རཱོ་ཧིན་གྷ་ཡའི་བྲོས་བྱོལ་བ་ཚོ་བྷང་ལ་དེ་ཤཱའི་ས་མཚམས་ནས་བཀག

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྷང་ལ་དེ་ཤི་གཞུང་ལ་རཱོ་ཧིན་གྷ་ཡ་ནས་བྷང་ལ་དེ་ཤི་ལ་བྲོས་བྱོལ་དུ་ཡོང་བའི་སྐྱབས་བཅོལ་བ་ཚོར་སྣེ་ལེན་བྱེད་དགོས་པའི་རེ་འདུན་བཏོན་འདུག
ཁ་སང་རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ལམ་སླར་ཡར་འབར་མའི་(Burma)ས་གནས་རཱོ་ཧིན་གྷ་ཡ་(Rohingya)ནང་དྲག་གནོན་གྱི་ཟིང་ཆ་བྱུང་སྟེ། མི་གྲངས་ ༦༠༠༠ ལྷག་འབར་མ་ནས་བྷང་ལ་དེ་ཤི་(Bangladesh)རྒྱལ་ཁབ་ཕྱོགས་སུ་བྲོས་བྱོལ་དུ་ཕྱིན་ཡོད་ཀྱང་། བྷང་ལ་དེ་ཤི་མཐའ་མཚམས་དམག་མིས་ཁོང་ཚོར་བྷང་ལ་དེ་ཤིའི་ནང་འཛུལ་མ་བཅུག་པའི་གནས་ཚུལ་ཐོན་ཡོད་འདུག་ལ། བྷང་ལ་དེ་ཤི་དང་འབར་མ་གཉིས་ཀྱི་ས་མཚམས་སུ་ནཱེ་ཕ་(Naf River)ཞེས་པའི་རྒྱུག་ཆུ་ཞིག་ཡོད་པ་དང་། དེས་རྒྱལ་ཁབ་གཉིས་ཀྱི་ས་མཚམས་འབྱེད་ཀྱི་ཡོད་པ་རེད།
ཟླ་འདིའི་ཕྱི་ཚེས་ ༢༩ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྷང་ལ་དེ་ཤི་གཞུང་ལ་དྲག་གནོན་གྱི་འོག་ནས་བྲོས་བྱོལ་དུ་ཡོང་བའི་རཱོ་ཧིན་གྷ་ཡའི་སྐྱབས་བཅོལ་བ་ཚོར་སྣེ་ལེན་ཞུ་དགོས་པ་མ་ཟད། རྨས་སྐྱོན་ཐེབས་པའི་མི་རྣམས་ལ་དམིགས་བསལ་གྱིས་ལྟ་རྟོག་དང་སྨན་བཅོས་ཀྱི་མཐུན་སྦྱོར་རོགས་རམས་བྱེད་དགོས་པའི་རེ་འདུན་བཏོན་ཡོད་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བརྗོད་པ་ལྟར་ན། འདས་པའི་ལོ་ངོ་གསུམ་ནང་འབར་མ་ནས་བྷང་ལ་དེ་ཤི་རྒྱལ་ཁབ་ཏུ་མི་གྲངས་ ༥༢༠༠ བཙན་བྱོལ་དུ་ཕྱིན་ཡོད་སྐོར་བརྗོད་འདུག་ལ། ད་ལན་གྱི་འབར་མའི་བདེ་སྲུང་དམག་མི་དང་རཱོ་ཧིན་གྷ་ཡའི་དྲག་སྤྱོད་པ་གཉིས་ཀྱི་འཐབ་རྒོལ་དྲག་པོའི་ཁྲོད་དུ་ཉུང་མཐར་ཉེས་མེད་མི་གྲངས་ ༡༡༠ ལྷག་འདས་གྲོངས་སུ་ཕྱིན་ཡོད་འདུག
 ད་ལྟའི་ཆར་བྷང་ལ་དེ་ཤི་ནང་རཱོ་ཧིན་གྷ་ཡ་ནས་བྲོས་བྱོལ་དུ་སླེབས་པའི་ཁྱོན་བསྡོམས་མི་གྲངས ༤༠༠༠༠༠ ཙམ་ཡོད་སྟབས། བྷང་ལ་དེ་ཤི་གཞུང་གིས་འབར་མ་ནས་བྲོས་བྱོལ་དུ་ཡོང་མཁན་ཚོར་ས་མཚམས་ནས་དམ་དྲག་བྱེད་དགོས་པའི་བཀའ་བཏང་ཡོད་འདུག་ལ། བྷང་ལ་དེ་ཤིའི་མཐའ་མཚམས་དམག་མིས་བརྗོད་པ་ལྟར་ན། རཱོ་ཧིན་གྷ་ཡའི་དྲག་གནོན་ལས་ཐར་ཕྱིར་མི་གྲངས་ ༡༠༠༠༠ ལྷག་གིས་ཉེ་འཁོར་གྱི་རི་དང་ཤིང་ནག་གསེང་དུ་གབ་ཡིབ་བྱས་དང་བྱེད་མུས་ཡིན་འདུག 
