གདུ་བྷེ་ལཊ་ལ་ཚེ་གང་གཞས་དང་རོལ་དབྱངས་ཐོག་བྱས་རྗེས་བཞག་པའི་གཟེངས་རྟཊ་ཕུལ།

བོད་ཀྱི་རོལ་དབྱངས་གཟེངས་རྟགས་མཛད་སྒོ་ཐེངས་བརྒྱད་པའི་ཐོག་འཕུར་ཞེས་པའི་གླུ་གཞས་གཏོང་མཁན་གྱི་ཨ་ནུ་རིང་ལུགས་ལ་བྱ་དགའ་ ༥ ཐོབ་འདུག

ཁ་སང་ཕྱི་དྲོའི་ཆུ་ཚོད་ ༧ པའི་ཐོག་བོད་ཀྱི་ཉི་མའི་རྩོམ་སྒྲིག་པ་བློ་བཟང་དབང་རྒྱལ་གྱི་གོ་སྒྲིག་འོག བཞུགས་སྒར་དྷ་རམ་ས་ལའི་མེག་གྷན་ནོར་བུ་མགྲོན་ཁང་དུ། བོད་ཀྱི་རོལ་དབྱངས་གཟེངས་རྟགས་ཀྱི་མཛད་སྒོ་ཐེངས་བརྒྱད་པ་དེ་ཚོགས་ཡོད་ཅིང་། མཛད་སྒོའི་ཐོག་སྐུ་མགྲོན་དུ་དྷ་སའི་ས་གནས་མགོ་འཛིན་ཟླ་བ་རིན་ཆེན་ལགས་ཕེབས་ཡོད་པ་དང་། དེ་བཞིན་བོད་ཀྱི་རོལ་དབྱངས་སྒྱུ་རྩལ་ལ་དོ་སྣང་ཡོད་མཁན་དྷ་ས་ཁུལ་གྱི་བོད་མི་དང་ཕྱི་རྒྱལ་བ་ཁག་ཅིག་བཅས་འཛོམས་ཡོད་འདུག

 བློ་བཟང་དབང་རྒྱལ་གྱི་བོད་ཀྱི་རོལ་དབྱངས་གཟེངས་རྟགས་ཞེས་པ་དེ་ཐོག་མར་ཕྱི་ལོ་ ༢༠༠༣ ལོ་ནས་མགོ་འཛུགས་བྱས་ཡོད་པ་དང་། བོད་ཀྱི་རོལ་དབྱངས་གཟེངས་རྟགས་ཀྱི་མཛད་སྒོ་དེ་ལོ་གཉིས་རེའི་ནང་ཐེངས་རེར་འཚོགས་ཀྱི་ཡོད་འདུག མཛད་སྒོ་དེའི་སྟེང་དུ་བོད་ཕྱི་ནང་གཉིས་ཀྱི་གླུ་བ་གླུ་མ་ཚོས་ལོ་གཉིས་ནང་བཏོན་པའི་གླུ་གཞས་ཁྲོད་ནས་གཞས་ཚིག་དང་གདངས། སྤྱི་ཚོགས་ནང་ཁྱབ་ཆེ་ཤོས་ཕྱིན་པ་སོགས་ཁྱོན་བསྡོམས་གཟེངས་རྟགས་རིགས་མ་འདྲ་བ་ཁག་ ༡༨ ལ་བྱ་དགའ་ལག་ཁྱེར་འབུལ་གྱི་ཡོད་འདུག་ལ། བོད་ཀྱི་རོལ་དབྱངས་གཟེངས་རྟགས་ཐོབ་མཁན་གླུ་བ་གླུ་མ་རྩེད་ཕུད་ནི། བོད་ཀྱི་རོལ་དབྱངས་གཟེངས་རྟགས་ཀྱི་མཛད་སྒོ་མ་ཚོགས་པའི་ཟླ་གཅིག་གི་གོང་དུ་བོད་ཀྱི་རོལ་དབྱངས་དྲ་བ་(www.musictibet.com)བརྒྱུད་དྲ་ཐོག་ཏུ་འོས་ཤོག་འཕངས་ཏེ་བདམས་ཐོན་བྱུང་ཡོད་འདུག

