་མར་དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས་ནས་ཚོགས་འདུ་ངོ་སྤྲོད་ནང་དོན། དཔལ་འབྱོར་ལས་ཁུངས་ཀྱི་ཡར་ཐོན་ཚོང་ལས་རམ་འདེགས་ཚན་པ་བཀའ་ཤག་གི་དགོངས་གཞི་ལྟར། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལ་དཔལ་འབྱོར་ཡར་རྒྱས་སྲ་བརྟན་ཡོང་ཐབས་དང་། བཙན་བྱོལ་སྤྱི་ཚོགས་ནང་གི་ན་གཞོན་ལས་མེད་ཀྱི་དཀའ་ངལ་སེལ་ཐབས་ལ་དམིགས་ནས་བཙུགས་པ་དང་། ལས་གཞི་འདི་བརྒྱུད་ནས་རང་རེའི་སྤྱི་ཚོགས་ནང་དུ་དེང་དུས་དང་མཐུན་པའི་ཡར་ཐོན་ཚོང་ལས་པ་དང་མཐུན་རྐྱེན་བཟོ་སྐྲུན་པ་གང་མང་སྐྱེད་སྲིང་ཡོང་ཐབས་དང་། དེ་ཡི་ཐོག་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་དཔལ་འབྱོར་ཡར་རྒྱས་དང་ལས་མེད་ཀྱི་གྲངས་ཀ་ཉུང་དུ་འགྲོ་བར་དམིགས་ནས་ལོ་རེ་བཞིན་ཡར་ཐོན་ཚོང་པའི་ཚོགས་འདུ་ཚོགས་ཀྱི་ཡོད་སྐོར་བརྗོད་སོང་།

ཡང་ཁོང་གིས། དཔལ་འབྱོར་ལས་ཁུངས་ཀྱི་ཡར་ཐོན་ཚོང་ལས་རམ་འདེགས་ཚན་པ་བཙན་བྱོལ་ནང་གི་ན་གཞོན་ཚོང་ལས་པ་ཚོར་རམ་འདེགས་ཆེད་ཡིན་དུས། ལོ་རེ་བཞིན་ཚོང་ལས་རམ་འདེགས་ཡོད་པའི་གསལ་བསྒྲགས་གནང་ནས་སྙན་ཞུ་ཕུལ་མཁན་ཚོའི་ནང་ནས་དྲག་འདེམས་ཀྱིས། བདུན་ཕྲག་ལྔ་ཡི་རིང་ལ་ཚོང་ལས་ཕྱོགས་ནས་ཚོང་གི་འཆར་གཞི་བཟོ་སྟངས་དང་། ཁྲོམ་ར་བཙལ་སྟངས། རྩིས་ཁྲ་ཉར་སྟངས། དེ་བཞིན་ཁྲིམས་མཐུན་གྱི་ཚོང་ལས་དེབ་སྐྱེལ་གནང་ཕྱོགས་སྐོར་ལ་ཟབ་སྦྱོང་སྤྲོད་ཀྱི་ཡོད་པ་དང་། ཟབ་སྦྱོང་དེ་གྲུབ་པ་དང་ཚོང་ལས་ཐོག་དངོས་སུ་འགྲོ་མཁན་ཚོར་ཚོང་ལས་མ་དངུལ་མཐུན་རྐྱེན་གནང་གི་ཡོད་པ་དང་། ཚོང་ལས་མཁན་འདེམས་སྒྲུག་བྱ་སྟངས་དེ་བོད་པའི་སྤྱི་ཚོགས་ནང་ཚོང་ལས་ཕྱོགས་ལ་ཡག་པོ་ཡོད་པ་དང་། ཚོང་ལས་དེ་བརྒྱུད་ནས་བོད་པའི་སྤྱི་ཚོགས་ལ་ཕན་ཐོགས་མཁན་ཚོ་ཆེད་བསྐོས་འདེམས་སྒྲུག་ཚོགས་ཆུང་རིམ་པ་གསུམ་གྱིས་འདེམས་བཞིན་ཡོད་པ་དང་། ད་ལྟ་བར་དུ་ཚོང་ལས་རམ་འདེགས་མགོ་ཚུགས་ནས་ལོ་གསུམ་རིང་ཚོང་ལས་མཁན་མི་ ༡༧ དྲག་འདེམས་བྱུང་ཡོད་པ་དང་། དེ་དག་གིས་ད་ལྟ་ཚོང་ལས་མུ་མཐུད་གཉེར་བཞིན་པ་དང་ཁ་ཤས་ཡག་པོ་ཆགས་ཡོད་སྐོར་བརྗོད་སོང་།

