ང་ཚོ་གཞུང་མང་གཉིས་ཀྱི་ཟམ་པ་ལྟ་བུ་བྱས་ཏེ་མི་མང་གི་བསམ་ཚུལ་གཞུང་ལ་ཞུ་རྒྱུ་ཡིན། 

བོད་མི་འདུས་སྡོད་ཀྱི་ས་གནས་ཆེ་ཁག་དྲུག་ཏུ་འོས་བསྡུའི་སྒྲིག་གཞིའི་སྐོར་ལ་བསམ་ཚུལ་བསྡུ་ལེན་བྱེད་སྐབས་སྔོན་འགྲོ་དང་དངོས་གཞི་གཉིས་ཀ་དགོས་ཟེར་མཁན་བརྒྱ་ཆ་ ༧༤ དང་། གྲྭ་བཙུན་རྣམས་ལ་འོས་ཤོག་གཉིས་འཕེན་པའི་ཐོབ་ཐང་ཡོད་པ་དེ་དམངས་གཙོའི་འགྲོ་ལུགས་དང་མི་མཐུན་པའི་བསམ་ཚུལ་འདོན་མཁན་བརྒྱ་ཆ་ ༧༠ བྱུང་འདུག

ཕྱི་ཚེས་ ༡ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤;༡༥ སྟེང་དྷ་ས་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། བོད་ཀྱི་འགྲོ་བ་མིའི་ཐོང་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་། བོད་ཀྱི་བུད་མེད་ལྷན་ཚོགས་གཉིས་ནས་དམངས་གཙོའི་གོ་རྟོགས་ལས་འགུལ་ཞེས་པའི་གསར་འགོད་ལྷན་ཚོགས་ཤིག་བསྡུས་སོང་བ་དང་། བདུན་ཕྲག་གཉིས་རིང་ཚོགས་པ་འདི་གཉིས་མཉམ་འབྲེལ་གྱིས་བོད་མི་རྣམས་ཀྱི་དམངས་གཙོའི་གོ་རྟོགས་གོང་འཕེལ་དང་། ཡར་རྒྱས་གཏོང་ཆེད་དུ་བཙན་བྱོལ་སྤྱི་ཚོགས་ཀྱི་ས་ཁུལ་ཆེ་ཁག་དྲུག་གི་ནང་དམངས་གཙོ་ཞེས་པའི་བརྗོད་གཞིའི་ཐོག་ལས་འགུལ་སྤེལ་ཡོད་འདུག

ལྷན་ཚོགས་ཀྱི་ཐོག་མར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་ལས་འགུལ་དེའི་དམིགས་ཡུལ་ངོ་སྤྲོད་གནང་སྐབས་མོས།  ང་ཚོ་དམངས་གཙོའི་སྤྱི་ཚོགས་ཤིག་ཡིན་སྟབས། དམངས་གཙོའི་གོ་རྟོགས་ཡོད་རྒྱུ་གལ་ཆེན་རེད་ལ།  ང་ཚོས་ད་ལན་གྱི་ལས་འགུལ་འདི་བརྒྱུད་དེ་བཙན་བྱོལ་སྤྱི་ཚོགས་ནང་ཡོད་པའི་བོད་མི་བྱིངས་ཀྱིས་སོ་སོའི་དམངས་གཙོའི་འཛིན་སྐྱོང་འདིའི་འགྲོ་ལུགས་འགྲོ་སྟངས་ཐད་དགོངས་ཚུལ་ག་རེ་ཡོད་པ་ཚང་མ་བསྡུ་རུབ་བྱས་ཡོད་ལ།  ང་ཚོ་མི་མང་དང་གཞུང་བར་གྱི་ཟམ་པ་ལྟ་བུ་བྱས་ཏེ། ང་ཚོས་མི་མང་གི་བསམ་ཚུལ་དེ་དག་ཁྲིམས་བཟོ་ལྷན་ཁང་ལ་ཞུ་རྒྱུ་ཡིན་པ་མ་ཟད།  རབ་བྱུང་ན་འབྱུང་འགྱུར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་སྐབས་སུ་འོས་བསྡུའི་སྒྲིག་ཁྲིམས་བསྐྱར་བཅོས་ཀྱི་བརྗོད་གཞིའི་ཐོག་བསམ་ཚུལ་དེ་དག་བསྐོང་ཐུབ་པ་བྱུང་ན་ཡག་པོ་འདུག་བསམ་ཡོད།  ཅེས་བརྗོད་སོང་།