 བློ་བཟང་དབང་རྒྱལ་གྱིས་འདི་གའི་གསར་འགོད་པར་ཐེངས་འདིར་དྲ་ཐོག་བརྒྱུད་བོད་ཀྱི་རོལ་དབྱངས་གཟེངས་རྟགས་ཆེད་འོས་འཕེན་མཁན་མི་གྲངས་ ༧༥༠ ལས་བྱུང་མ་སོང་། དེང་སང་མི་ཚང་མས་དྲ་རྒྱ་བེད་སྤྱོད་གཏོང་གི་ཡོད་སྟབས། ངས་འོས་འཕེན་མཁན་ཉུང་མཐར་མི་གྲངས་ ༡༠༠༠ ལྷག་བརྒལ་བའི་རེ་བ་བྱས་པ་ཡིན། ཡིན་ནའང་དེ་ལྟར་བྱུང་མ་སོང་། དེ་ནི་བོད་པའི་སྤྱི་ཚོགས་ཁྲོད་བོད་ཀྱི་གླུ་གཞས་ཀྱི་ལས་དབང་ལ་དོ་སྣང་མེད་པ་མཚོན་གྱི་ཡོད་སྐོར་བརྗོད་བྱུང་།

 ཐེངས་འདིའི་བོད་ཀྱི་རོལ་དབྱངས་གཟེངས་རྟགས་མ་འདྲ་བ་ ༡༨ ལས། བཙན་བྱོལ་ནང་གི་གཞོན་སྐྱེས་གཞས་པ་གཡས་དབང་གྲགས་རྡོ་རྗེ་ལགས་ཀྱི་ཆིག་སྒྲིལ་ཞེས་པའི་ཆེད་སྒྲིག་བརྙན་འཁོར་ལ་བརྙན་འཁོར་རྩེ་ཕུད་ཀྱི་བྱ་དགའ་ཐོབ་ཡོད་པ་དང་། དེ་བཞིན་བོད་ནང་གི་འཕུར་ཞེས་པའི་གླུ་གཞས་གཏོང་མཁན་ཨ་ནུ་རིང་ལུགས་ལ་གཞས་ཚིག་རྩེ་ཕུད་དང་སྙན་འཇེབས་ལྡན་པའི་གཞས་རྩེ་ཕུད། རོལ་དབྱངས་བརྙན་འཕྲིན་རྩེ་ཕུད། གཞས་པ་རྩེ་ཕུད། དམིགས་བསལ་གཟེངས་བསྟོད་འོས་པ་བཅས་ཀྱི་གཟེངས་རྟགས་ཐོབ། བཙན་བྱོལ་གྱི་གཞས་པ་ཁ་རག་སྤེན་པ་ལགས་ལ་གནའ་དེང་འདྲེས་མ་རྩེ་ཕུད་དང་སྲོལ་རྒྱུན་གཞས་གཏོང་མཁན་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ། བཙན་བྱོལ་གཞས་མ་ཀུན་བཟང་དབང་མོ་ལགས་ལ་རྣམ་ཐར་གཏོང་མཁན་རྩེ་ཕུད་ཀྱི་གཟེངས་རྟགས། བཙན་བྱོལ་གཞས་པ་བུ་ཆུང་ལགས་ལ་མཛའ་གཞས་རྩེ་ཕུད། བཙན་བྱོལ་གཞས་མ་དོན་འགྲུབ་ཆོས་སྐྱིད་ལགས་ལ་བརྙན་འཁོར་གྱི་ཁ་ཤོག་རྩེ་ཕུད་དང་བརྙན་འཁོར་འདོན་ཐེངས་དང་པོ་རྩེ་ཕུད། བཙན་བྱོལ་གཞས་པ་བསྟན་འཛིན་ཆོས་རྒྱལ་ལགས་ལ་དད་གླུ་རྩེ་ཕུད། བཙན་བྱོལ་གཞས་པ་སྤེན་ཚེ་དང་བསྟན་འཛིན་སང་ཉིད་ལ་རེཔའམ་ཧིབ་ཕོབ་གཞས་གཏོང་མཁན་རྩེ་ཕུད། བཙན་བྱོལ་གཞས་པ་བློ་བརྟན་རྣམ་གླིང་ལགས་ལ་གཞས་དང་རོལ་དབྱངས་ཐོག་ཐུན་མིན་བྱས་རྗེས་ཡོད་པའི་གཟེངས་རྟགས། བོད་ནང་གི་གཞས་མ་ཚེ་དབང་ལྷ་མོར་གཞས་མ་རྩེ་ཕུད། ཕྱི་རྒྱལ་བོད་གཞས་གཏོང་མཁན་ཕེ་ལིབ་གྷི་ལ་ས་(Philip Glass)ལགས་ལ་ཕྱི་རྒྱལ་བ་བོད་དོན་ཆེད་གཞས་གཏོང་མཁན་རྩེ་ཕུད། བོད་ནང་གི་གཞས་པ་གྲགས་ཅན་སྐུ་གཤེགས་དམ་པ་གདུ་བྷེ་ལགས་ལ་ཚེ་གང་གཞས་དང་རོལ་དབྱངས་ཐོག་བྱས་རྗེས་བཞག་པའི་གཟེངས་རྟགས་བཅས་གནང་སོང་།