སྐུ་མགྲོན་གཙོ་བོ་དཔལ་འབྱོར་བཀའ་བློན་མཆོག་གིས། བོད་པ་ཚང་མས་ཆབ་སྲིད་དང་གཞུང་ལ་ཞབས་ཞུ་ཞུ་ཐབས་མེད་དུས། ཁག་ཅིག་གིས་དཔལ་འབྱོར་གྱི་ཐད་ནས་དཀའ་ལས་བརྒྱབ་ནས་སོ་སོ་རང་ཉིད་ཚགས་ཚུད་པོ་དང་རང་གི་གྲོང་པ་ཁྱིམ་མཚེས་ལ་ཡག་པོ་ལྟ་ཐུབ་པ། དེ་བཞིན་སྤྱི་ཚོགས་ལ་ཕན་ཐོགས་སྒྲུབ་ཐུབ་པ་བྱུང་བ་ཡིན་ན། ང་ཚོའི་དམིགས་ཡུལ་གཙོ་བོ་དེ་རེད་ལ་དེ་ལྟར་བྱ་ཐུབ་ན་ང་ཚོ་རང་བཞིན་གྱིས་ཡག་པོ་ཡོང་གི་རེད། ང་ཚོར་དབུ་ཁྲིད་ནི་༧གོང་ས་མཆོག་ཡོད། རྩ་དོན་འཐབ་རྩོད་ཀྱི་འགན་ཞིག་ཡོད་དུས་ཚང་མས་འབད་བརྩོན་བྱ་དགོས་པ་ལས། ༧གོང་ས་མཆོག་ལ་ཚོགས་བཅར་དུ་སོང་ནས་བཀའ་སློབ་ལ་ཉན་སྐྱབས་བསུ་མཆི་ཟེར་ནས་ལག་ལེན་བསྟར་མ་ཐུབ་ན་ཡག་པོ་ཡོད་པ་མ་རེད། ཅེས་གསུངས་སོང་།

ཡང་བོད་རིགས་ཚོང་པ་ཚོས་ལྐོག་དངུལ་སྤྲད་པ་ལས་ཁྲིམས་མཐུན་ཁྲལ་སྤྲད་ན་ཡག་པོ་ཡོད་སྐོར་ཁོང་གིས། བོད་པ་ཚོང་ལས་མཁན་ཚོས་བཅའ་ཁྲིམས་དོན་ཚན་དྲུག་པའི་ནང་གསལ་བ་བཞིན་བོད་པ་གང་དུ་བསྡད་ཡོད་ན་དེ་ཡི་ཡུལ་ཁྲིམས་ལ་བརྩི་ཡི་ཡིན་ཟེར་བ་ལྟར། དཔལ་འབྱོར་ལས་ཁུངས་དང་འབྲེལ་བ་ཡོད་པའི་ཚོང་གཉེར་པ་ཚང་མས་ཚོང་ལས་དེ་ཁྲིམས་དང་མཐུན་པ་བྱ་རྒྱུ་གལ་ཆེན་པོ་ཡིན་པ་དང་། ཉིན་རེ་བཞིན་ལྐོག་དངུལ་སྤྲད་ནས་ཚོང་རྒྱག་པ་ལས་ཁྲལ་སྤྲད་པ་ཡིན་ན་སྤོབས་པ་ཆེན་པོས་ཚོང་རྒྱག་ཆོག་པ་རེད། དེ་མིན་ལྐོག་དངུལ་སྤྲད་ནས་ཚོང་བརྒྱབ་པ་དང་ཁྲལ་སྤྲད་པ་གཉིས་ལས་ལྐོག་དངུལ་སྤྲད་པ་མང་པོར་འགྱུར་བཞིན་ཡོད་སྐོར་བརྗོད་སོང་།