བདུན་ཕྲག་གཉིས་རིང་སྐོར་སྐྱོད་ལས་འགུལ་སྤེལ་སའི་ས་ཁུལ་ཆེ་ཁག་དྲུག་ནི་་ལྡི་ར་ལྡུན་དང་།  ལྡི་ལི།  མོན་གྷོར། སྦེལ་ཀོབ།  བྷེང་ལོར། ཨུ་རི་ས་བཅས་ས་གནས་ཁག་དྲུག་ལ་དམངས་གཙོ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་བྱས་ཏེ།  མི་མང་གི་བསམ་ཚུལ་བསྡུ་རུབ་བྱས་ཡོད་པ་དང་།  བསམ་ཚུལ་བསྡུ་རུབ་ཀྱི་གྲུབ་དོན་སྐོར་ལ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ལས་བྱེད་བསྟན་འཛིན་ཟླ་བ་ལགས་ཀྱིས།   ང་ཚོ་བདུན་ཕྲག་གཉིས་རིང་བོད་རིགས་གནས་སྡོད་བྱེད་སའི་དགོན་སྡེ་ཁག་དང་།  གཞིས་ཆགས་ཁག  དེ་བཞིན་མཐོ་སློབ་ཁག་བཅས་སུ་དམངས་གཙོའི་གོ་རྟོགས་སྤེལ་ཆེད་སྐོར་སྐྱོད་བྱས་ཏེ་མི་མང་ལ་ཁྱོན་བསྡོམས་དྲི་བ་ ༡༥ བཏོན་ཡོད་ཀྱང་།  མི་མང་གིས་དྲི་བ་ལྔའི་ཐོག་ལན་འདེབས་མང་ཤོས་བྱུང་ཡོད་པའི་ཁྲོད། མི་མང་བརྒྱ་ཆ་༧༤ ཡིས་སྲིད་སྐྱོང་དང་སྤྱི་འཐུས་གཉིས་ཀྱི་འོས་བསྡུ་སྔར་བཞིན་སྔོན་འགྲོ་དང་དངོས་གཞི་ཞེས་ཐེངས་གཉིས་ལ་གནང་དགོས་པར་རྒྱབ་སྐྱོར་དང་།   མི་མང་བརྒྱ་ཆ་  ༧༤ ཡིས་སྔོན་འགྲོ་དང་དངོས་གཞིའི་བར་གྱི་དུས་ཡུན་ཐུང་དུ་གཏོང་དགོས་པ།  ཡང་བརྒྱ་ཆ་ ༥༤ ཡིས་སྲིད་སྐྱོང་དང་སྤྱི་འཐུས་གཉིས་ཀྱི་འོས་བསྡུ་ཉིན་གཅིག་ལ་འཁེལ་བ་དེ་ཡག་པོ་མེད་པའི་བསམ་ཚུལ་བཏོན་ཡོད་པ་དང་།  དེ་བཞིན་མི་མང་བརྒྱ་ཆ་ ༧༠ ཡིས་གྲྭ་བཙུན་རྣམས་ལ་འོས་ཤོག་གཉིས་ཀྱི་ཐོབ་ཐང་ཡོད་པ་དེ་དམངས་གཙོའི་འགྲོ་ལུགས་དང་མི་མཐུན་པའི་བསམ་ཚུལ་བཏོན་ཡོད་འདུག་ཅིང་།  མི་མང་བརྒྱ་ཆ་ ༥༧ གྱིས་གྲྭ་བཙུན་རྣམས་ཆབ་སྲིད་ནང་འཛུལ་ཞུགས་བྱས་པར་དཀའ་ངལ་མེད་པའི་བསམ་ཚུལ་བཏོན་ཡོད།  ཅེས་བརྗོད་སོང་།