བྷང་ལ་དེ་ཤི་མཐའ་སྲུང་དམག་མི་ཞིག་གིས། བྷང་ལ་དེ་ཤི་གཞུང་གིས་རཱོ་ཧིན་གྷ་ཡའི་སྐྱབས་བཅོལ་བ་ཚོར་བྷང་ལ་དེ་ཤིའི་ནང་འཛུལ་བར་བཀག་བསྡོམས་བྱེད་དགོས་པའི་བཀའ་ཁྱབ་བཏང་ཡོད་ཀྱང་། བྲོས་བྱོལ་བའི་གནས་སྟངས་ལ་སྙིང་རྗེ་སྐྱེས་ཏེ་ལྐོག་ནས་མང་པོ་ཞིག་ལ་ས་མཚམས་བརྒལ་བར་བཀག་བསྡོམས་བྱས་མེད་པའི་སྐོར་བརྗོད་ཡོད་པ་དང་། ཡང་མཐའ་སྲུང་དམག་མི་གཞན་ཞིག་གིས་གསང་བའི་ཐོག་ནས་བྲོས་བྱོལ་བའི་ཁྲོད་དུ་ཕྲུ་གུ་དམར་འབྱར་བཙས་མ་ཐག་པ་དེ་འདྲའང་འདུག གྲང་ངར་གྱིས་པ་ཕྲུ་གུ་དམར་འབྱར་དེ་དག་འཆི་ཉེན་ཡོད་སྟབས་ས་མཚམས་ནས་འགོག་ཐབས་མི་འདུག ཅེས་བརྗོད་འདུག
རྒྱལ་སྤྱི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༨ ནས་བྷང་ལ་དེ་ཤིའི་མཐའ་མཚམས་དམག་མིས་རཱོན་ཧིན་གྷ་ཡའི་མི་ས་མཚམས་ནས་ཇུས་བཟུང་གིས་གནས་སྐབས་བཀག་སྐྱིལ་བྱས་ཏེ། སླར་ཡར་རཱོ་ཧིན་གྷ་ཡར་ཕྱིར་ལོག་གཏོང་གི་འདུག་སྐོར་བརྗོད་ཡོད་པ་རེད།
རཱོ་ཧིན་གྷ་ཡའི་མི་རིགས་ནི་འབར་མའི་གདོད་མའི་མི་རིགས་མིན་སྟབས། འབར་མའི་མི་རིགས་དངོས་ཡིན་པར་རློམ་མཁན་ཚོས་ཁོང་ཚོར་དམའ་འབེབས་བྱེད་ཀྱི་ཡོད་པ་དང་། རཱོ་ཧིན་གྷ་ཡའི་མི་མང་མང་པོ་ཞིག་ལ་ད་དུང་ཡང་མི་སེར་ལག་ཁྱེར་ཐོབ་མེད་པ་མ་ཟད། ཉིན་རེའི་ལྟོ་གོས་ཆེད་རང་མོས་ལྟར་ལས་རིགས་བྱེད་བཅུག་གི་མེད་ཚུལ་བརྗོད་ཀྱི་ཡོད་པ་རེད།
གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༨/༣༡

Leave a Reply

One thought on “རཱོ་ཧིན་གྷ་ཡའི་བྲོས་བྱོལ་བ་ཚོ་བྷང་ལ་དེ་ཤཱའི་ས་མཚམས་ནས་བཀག

  1. གཞུང་པ་ཚེ་དབང་བསོད་ནམས་ཡ

    དུས་རབས་ཉེར་གཅིག་འཛམ་གླིང་ཡར་འཐོན་སྐབས་།
    ས་ཁུག་ལུང་ཁུག་འབར་མའི་ཤིང་ནག་སེབ་།
    མི་རིགས་དབྱེ་འབྱེད་གྲལ་རིམ་ཐབ་རྩོད་འོག་།
    གྲངས་ཉུང་མི་རིགས་གསོན་པའི་ནུས་པ་བྲལ་།