ས་གནས་ཁག་ཅིག་ནས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས།

ཟླ་འདིའི་ཕྱི་ཚེས་ ༢ ཉིན་རྒྱ་གར་གཙོས་བོད་མི་འདུས་སྡོད་བྱས་ཡོད་པའི་འཛམ་གླིང་ཡུལ་གྲུ་མང་པོའི་ནང་དམངས་གཙོ་དབུ་བརྙེས་ནས་ལོ་ངོ་༥༧ འཁོར་བའི་དུས་དྲན་སྲུང་གཙི་བྱས་འདུག

འདི་གའི་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ལགས་ཀྱིས་གནས་ཚུལ་བཏང་བ་ལྟར་ན། དམངས་གཙོའི་ཉིན་མོ་དེར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཀྱི་བདེ་སྐྱིད་སླར་གསོའི་མི་མང་ཚོགས་ཁང་དུ། དམངས་གཙོའི་དུས་དྲན་ཐེངས་ ༥༧ པ་བདེ་ལུགས་གཉིས་ཀྱི་གོ་སྒྲིག་འོག་སྲུང་གཙི་གནང་ཡོད་པ་དང་། མཛད་སྒོའི་ཐོག་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་བྷི་ཝ་ཇིར་གྷོ་ཌཱ་(B.Vjaere Gowda)མཆོག་ཕེབས་ནས་མི་མང་ལ་གསུང་བཤད་གནང་ཡོད་པ་དང་། བདེ་སླར་ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ལགས་དང་། ཕྱོགས་བཞུགས་སྤྱི་འཐུས་པདྨ་བདེ་ལེགས་ལགས་གཉིས་ནས་བཀའ་སྤྱི་གཉིས་ཀྱི་གསུང་བཤད་སྒྲོག་སྦྱངས་གནང་ཡོད་པ་དང་། དེ་བཞིན་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ་དང་དབུས་ཉིན་སློབ། བདེ་སླར་ཉིན་སློབ་བཅས་ཀྱི་སློབ་ཕྲུག་རྣམས་ནས་གཞས་སྣ་འཁྲབ་སྟོན་བྱས་ཡོད་འདུག

འདི་གའི་གསར་འགོད་པས་བལ་ཡུལ་དུ་གནས་བཞུགས་བོད་མི་ཞིག་ལ་བལ་ཡུལ་ནས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས་ཡོད་མེད་དྲིས་པར། གསང་བའི་ངང་ནས་མཛད་སྒོ་སྟབས་བདེ་རེ་ཚོགས་མེད་ན་མཛད་སྒོ་ཆེན་པོ་དེ་འདྲ་གང་ཡང་ཚོགས་མ་སོང་། ཉིན་དེར་མཆོད་རྟེན་མཐའ་འཁོར་སོགས་སུ་དམག་མིས་ལྟ་སྲུང་བྱས་ནས་བསྡད་པ་དང་། ནམ་རྒྱུན་དུས་ཆེན་ཁག་དང་བསྟུན་བལ་གཞུང་གིས་དམག་མི་སྔར་ལས་མང་པོ་འགྲེམས་འཇོག་བྱས་ཏེ་ལྟ་སྲུང་བྱས་ཡོད་སྟབས། ས་གནས་བོད་མི་ཚོས་༧གོང་ས་མཆོག་གི་འཁྲུངས་སྐར་དང་གསུམ་བཅུའི་དུས་དྲན་ལྟ་བུ་དུས་ཆེན་ཁག་སྲུང་གཙི་བྱེད་ཐུབ་ཀྱི་མེད་སྐོར་བརྗོད་བྱུང་།

གཞན་ཡང་། འཛམ་གླིང་གི་རྒྱལ་ཁབ་ཁག་ཅིག་ནང་དམངས་གཙོའི་དུས་དྲན་སྲུང་གཙི་གནང་ཡོད་པ་ལྟར། ཁ་སང་ཨ་རིར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སིར་གནས་སྡོད་བྱས་ཡོད་པའི་བོད་རིགས་མི་མང་འདུ་འཛོམས་ཀྱིས། དམངས་གཙོའི་མཚན་ཚོགས་ཀྱི་གླུ་གར་སྤྲོ་ཚོགས་ཞེས་པའི་གླུ་ལེན་གར་རྩེད་ཀྱི་མཚན་ཚོགས་ཤིག་བསྡུས་ཏེ་དུས་དྲན་སྲུང་གཙི་བྱས་ཡོད་འདུག