བཙན་བྱོལ་ནང་གི་བོད་མིའི་དམངས་གཙོའི་གནས་སྟངས་སྐོར་ལ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས།  ང་ཚོའི་སྤྱི་ཚོགས་ཀྱིས་འོས་བསྡུའི་ཁེ་དབང་ཡང་དག་པ་ཞིག་ལོངས་སུ་སྤྱོད་ཐབས་སུ་འོས་བསྡུའི་སྒྲིག་ཁྲིམས་ཁ་གསལ་གོ་བདེ་ཞིག་དགོས་རྒྱུ་གལ་ཆེན་ཡིན། དེ་ཡང་འོས་བསྡུ་ལྷན་ཁང་གིས་འཛིན་སྐྱོང་སྒྲིག་འཛུགས་ནས་གནོན་ཤུགས་གང་ཡང་མེད་པའི་ཐོག  མི་མང་ལ་གནས་ཚུལ་བརྡ་ཁྱབ་ཁ་གསལ་སྤྲོད་དགོས་པ་མ་ཟད།  ང་ཚོའི་ཉམས་མྱོང་གཞིར་བཞག་སྟེ་སྤྱི་ཚོགས་ནང་དམངས་གཙོའི་གོ་རྟོགས་གོང་འཕེལ་གཏོང་ཐུབ་པ་ཡིན་ན།  འོས་མི་རྣམས་ཀྱི་ལོ་རྒྱུས་གཙོས་པའི་ཤེས་ཡོན་དང་། འཇོན་ཐང་སོགས་ཀྱི་གནས་སྟངས་མི་མང་གིས་མཁྱེན་རྟོགས་བྱུང་སྟེ།  མི་ཡག་པོ་ཞིག་ལ་འོས་ཐོབ་པ་བྱུང་བ་ཡིན་ན་དགེ་མཚན་ཆེན་པོ་ཡོད་པ་མཐོང་སོང་། ཞེས་བརྗོད་སོང་།

དེ་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་སྐོར་སྐྱོད་པ་ཁྲི་སྲོང་རྡོ་རྗེ་ལགས་ཀྱིས་ཐེངས་འདིའི་སྐོར་སྐྱོད་ཁྲོད་བྱུང་བའི་མྱོང་ཚོར་སྐོར་ལ་ཁོང་གིས།  སྤྱིར་ས་གནས་ཁག་མང་ཆེ་བས་ང་ཚོའི་ལས་འགུལ་འདི་ལ་དགའ་མོལ་བྱས་བ་མ་ཟད།  སྣེ་ལེན་ཡང་ཡག་པོ་ཞུས་སོང་།  འོན་ཀྱང་།  ས་གནས་ཁག་མང་ཆེ་བར་གཞོན་སྐྱེས་ཚོར་ཆབ་སྲིད་ཀྱི་གོ་རྟོགས་མེད་པའི་ཚོར་སྣང་བྱུང་སོང་ལ། ནམ་རྒྱུན་དགེ་འདུན་པ་ཚོས་བརྒྱུད་ལམ་ཁག་ཏུ་ཆབ་སྲིད་ཐོག་ཧུར་བརྩོན་ཆེན་པོ་བྱེད་བཞིན་ཡོད་པ་མཐོང་ཡང་།  ད་ཐེངས་དགོན་སྡེ་ཁག་ཏུ་ལས་འགུལ་འདི་སྤེལ་སྐབས་འཛུལ་ཞུགས་བྱེད་མཁན་ཉུང་ཉུང་ལས་མི་འདུག ཅེས་བརྗོད་སོང་།

གསར་འགོད་པ། སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༧/༠༩/༠༢

Leave a Reply

4 thoughts on “ང་ཚོ་གཞུང་མང་གཉིས་ཀྱི་ཟམ་པ་ལྟ་བུ་བྱས་ཏེ་མི་མང་གི་བསམ་ཚུལ་གཞུང་ལ་ཞུ་རྒྱུ་ཡིན། 

  1. ༄༅། ད་དུང་ཡང་མང་གཙོ་དང་དམངས་གཙོ་གཉིས་གོ་དོན་ཤེས་ཀྱི་མི་འདུག་་་འདི་གཉིས་དོན་གཅིག་མིང་གི་
    རྣམ་གྲངས་རེད།
    ཡང་རང་བཙན་དང་རང་དབང་གཉིས་གི་གོ་དོན་མ་ཤེས་པ་བསྡད་པ་ནི་མི་ལ་ངོ་ཚ་ས་རེད།
    རང་བཙན་ཟེར་ན།Independence བོད་རང་བཙན་དགོས་ རྒྱལ་ཁབ་སོ་སོ་རང་གི་སྐྱོང་འཛིན་ཐུབ་པ་ལ་ཟེར།
    རང་དབང་ཟེར་ན། right སོ་སོར་རང་དབང་དགོས་པ། ཆོས་དད་རང་དབང་དགོས་པ། བཤད་ཆོག་པའི་རང་དབང།

