བོད་རིཊ་གཞོན་ནུ་ཞིག་ལ་མེ་མདས་བརྒྱབ་སྟེ་བསད།

ཨ་རིའི་མཱ་སི་ཆུ་སེ་སི་མངའ་སྡེའི་སཱོ་མེར་ཝིལ་གྲོང་ཁྱེར་ནང་གནས་སྡོད་བྱས་ཡོད་པའི་བོད་རིགས་གཞོན་ནུ་བསྟན་འཛིན་ཀུན་མཁྱེན་ཟེར་བ་ཞིག་ལ་མེ་མདས་བརྒྱབ་སྟེ་འདས་གྲོངས་སུ་ཕྱིན་འདུག

གོ་ལའི་བྷོ་སི་ཊོན་(Globe Boston)ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་སྔོན་མའི་ཕྱི་ཚེས་ ༢༩ ཉིན། ཨ་རིའི་མངའ་སྡེ་(Massachusetts) ནང་གི་གྲོང་ཁྱེར་སཱོ་མེར་ཝིལ་(Somerville)དུ་གནས་སྡོད་བྱས་ཡོད་པའི་བོད་རིགས་གཞོན་ནུ་བསྟན་འཛིན་ཀུན་མཁྱེན་ཟེར་བ་ཞིག་ལ་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་ཡོད་པ་དང་། ཉེན་རྟོག་པས་ཁོང་ས་གནས་སྨན་ཁང་དུ་བསྐྱལ་ཡོད་ཀྱང་འདས་གྲོངས་སུ་ཕྱིན་ཡོད་འདུག

སཱོ་མེར་ཝིལ་གྲོང་ཁྱེར་ཉེན་རྟོག་པས་བསྟན་འཛིན་ཀུན་མཁྱེན་ལ་བསམ་བཞིན་མེ་མདས་བརྒྱབ་པ་ཞིག་ཡིན་སྐོར་བརྗོད་ཡོད་ཀྱང་། ད་ལྟའི་ཆར་བསྟན་འཛིན་ཀུན་མཁྱེན་ལ་མེ་མདས་རྒྱག་མཁན་སུ་ཡིན་པ་དང་རྒྱུ་རྐྱེན་ཅི་ཡིན་སོགས་ཤེས་རྟོགས་ཐུབ་མེད་པ་རེད། ཡིན་ནའང་། ཁ་སང་གྲོང་ཁྱེར་དེའི་ཉེན་རྟོག་དཔོན་མ་རཱིན་ཡ་(Marian Ryan)ལགས་ཀྱིས། ང་ཚོས་དོན་རྐྱེན་འདིའི་བརྒྱུད་རིམ་ལ་ཞིབ་འཇུག་བྱས་རྗེས། ལོ་ན་ ༡༧ ཡིན་པའི་མིང་ལ་ཇཱོན་ཐན་པཱ་རེ་(Jonathan T.Perry)ཟེར་བའི་ཕོ་གསར་ཞིག་ལ་དོགས་གཞི་བྱུང་སྟབས། ད་ལྟ་ང་ཚོས་ཁོ་འཚོལ་ཞིབ་བྱེད་བཞིན་ཡོད། གང་ཡིན་ཟེར་ན། དཔྱད་ཞིབ་ལྟར་ན། དོན་རྐྱེན་བྱུང་སྐབས་ཇཱོན་ཐན་ཟེར་བའི་ཕོ་གསར་དེ་ཀུན་མཁྱེན་དང་ལྷན་དུ་ཡོད་ཀྱང་། དོན་རྐྱེན་བྱུང་རྗེས་ཇཱོན་ཐན་གར་སོང་ཆ་མེད་དུ་གྱུར་འདུག ཅེས་བརྗོད་འདུག

