པཱ་ཀི་སི་ཐན་གྱིས་དྲག་སྤྱོད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་སྐད་ཆ་དེ་གླེང་མི་ཆོག 

རྒྱ་ནག་གཞུང་གིས་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ལྔའི་ཚོགས་ཆེན་ཐོག་རྒྱ་གར་གྱིས་པཱ་ཀི་སི་ཐན་གཞུང་གིས་འཇིགས་སྐུལ་པ་ཚོར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་སྐད་ཆ་དེ་སློང་མི་ཆོག་སྐོར་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༣ ནས་ ༥ བར་རྒྱ་ནག་གི་གྲོང་ཁྱེར་ཞཱ་མེན་དུ་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ལྔ་ཡི་ཚོགས་ཆེན་ཐེངས་ ༩ པ་འཚོགས་རྒྱུ་ཡིན་པ་དང་། རྒྱ་གར་(NDTV)གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་སྲིད་བློན་མུ་དྷེ་མཆོག་ཀྱང་ཚོགས་ཆེན་དེའི་ཐོག་ཕེབས་རྒྱུ་ཡིན་སྟབས། རྒྱ་ནག་གཞུང་གིས་པཱ་ཀི་སི་ཐན་གྱིས་འཇིགས་སྐུལ་དྲག་སྤྱོད་པ་ཚོར་ནུས་ཤུགས་ཡོད་ཚད་བཏོན་ནས་འཐབ་རྒོལ་བྱེད་ཀྱི་ཡོད་པ་ངེས་པར་དུ་ཤེས་དགོས་སྐོར་བརྗོད་པ་དང་འབྲེལ། ད་ལན་གྱི་ཚོགས་ཆེན་དེའི་ཐོག་རྒྱ་གར་ཕྱོགས་ནས་པཱ་ཀི་སི་ཐན་གྱིས་འཇིགས་སྐུལ་རིང་ལུགས་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་སྐད་ཆ་དེ་གླེང་མི་ཆོག ཅེས་བརྗོད་འདུག

རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལྕམ་ཧྭ་ཁྲིན་ཡེན་(Hua Chunying)གྱིས།  རྒྱ་གར་ལ་པཱ་ཀི་སི་ཐན་དང་འབྲེལ་བའི་དཀའ་ངལ་ཁག་ཅིག་ཡོད་པ་ང་ཚོས་ཤེས་ཀྱི་ཡོད་ཀྱང་།  བདུན་ཕྲག་རྗེས་མའི་ཚོགས་ཆེན་ཐོག་པཱ་ཀི་སི་ཐན་འཇིགས་སྐུལ་རིང་ལུགས་པའི་ཁང་ཁྱིམ་ལྟ་བུར་གྱུར་ཡོད་སྐོར་གླེང་མི་ཆོག་ལ། འོས་འཚམ་གྱི་བརྗོད་གཞི་ཞིག་ཡང་མ་རེད། ཅེས་བརྗོད་ཡོད་པ་དང་།  དེ་ནི་རྒྱ་ནག་གཞུང་གིས་རང་གི་མཐུན་ཕྱོགས་རྒྱལ་ཁབ་པཱ་ཀི་སི་ཐན་ལ་རྒྱབ་སྐྱོར་དང་། དེའི་ཁ་གཏད་པ་ཚོར་བརྡ་ལན་སློག་ཐབས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་འདུག