དཔལ་འབྱོར་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་སྐལ་རྡོར་ལགས་ནས་ཡར་ཐོན་ཚོང་པའི་ལས་གཞི་དེ་བཀའ་ཤག་སྐབས་བཅུ་བཞི་པ་དང་ད་ལྟའི་ལས་ཐོག་བཀའ་ཤག་སྐབས་བཅོ་ལྔ་པའི་ལས་གཞི་རྒྱ་ཆེན་པོ་དང་ཕུགས་རྒྱང་རིང་པོའི་ལས་གཞི་ཞིག་ཡིན་དུས། འདས་པའི་ལོ་གསུམ་ལ་ཕྱིར་བལྟས་ཤིག་བྱས་པ་ཡིན་ན་རིམ་པའི་ཡར་རྒྱས་འགྲོ་བཞིན་ཡོད་པ་དང་། ལས་གཞི་གང་ཞིག་ཡིན་ན་ཡག་པོ་ཆགས་རྒྱུར་སྒྲིག་འཛུགས་ཕྱོགས་ནས་འཆར་གཞི་བཟོ་པ་དང་མཐུན་རྐྱེན་སྦྱར་རྒྱུ་དེ་དག་ལས་འགན་གཙོ་བོ་ཆགས་ཡོད་ན་ཡང་། ལས་གཞི་དེ་ཡག་པོ་ཆགས་ཡོང་བ་ལ་གཙོ་བོ་མི་མང་གི་ངོས་ནས་ཆ་ཤས་བླངས་མཉམ་ཞུགས་གནང་དགོས་པ་གལ་ཆེན་པོ་ཡིན་སྐོར་དང་། ཨ་རིའི་གཞུང་ངོས་ནས་རོགས་སྐྱོར་གནང་བ་བརྒྱུད་ད་ལན་ཚོགས་འདུའི་ལོ་བཞི་པ་དེ་ཆགས་ཀྱི་ཡོད་དུས། ང་ཚོས་དེའི་སྐོར་ལ་ཞིབ་འཇུག་བྱས་ཏེ་རོགས་སྐྱོར་དེའི་གྲུབ་འབྲས་ག་ཚོད་ཅིག་བྱུང་གི་ཡོད་མེད་ཀྱི་སྙན་ཐོ་ཞིག་འདོན་གྲབས་ཡོད། སྙན་ཐོ་དེའི་ནང་དུ་གསལ་བོ་དང་སྤུས་དག་པོ་ཞིག་ཡོང་ཐབས་བྱེད་བཞིན་ཡོད་ལ། སྙན་ཐོ་དེ་བརྒྱུད་ནས་མ་འོངས་པར་ང་ཚོས་མུ་མཐུད་ལས་གཞི་འདིའི་སྐོར་ནས་ཚགས་ཚུད་པོ་དང་ལས་གཞི་གསར་པ་རིགས་ག་རེ་བྱ་དགོས་མིན་ལ་འཆར་གཞི་འཐེན་རྒྱུ་ཡིན་སྐོར་བརྗོད་སོང་།

ད་ལོར་ཚོང་ལས་མཁན་གྱི་མ་དངུལ་རོགས་སྐྱོར་ནང་མཉམ་ཞུགས་གནང་མཁན་བོད་རིགས་ཚོང་ལས་བ་ ༡༠ ཡོང་ཡོད་པ་དང་། དེ་རིང་བསྐྱར་དུ་འདེམས་སྒྲིག་གིས་ཁོང་ཚོའི་ཚོང་ལས་ཀྱི་ཁ་ཕྱོགས་དང་དམིགས་ཡུལ། ཚོང་ལས་མ་དངུལ་རོགས་སྐྱོར་གྱི་ཚད་གཞི་ག་འདྲ་ཞིག་དགོས་མིན་སོགས་ལ་བལྟས་ཏེ་མཐའ་མའི་འདེམས་སྒྲུག་བྱ་རྒྱུ་ཡིན་འདུག་ལ། སང་ཉིན་ཕྱི་དྲོར་འདུ་འཛོམས་གྲོལ་སྐབས་དཔལ་འབྱོར་བཀའ་བློན་མཆོག་ནས་མཇུག་བསྡོམས་ཀྱི་གསུང་བཤད་གནང་རྒྱུ་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༨/༣༠

Leave a Reply

2 thoughts on “ཚོང་རྒྱག་པར་ལྐོག་དངུལ་སྤྲད་པ་དང་ཁྲལ་སྤྲད་པ་གཉིས་ལས་ལྐོག་དངུལ་སྤྲད་པ་མང་པོར་འགྱུར་གྱི་འདུག

