མཱ་ལཱ་ལཱས་ལྕམ་ཨང་སན་སུའུ་སྐྱིད་ལ་སྐྱོན་བརྗོད་བྱས།

འབར་མའི་དམག་གཞུང་གིས་རཱོ་ཧིན་གྷ་གྲངས་ཉུང་མི་རིགས་ལ་དྲག་གནོད་བྱེད་ཀྱིན་ཡོད་པའི་ཐད་སྲིད་གཞུང་གསར་པའི་སློབ་སྟོན་པ་ལྕམ་ཨང་སན་སུའུ་སྐྱིད་ལགས་ཁུ་སིམ་མེར་བསྡད་ཡོད་པའི་སྐྱོན་བརྗོད་བྱེད་བཞིན་འདུག

སི་ཨེན་ཨེན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།  ཁ་སང་འཛམ་གླིང་གི་ནོར་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་དགུང་ལོ་ཆུང་ཤོས་མཱ་ལཱ་ལཱ་(Yousafzai Malala)་ལགས་ཀྱིས།  འབར་མའི་དམག་གཞུང་གིས་ཡུལ་དེའིོ་རཱོ་ཧིན་གྷ་གྲངས་ཉུང་མི་རིགས་ལ་དྲག་གནོན་གྱིས་མནར་གཅོད་གཏོང་བཞིན་ཡོད་པ་དང་། གནད་དོན་དེའི་ཐད་འབར་མ་རྒྱལ་ཁབ་ཀྱི་སློབ་སྟོན་པ་དང་། ནོར་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་ལྕམ་ཨང་སན་སུའུ་སྐྱིད་ལགས་ཁུ་སིམ་མེར་བསྡད་ཡོད་པར་སྐྱོན་བརྗོད་བྱས་ཡོད་པ་རེད།

ལོ་ན་ ༢༠ ཡིན་པའི་པཱ་ཀི་སི་ཐན་གྱི་བུད་མེད་ཀྱི་སློབ་གསོའི་ཐོབ་ཐང་བརྩོན་ལེན་གནང་མཁན་མཱ་ལཱ་ལཱ་ལགས་ཀྱིས།  འདས་པའི་ལོ་འགའི་རིང་འབར་མའི་དམག་གཞུང་གིས་རཱོ་ཧིན་གྷ་གྲངས་ཉུང་མི་རིགས་ལ་མནར་གཅོད་ཚད་མེད་བཏང་སྟེ།  ཁོ་ཚོའི་གནས་སྟངས་ཡ་ང་བ་ཞིག་ཏུ་གྱུར་ཡོད་པའི་ཐད་ངས་དམག་གཞུང་ལ་སྐྱོན་བརྗོད་བྱས་དང་བྱེད་མུས་ཡིན། དེ་དང་ཆབས་ཅིག་ལྕམ་ཨང་སན་སུའུ་སྐྱིད་ལགས་ནི་འབར་མ་རྒྱལ་ཁབ་ཀྱི་སློབ་སྟོན་པ་དང་། ནོར་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཞིག་ཡིན་སྟབས། ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱིས་དམག་གཞུང་གི་ཧ་ཅང་ཡ་ང་བའི་གདུག་རྩུབ་དང་ངོ་ཚ་དགོས་པའི་བྱ་སྤྱོད་ལ་སྐྱོན་བརྗོད་བྱས་ཏེ་དྲག་གནོན་མཚམས་འཇོག་བྱེད་པར་ངས་རེ་སྒུག་བྱས་ནས་བསྡད་ཡོད།  ཅེས་དང་།  ལྕམ་ཨང་སན་སུའུ་སྐྱིད་ལགས། འཛམ་གླིང་གིས་ཁྱེད་ལ་རེ་སྒུག་བྱེད་བཞིན་ཡོད་པ་དང་། རཱོ་ཧིན་གྷ་གྲངས་ཉུང་མི་རིགས་ཀྱིས་ཀྱང་ཁྱེད་རང་ལ་རེ་སྒུག་བྱས་ནས་བསྡད་ཡོད།  ཅེས་བརྗོད་འདུག