བདུན་སྔོན་མའི་ནང་ཨ་རིའི་སྲིད་འཛིན་ཊི་རུམ་ཕིས་པཱ་ཀི་སི་ཐན་གྱིས་འཇིགས་སྐུལ་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་ཐད་སྐྱོན་བརྗོད་དྲག་པོ་བྱས་ཡོད་པའི་སྐོར་ནས་ཚོགས་ཆེན་ཐོག་སྐད་ཆ་བྱུང་རྒྱུ་ཡིན་མིན་དྲིས་པར་ཧྭ་ཁྲིན་ཡེན་གྱིས།   པཱ་ཀི་སི་ཐན་གྱིས་འཇིགས་སྐུལ་པ་ཚར་གཅོད་གཏོང་ཐབས་སུ་དཔུང་རོགས་ནུས་ཤུགས་ཚད་མེད་ཅིག་འདོན་གྱི་ཡོད་པ་འཛམ་གླིང་གིས་ངེས་པར་དུ་ཤེས་དགོས་ལ།   པཱ་ཀི་སི་ཐན་ནི་འཇིགས་སྐུལ་པའི་ཉེ་འཁྲིས་ཀྱི་ཁ་གཏད་པ་དེ་ཆགས་ཡོད་སྟབས།  རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་ངེས་པར་དུ་པཱ་ཀི་སི་ཐན་གྱིས་འཇིགས་སྐུལ་པར་འཐབ་སྟེ་བློས་བཏང་བྱས་བའི་བརྒྱུད་རིམ་དག་ལ་གདེང་འཇོག་བྱེད་དགོས།   ཞེས་བརྗོད་ཡོད་པ་དང་།  ཡང་གསར་འགོད་པ་ཞིག་གིས་ཚོགས་ཆེན་སྟེང་རྒྱ་གར་གྱི་སྲིད་བློན་མུ་དྷེ་མཆོག་དང་ཞི་ཅིན་ཕིན་གཉིས་ཟུར་དུ་ཐུག་འཕྲད་བྱས་ཏེ། རྒྱལ་ཁབ་གཉིས་བར་ནང་མོལ་བྱ་རྒྱུ་ཡིན་མིན་དྲིས་བར་ཧྭ་ཁྲིན་ཡེན་གྱིས་ཐད་ཀར་ལན་འདེབས་བྱས་མེད་པ་རེད།

ཚོགས་ཆེན་ཐོག་ཞུགས་པའི་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ལྔ་(BRICS)ནི་( Brazil, Russia, India, China, South Africa)བཅས་ཡིན་པ་དང་། ད་ལོར་རྒྱ་ནག་གིས་ཚོགས་ཆེན་དེའི་སྟེང་(Egypt, Kenya, Tajikistan, Mexico, Thailand) བཅས་དམིགས་བསལ་སྐུ་མགྲོན་དུ་སྐད་བཏང་ཡོད་འདུག

ཨ་རིའི་སྲིད་འཛིན་ཊི་རུམ་ཕིས་པཱ་ཀི་སི་ཐན་གྱིས་འཇིགས་རིང་ལུགས་པ་ཚོ་རྒྱལ་ཁབ་དེའི་ནང་བདེ་འཇགས་ཐོག་གནས་སྡོད་བྱེད་བཅུག་གི་ཡོད་པར་ངོ་རྒོལ་བྱས་རྗེས།  རྒྱ་ནག་གིས་ཨ་རིར་རྣམ་འགྱུར་ཡག་པོའི་ཐོག་ནས་པཱ་ཀི་སི་ཐན་ནི་ཨ་རིའི་ཨ་ཧྥི་གྷན་ནེ་སི་ཐན་གྱི་དཀའ་ངལ་སེལ་ཐབས་སུ་མེད་དུ་མི་རུང་བའི་དཔུང་རོགས་ཤིག་ཆགས་ཡོད་ཅེས་བརྗོད་ཡོད་པ་དང་། ཧྭ་ཁྲིན་ཡེན་གྱིས།  རྒྱ་ནག་གིས་པཱ་ཀི་སི་ཐན་དང་ལྷན་དུ་མཉམ་ལས་བྱས་ཏེ་རྒྱལ་སྤྱིའི་སྲིད་གཞུང་ཁག་མང་པོ་ཞིག་གི་འཇིགས་སྐུལ་པར་འཐབ་པའི་ཕུགས་མདུན་དེ་སྒྲུབ་ཀྱི་ཡིན། ཞེས་བརྗོད་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༧/༠༩/༠༡

Leave a Reply

One thought on “པཱ་ཀི་སི་ཐན་གྱིས་དྲག་སྤྱོད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་སྐད་ཆ་དེ་གླེང་མི་ཆོག