  2. གཞུང་པ་ཚེ་དབང་བསོད་ནམས་ཡ

    ཡར་རྒྱས་ལ་མཐའ་མེད་པ་ལྟར་དུས་རབས་དང་སྤྱ་ཚོགས་འཕེལ་
    རིམ་ལ་འགན་འཁུར་ནསསྙིགས་དོར་བཅུད་ལེན་མ་ཐུབ་ཚེ་རྗེས་
    ལུས་ནས་ཡང་ལུས་དུ་ལྷག་སྲིད་པ་མ་རེད་དམ་?ི

  3. གཞུང་པ་ཚེ་དབང་བསོད་ནམས་ཡ

    བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་མང་གཙོ་ (Democracy) ལས་ད་སྔོན་འཇུག་དང་ས་ཡང་འཇུག་ཡོད་པའི་དམངས་གཙོ་གྲལ་རིམ་གྱི་ཐ་སྙད་གསལ་མེད་ན་མི་མང་ལ་མང་གཙོའི་གོ་རྟོགས་སྤེལ་རྒྱུ་དེ་དག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་ཕྱོགས་མཐུན་མི་དགོས་པ་ཡིན་ནམ་?
    མང་གཙོ་དམངས་གཙོ་དོན་གཅིག་བསམ་མཁན་དང་།
    རང་བཙན་རང་དབང་གང་བསམ་བརྗོད་མཁན་དང་།
    ཡུལ་མིའི་རྒྱལ་ཁབ་ཡུལ་མིའི་སྲིད་སྐྱོང་སོགས་།
    ཐ་སྙད་ཚད་སྒྲུབ་ཡིན་པ་བློ་མ་བདེ་།

  4. དུས་རབས་ཀྱི་འགྱུར་འགྲོས་དང་བསྟུན་ཏེ་འགྱུར་བཅོས་དང་ལེགས་བཅོས་བྱ་དགོས་ན་ངེས་པར་བྱ་དགོས་ལ། སྔ་ཡོད་ད་འགྲིག་གི་ལྟ་བ་མཁྲེགས་འཛིན་བྱེད་པ་ནི་མངོན་ཐོན་གསར་གཏོད་ཀྱི་བཀག་རྡོ་དང་དུས་ཀྱི་འགྱུར་འགྲོས་ལ་དཔག་སྟེ་ཆབ་སྲིད་ཀྱི་འཕོ་འགྱུར་ཡང་འགྲོ་དགོས་པའི་ངེས་པ་གཏིང་ཚུགས་པ་ཞིག་མ་རྙེད་པ་ཤིན་ཏུ་གསལ། ཕྱི་ལོ་ ༡༩༦༡ ནས་ད་ལྟའི་བར་ཆོལ་ཁའི་འོས་འདེམས་བྱེད་སྲོལ་དེ་ད་ཆ་འཛམ་གླིང་མང་གཙོའི་རིང་ལུགས་ཀྱི་ཡང་དག་པའི་ལྟ་གྲུབ་དང་སྲོལ་བཟང་གི་རྗེས་སུ་འཇུག་དགོས་པའི་དུས་སུ་འབབ་པར་མཐོང་། བདག་ཉིད་ཆེན་པོ་སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་གིས་དུས་ཀྱི་དགོས་མཁོ་དང་འབྲེལ་ཞིང་ཆབ་སྲིད་ཀྱི་ཐུགས་འགན་ཡང་བཞེད་པའི་སྐབས་དང་བསྟུན་ནས་ཆོལ་ཁ་ཆོས་ལུགས་ཀྱི་འོས་འདེམས་བྱེད་སྲོལ་དེ་འོས་ཤིང་འཚམ་ཡང་ད་ཆ་ཆབ་སྲིད་ཀྱི་སྐུ་དབང་དམངས་ལ་བརྩི་སྤྲོད་ཆ་ཚང་གནང་ཟིན་པས་ད་ཆ་ཆབ་སྲིད་ཀྱི་འོས་འདེམས་བྱེད་སྲོལ་ཡང་འགྱུར་བ་གཏོང་དགོས་པའི་དུས་སྨིན་པ་ཞིག་མིན་ནམ་སྙམ།