 བོད་ཀྱི་རོལ་དབྱངས་གཟེངས་རྟགས་གསར་འཛུགས་དང་མཛད་སྒོ་གོ་སྒྲིག་པ་བློ་བཟང་དབང་རྒྱལ་ལགས་ཀྱིས། བོད་ཀྱི་རོལ་དབྱངས་གཟེངས་རྟགས་གསར་འཛུགས་བྱས་པའི་དམིགས་ཡུལ་སྐོར་བརྗོད་དོན། དེང་སང་དུས་ཚོད་འགྱུར་བ་ཕྱིན་པ་ཙམ་མིན་པར་འཕྲུལ་ཆས་ཡར་རྒྱས་ཧ་ཅང་ཆེན་པོ་ཕྱིན་ཡོད་སྟབས། བོད་ཀྱི་གླུ་བ་གླུ་མ་ཚོས་གླུ་གཞས་ཀྱི་འཁོར་ཐག་འདོན་སྐབས་སྤྱི་ཚོགས་ཁྲོད་ནས་བདག་དབང་མེད་པར་ལྐོག་བཤུས་ཀྱིས་འགྲེམས་སྤེལ་བྱས་ཏེ་གླུ་བ་གླུ་མ་ཚོར་གྱོང་གུད་ཕོག་གི་ཡོད་པ་མ་ཟད། བར་སྐབས་ནས་སྐད་འཕྲིན་དང་ངོ་དེབ། དེ་བཞིན་ཡོ་ཊིབ་(Youtube)སོགས་སྤྱི་ཚོགས་ཀྱི་དྲྭ་ལམ་ཁག་བརྒྱུད་དེ་གཞས་གསར་པ་གང་བཏོན་ཡང་། གང་སར་ཁྱབ་ནས་གླུ་བ་གླུ་མ་ཚོར་དཔལ་འབྱོར་གྱི་ཡོང་ཁུངས་འགག་གི་ཡོད། རྒྱུ་རྐྱེན་དེ་ལ་བརྟེན་ནས་བོད་ཀྱི་གླུ་བ་གླུ་མ་ཉུང་དུ་འགྲོ་བའི་ཉེན་ཁ་ཡོད་པ་མ་ཟད། གླུ་བ་གླུ་མ་ཉུང་དུ་ཕྱིན་ན་བོད་ཀྱི་གླུ་གཞས་གསར་རྩོམ་དང་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་ཁག་ཀྱང་མཉམ་དུ་ཡལ་འགྲོ་བའི་ཉེན་ཁ་ཡོད་སྟབས། བོད་ཀྱི་གླུ་བ་གླུ་མ་ཚོར་སེམས་ཤུགས་སྤར་ཆེད་བོད་ཀྱི་རོལ་དབྱངས་གཟེངས་རྟགས་ཞེས་པ་འདི་མགོ་འཛུགས་གནང་བ་ཡིན་སྐོར་བརྗོད་བྱུང་།

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༩/༠༥

Leave a Reply