གོང་གི་གནད་དོན་དེའི་ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱིས།  འབར་མའི་དམག་གཞུང་གིས་ལོ་གཅིག་མ་ཟིན་ཙམ་གྱི་རིང་རཱོ་ཧིན་གྷ་གྲངས་ཉུང་མི་རིགས་ལ་དྲག་གནོན་ཐེངས་གཉིས་བྱས་ཏེ།  ཟླ་སྔོན་མའི་ཕྱི་ཚེས་  ༢༥ ཉིན་ནས་ད་བར་རཱོ་ཧིན་གྷའི་མི་མང་ ༡༠༠ ལྷག་བསད་ཡོད་པ་དང་། མི་  ༧༣༠༠ ལྷག་ས་མཚམས་བརྒལ་ཏེ་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་བྲོས་བྱོལ་དུ་འགྲོ་དགོས་ཁེལ་ཡོད།  ཅེས་བརྗོད་ཡོད་པ་མ་ཟད།  རྒྱལ་ཚོགས་ཀྱི་དྲུང་ཡིག་ཨན་ཊོ་ནེ་(Antonie Guterres)ལགས་ཀྱིས་འབར་མའི་སྲིད་གཞུང་ལ་སྐྱོན་བརྗོད་བྱས་ཏེ་རཱོ་ཧིན་གྷ་གྲངས་ཉུང་མི་རིགས་ལ་དྲག་གནོན་གྱི་བྱ་སྤྱོད་མཚམས་འཇོག་བྱེད་དགོས་པའི་ཉེན་བརྡ་བཏང་།

གཞན་ཡང་། ཊོ་ཁེར་སྲིད་འཛིན་ཨི་ཌོ་གྷན(Tayyip Endoghan)དང་མཱ་ལི་ཞི་ཡའི་ཕྱི་སྲིད་བློན་ཆེན་ཨ་ནེ་ཧྥ་ཨ་མན་(Anifah Aman)གཉིས་ཀྱིས། འབར་མའི་དམག་གཞུང་གི་དྲག་གནོན་ཐད་ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱིས་སྐད་ཆ་བཤད་དགོས་པའི་རེ་འདུན་བཏོན་ཡོད་ཀྱང་།  ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱིས་འབར་མ་གཞུང་གིས་རཱོ་ཧིན་གྷ་གྲངས་ཉུང་མི་རིགས་ལ་དྲག་གནོན་བྱེད་ཀྱིན་ཡོད་པ་ངོས་ལེན་བྱས་མེད་པ་རེད།

རཱོ་ཧིན་གྷ་ནི་འབར་མའི་ནང་གྲངས་ཉུང་མི་རིགས་  ༡༥༣ ཡོད་པའི་ཁྲོད་ཀྱི་གྲངས་ཉུང་མི་རིགས་ཤིག་ཡིན་ཡང་།  འབར་མ་གཞུང་གིས་རཱོ་ཧིན་གྷ་འབར་མའི་མི་སེར་གྱི་ཁོངས་གཏོགས་སུ་བརྩི་བཞིན་མེད་སྟབས།  འབར་མའི་ནང་རཱོ་ཧིན་གྷ་གྲངས་ཉུང་མི་རིགས་ལ་གཞུང་གི་སློབ་གསོ་དང་།  འཕྲོད་བསྟེན། ལས་གནས་སོགས་ཀྱི་ཐོབ་ཐང་མེད་སྐོར་ལ་མཱ་ལཱ་ལཱ་ལགས་ཀྱིས། འབར་མ་གཞུང་གིས་རཱོ་ཧིན་གྷ་གྲངས་ཉུང་མི་རིགས་ལ་རང་ཉིད་སྐྱེས་ཡུལ་གྱི་མི་སེར་ལག་ཁྱེར་སྤྲོད་དགོས་ཡོད། གལ་སྲིད་འབར་མ་རཱོ་ཧིན་གྷ་གྲངས་ཉུང་མི་རིགས་ཀྱི་གཞིས་ཁྱིམ་མིན་པ་ཡིན་ན།  རཱོ་ཧིན་གྷའི་མི་ཐོག་གོང་མ་ཚོ་ས་ཆ་གང་དུ་འཚོ་སྡོད་བྱས་ཡོད་པ་རེད།  ཅེས་བརྗོད་འདུག