དེ་བཞིན་ཡུ་རོབ་ཀྱི་སུད་སིའི་ས་གནས་(Kollbrunn)སུ་དམངས་གཙོའི་དུས་དྲན་སྲུང་གཙི་བྱས་ཡོད་པ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་། རི་ཀོན་ཆོས་འཁོར་དགོན་པའི་མཁན་པོ། སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་།དེ་བཞིན་མི་མང་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་སོགས་ཕེབས་ཏེ་དམངས་གཙོ་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་དང་། མཇུག་ཏུ་ཚོགས་པ་ཁག་གིས་ལས་བསྡོམས་སྙན་སྒྲོན་ཞུས་ཏེ་མི་མང་དང་མཉམ་དུ་དྲི་བ་དྲིས་ལན་བཅས་བྱས་ཡོད་འདུག

ཨོ་སི་ཊོ་ལི་ཡ་བོད་རིགས་ཚོགས་པའི་གོ་སྒྲིག་འོག ཁ་སང་གྲོང་ཁྱེར་སེའུ་ཌི་ནེ་(Sydney)རུ་དམངས་གཙོའི་ཉིན་མོ་སྲུང་གཙི་བྱས་ཡོད་པ་དང་། མཛད་སྒོའི་ཐོག་ཨོ་གླིང་བོད་རིགས་ཚོགས་པ་དང་ལྷོ་ཤར་ཨེ་ཤ་ཡའི་སྤྱི་འཐུས་གདོང་འདུས་སྐྱིད་འཛོམས་སོགས་ཕེབས་ཏེ། དམངས་གཙོ་དང་འབྲེལ་བའི་གསུང་བཤད་དང་བགྲོ་གླེང་གནང་ཡོད་པ་དང་། མཇུག་ཏུ་ལོ་གཉིས་རེའི་མཚམས་སུ་བརྗེ་སྤོར་བྱེད་བཞིན་པའི་བོད་རིགས་ཚོགས་པའི་རྒྱུན་ལས་འོས་འདེམས་བྱས་ཡོད་འདུག དེ་བཞིན། ཨོ་གླིང་གི་བོད་རིགས་འདུས་སྡོད་ཀྱི་ས་ཆ་(Queensland)དང་(Melboirne)སོགས་ནས་དམངས་གཙོའི་དུས་དྲན་སྲུང་གཙི་དང་རྒྱུན་ལས་འཕོ་འགྱུར་བྱུང་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༩/༠༤

Leave a Reply

2 thoughts on “ས་གནས་ཁག་ཅིག་ནས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས།

  1. གཞུང་པ་ཚེ་དབང་བསོད་ནམས་ཡ

    ཕྱི་ལོ་1960 ལོར་གོང་ས་མཆོག་ནས་བཙན་བྱོལ་བོད་མིའི་
    སྤྱི་ཚོགས་ནང་མང་གཙོའི་ལམ་ལུགས་གསར་གཏོད་གནང་བ་དང་ཕྱི་ལོ་1991ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ནུས་པ་འཐོན་ནས་བཅའ་ཁྲིམས་ནང་མང་གཙོ་ལས་དམངས་གཙོ་ཟེར་བའི་གྲལ་རིམ་གྱི་ཚིག་གཅིག་བཅའ་ཁྲིམས་ནང་གསལ་མེད་ན་དམངས་གཙོའི་དུས་དྲན་སྲུང་རྩི་ཟེར་བ་དེ་དག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་འགན་འཁུར་བའི་ཐ་སྙད་ཚད་སྒྲུབ་ལ་ངོས་འཛིན་ཞུ་གི་ཡོད་པ་ཡིན་ནམ་?