ཨ་རིའི་གྲོང་ཁྱེར་བྷོ་སི་ཊོན་བོད་རིགས་ཚོགས་པའི་མགྲིན་ཚབ་པ་བསྟན་འཛིན་བསོད་ནམས་ལགས་ཀྱིས། བསྟན་འཛིན་ཀུན་མཁྱེན་དང་ཁོའི་ནང་མི་ཚོ་ལོ་མང་སྔོན་རྒྱ་གར་ནས་ཨ་རིར་གནས་སྤོར་བྱས་པ་རེད། ཅེས་བརྗོད་འདུག་ལ། རང་ལོ་ ༡༦ ཡིན་པའི་བསྟན་འཛིན་ཀུན་མཁྱེན་ནི་ཨ་རིའི་གྲོང་ཁྱེར་སཱོ་མར་ཝིལ་ནང་དུ་འཚར་ལོངས་བྱུང་ཞིང་། ནམ་རྒྱུན་ལག་རྩེད་སྤོ་ལོ་རྩེད་རྒྱུར་ཧ་ཅང་དགའ་བོ་ཡོད་འདུག

ཀུན་མཁྱེན་གྱིས་རང་ཉིད་ཀྱི་སྤྱི་ཚོགས་འཕྲིན་ལམ་དུ་བཀོད་པའི་གནས་ཚུལ་ཞིག་ཏུ། ང་ནམ་ཡིན་ཡང་སཱོ་མེར་ཝིལ་སྤྱི་དམངས་སློབ་གསོའི་ཆ་ཤས་ཤིག་ཡིན། ང་གྲོང་ཁྱེར་སཱོ་མར་ཝིལ་ལ་དགའ་པོ་ཡོད། ངས་མུ་མཐུད་སཱོ་མར་ཝིལ་མཐོ་སློབ་འགྲིམས་ཏེ་ཉིན་ཞིག་བསླབ་པ་མཐར་ཕྱིན་པ་བྱ་རྒྱུ་ཡིན། ཞེས་བཀོད་ཡོད་འདུག

ཀུན་མཁྱེན་གྱི་སློབ་གྲོགས་ཁག་ཅིག་གིས། ཀུན་མཁྱེན་ནི་ནམ་རྒྱུན་ཡ་རབས་བཟང་སྤྱོད་ལྡན་པའི་གཞོན་ནུ་ཞིག་ཡིན་པས། ཁོ་ལ་གནས་ཚུལ་འདི་འདྲ་ཞིག་བྱུང་བ་ཧ་སངས་དགོས་པ་ཞིག་རེད། ཅེས་བརྗོད་འདུག་ལ། ཀུན་མཁྱེན་གྱི་སློབ་གྲོགས་ཌཱ་སིལ་ཝ་(DaSilva)ཡིས། ཀུན་མཁྱེན་གྱིས་ང་ལ་ནམ་རྒྱུན་སློབ་གྲྭ་ནས་ཐོན་རྒྱུ་མེད་པ་དང་། ཉལ་ཐ་དང་ཆང་རིགས་སྤྱོད་མི་ཉན་པའི་སློབ་གསོ་ཡང་ཡང་རྒྱག་མྱོང་སྐོར་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༧/༠༩/༠༡

Leave a Reply

2 thoughts on “བོད་རིཊ་གཞོན་ནུ་ཞིག་ལ་མེ་མདས་བརྒྱབ་སྟེ་བསད།

  1. བོད་ཡོནཏན་

    སྡུག་ཅོང་་་་
    འཇིག་རྟེན་དག་ཞིང་དུ་ཕེབས་པའི་་་་བོད་པ་ཚོ་་་་སྡུག་ཅོང་་་་གཞན་མ་མཆིས་་་

  2. གཞུང་པ་ཚེ་དབང་བསོད་ནམས་ཡ

    ཨ་ཁ་བོད་མིའི་ལས་དབང་ང་ཚོ་བོད་མི་རིགས་རང་ཉིད་ཀྱི་མ་འགྲིག་པ་རེད་དམ་་ང་ཚོར་མཐོང་ཆུང་དང་གཉའ་བཅོས་རེད་དེ་ཚོའི་ཐོག་ལ་ས་གནས་ས་ཐོག་ལ་ཡོད་པའི་འབྲེལ་ཡོད་འགན་འཁུར་ཡོད་་པའི་དབུས་ས་གཉིས་ཀྱི་་སྐུ་ཚབ་ཚོས་ཞིབ་འཇུག་དང་ཐུགས་སྣང་ངེས་པར་དུ་གནང་དགོས་པ་དེ་མི་ལ་མི་བདག་མེད་ན་ཡང་རོ་ལ་རོ་བདག་དགོས་པ་མ་རེད་དམ་?