ཕྱི་ལོ་ ༢༠༡༢ ལོར་པཱ་ཀི་སི་ཐན་གྱི་འཇིགས་སྐུལ་རིང་ལུགས་པས་བུ་མོ་མཱ་ལཱ་ལཱ་ཡི་མགོ་ལ་མེ་མདས་བརྒྱབ་ཡོད་ཀྱང་། དབྱིན་ཇི་རུ་ཛ་དྲག་སྨན་བཅོས་བྱས་ཏེ་དྲག་སྐྱེད་བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ལོར་མཱ་ལཱ་ལཱ་དང་རྒྱ་གར་བ་ཀཱེ་ལཱ་ཤི་གཉིས་ལ་བྱིས་པའི་ཐོབ་ཐང་བརྩོན་ལེན་གནང་བཞིན་པར་ཆེད་དུ་ནོར་བྷེལ་ཞི་བདེའི་གཟེངས་རྟགས་ཐུན་མོང་དུ་སྤྲད་ཡོད་པ་དང་ ཟླ་སྔོན་མའི་ནངནས་བཟུང་མཱ་ལཱ་ལཱ་རྒྱལ་སྤྱིའི་སྟེང་མིང་གྲགས་ཆེ་བའི་ཨོ་ཁུ་སི་ཧྥི་ཌི་(Oxford)གཙུག་ལག་སློབ་གཉེར་ཁང་དུ་སློབ་སྤྱོང་བྱེད་པའི་གོ་སྐབས་ཐོབ་ཡོད་འདུག

གསར་འགོད་པ། སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༧/༠༩/༠༥

Leave a Reply

2 thoughts on “མཱ་ལཱ་ལཱས་ལྕམ་ཨང་སན་སུའུ་སྐྱིད་ལ་སྐྱོན་བརྗོད་བྱས།

  1. གཞུང་པ་ཚེ་དབང་བསོད་ནམས་ཡ

    ཆབ་སྲིད་མི་སྣའི་ཆབ་སྲིད་ཟློས་སྒར་ཁྲབ་།
    ཞི་བའི་མི་མང་ཤོ་རྒྱག་ལག་ཁྱི་འདྲ་།
    ཡུལ་ལུང་ཀུན་གྱི་གྲངས་ཉུང་མི་རིགས་ཚོ་།
    གཞུང་འཛིན་མི་སྣས་བཙན་གནོན་འོག་ཏུ་འཚོ་།

    མགོན་མེད་དཔུང་མེད་གྲངས་ཉུང་མི་རིགས་ཀུན་།
    རང་ཡུལ་དོར་ནས་མི་ཡུལ་ས་མཐར་ཁྱར་།
    འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གང་གི་དོན་།
    ནུས་མེད་སྒྲིག་འཛུགས་མི་མང་རེ་བ་རླག་།

    རྒྱལ་ཁབ་ཀུན་གྱི་མཐོ་རིམ་མི་རྣ་ཚོས་།
    རང་མཁེ་སྲུང་ནས་རང་མིང་གྲགས་པའི་འོག་།
    འཇིག་རྟེན་གོ་ལ་ཉེན་མཁའི་ནང་དུ་བཅུག་།
    རྒྱུ་སྐར་གདོང་ཐུག་འཇིག་རྟེན་འཐོར་ཉེན་དང་།
    བྱང་ཀོའི་དུལ་ཚོན་འཛམ་གླིང་འཇིག་པའི་ཉེན་གཉིས་།
    ཉེན་ཁ་འདི་དག་འགོག་ནུས་སུ་ལ་ཡོད་?

  2. གལ་སྲིད་སན་སུའུ་སྐྱིད་ཞབས་ཀྱག་ཐོག་མཱ་ལཱ་ལཱས་ཞུགས་ཡོད་ན་ཨང་སན་སུའུ་སྐྱིད་ཀྱི་ཡང་མཱ་ལཱ་ལཱས་སྐྱོན་བརྗོད་བྱེད་རྩིས་ཡོད་དོ།