  1. གཞུང་པ་ཚེ་དབང་བསོད་ནམས་ཡ

    བཙན་བྱོལ་བོད་མིའི་དཔལ་འབྱོར་ཡར་རྒྱས་དང་ཁྲིམས་མཐུན་དུ་ཁ་ཕྱོགས་རྒྱུ་དེ་གལ་ཆེན་དོན་ཆེན་ཡིན་པ་ཤེས་པའི་ཐོག་ནས་དབུས་བོད་མིའི་སྒྲིག་འཛུགས་ལ་ཐུགས་རྗེ་ཆེ་ཞུ་གི་ཡོད་ལ་གལ་ཆེ་ཤོས་དེ་བཙན་བྱོལ་བོད་མིའི་གཞིས་ཆགས་བསྲ་བརྟན་དང་རྒྱུན་གནས་ཐུབ་པའི་ཆེད་གཞིས་ཆགས་ནང་སྤྱི་སྒེར་ཁག་ནས་འཛུགས་བསྐྲུན་གྱི་ལས་གཞི་དང་ཁྱིམ་ཚང་སྒེར་གྱི་འཚོ་བ་ལ་འགན་སྲུང་ཐུབ་པའི་གྲངས་མང་ལས་གཞི་ལ་འགན་འཁུར་ནས་གསར་གཏོད་གནང་དགོས་པ་དེ་གཞིས་ཆགས་བསྲ་བརྟན་དང་རྒྱུན་”ཐུབ་པའི་རྨངས་གཞི་ངོ་མ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད་ལ་གཞིས་ཆགས་ནང་ཁྱིམ་ཚང་སོ་སོར་ཡོང་འབབས་ལས་གཞི་གསར་གཏོད་གནང་དགོས་པ་དེ་དཔེ་ཚོན་ཙམ་ཞུས་ན་གཞིས་ཆགས་གཅིག་གི་ནང་ཁྱིམ་ཚང་མཉམ་རུབ་བྱས་ནས་ཡོང་འབབས་ལས་གཞི་བཟོ་ཐུབ་པ་ཁྱིམ་ཚང་བཞི་མཉམ་འདུས་ཀྱི་ཕྱུགས་གསོ་ཁང་བདག་ཉར་བྱ་རྒྱུ་དེ་ལས་སླ་ཤོས་དང་ཡོང་འབབས་ཆེ་ཤོས་ཡིན་པ་དང་ཁྱིམ་ཚང་སོ་སོ་ནས་ཡིག་ལྐོག་བཟོ་རྒྱུ་དང་ཤོག་གུའི་ཕོར་བ་ཤོག་གུའི་སྡེར་མ་སོགས་གྲངས་མང་ཡོང་འབབས་ལས་གཞི་གཞིས་མིའི་མངོན་འདོད་དང་ནུས་པ་འཇོན་སྟངས་ལ་ཞིག་པའི་གསར་གཏོད་བརྒྱུད་ནས་གཞིས་ཆགས་བསྲ་བརྟན་དདགོས་པ་ལས་གནས་ཡུལ་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཆེ་ཁག་ནང་བོད་མི་ཁྱིམ་ཚང་རེ་ཙམ་གཉིས་ཙམ་གྱི་འཚོ་བ་ཡར་རྒྱས་གཏོང་ཆེད་དབུས་བོད་མིའི་སྒྲིག་འཛུགས་ནས་མཐུན་བསྒྱུར་གནང་བ་དེ་དག་གཞིས་ཆགས་བསྲ་བརྟན་དང་རྒྱུན་གནས་ལ་ཕན་གནོད་ཡོད་མེད་དེ་ཡང་ང་ཚོའི་ཐུགས་སྣང་གནང་དགོས་པ་མ་ཟད་ལོ་རབས་དགུ་བཅུའི་ནང་བོད་མི་གཅིག་སྟོང་ཨ་རིར་གཞིས་བསྐྱོད་བཏང་བ་དེ་ཚོར་ང་ཚོའི་ཕྱི་མིག་བལྟ་སྐབས་ང་ཚོ་ནི་ཆབ་སྲིད་ཀྱི་བཙན་བྱོལ་མ་ཡིན་པ་དཔལ་འབྱོར་གྱི་བཙན་བྱོལ་བ་ཞིག་ཡིན་པ་ང་ཚོའི་འཛམ་གླིང་ལ་འབྲེལ་བཤད་རྒྱབ་ཚར་བ་མ་རེད་དམ་?

  2. རྡ་སའི་ཐང་ཁྲོམ་སྟོན་མཁན་དེ་ཚོ་ཉིན་རེ་བཞིན་ལྐོག་དངུལ་སྤྲད་ནས་ཚོང་རྒྱག་མཁན་གྱི་གྲས་སུ་འགྲོ་འམ་མི་འགྲོ །