བུད་མེད་གསར་འགོད་པ་ཞིག་ལྐོག་གསོད་བྱས།

རྒྱ་གར་གྱི་ཧིན་རྡུ་རྒྱལ་ཞེན་རིང་ལུགས་ཀྱི་ཆབ་སྲིད་པ་ཚོར་སྐྱོན་བརྗོད་བྱེད་མཁན་གསར་འགོད་པ་གྲགས་ཅན་ལྕམ་གྷོ་རི་ལན་ཁེ་ཞི་(Gauri Lankesh)ཟེར་བ་ལྐོག་གསོད་བྱས་ཡོད་འདུག

དེ་རིང་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་གཟའ་མིག་དམར་གྱི་དགོང་མོར་ལོ་ན་༥༥ ཡིན་པའི་གསར་འགོད་པ་གྷོ་རི་ལན་ཁེ་ཞི་ཟེར་བར་བྷང་ལོར་གྲོང་ཁྱེར་དུ་ཡོད་པའི་མོ་རང་གི་ཁྱིམ་གྱི་སྒོ་ཆེན་ནང་དུ་མགོ་དང་བྲང་ཁར་མེ་མདས་བརྒྱབ་སྟེ་བསད་ཡོད་པ་དང་། ད་ལྟའི་ཆར་མོ་ལྐོག་གསོད་བཏང་བའི་རྒྱུ་རྐྱེན་ཅི་ཡིན་དང་ལག་དམར་སུ་ཡིན་གསལ་ཁ་མེད་པས་ཉེན་རྟོག་པས་རྩད་ཞིབ་བྱེད་བཞིན་ཡོད་འདུག

མདང་དགོང་མོས་རླངས་འཁོར་སྐོར་ནས་ཕྱིར་ཁྱིམ་དུ་ལོག་ཡོད་པ་དང་། མོས་ཁྱིམ་གྱི་སྒོ་ཆེན་ཕྱེ་བཞིན་པའི་སྐབས་སུ་མེ་མདས་བརྒྱབ་ཡོད་འདུག ཉེན་རྟོག་པས་ལྐོག་གསོད་པ་ཚོས་སྦག་སྦག་ཞོན་ནས་ཡོང་སྟེ། མོ་དང་ཧྥི་ཊི་ ༡༠ ཡི་མཚམས་ནས་མེ་མདས་བརྒྱབ་ཡོད་པ་དང་། མདེའུ་གསུམ་མོའི་བྲང་ཁར་ཕོག་ཡོད་སྐོར་བརྗོད་འདུག

མོའི་ཁྱིམ་མཚེས་ཀྱིས་ནམ་རྒྱུན་ཁོ་མོ་དགོང་མོ་འཕྱི་བོ་མ་གཏོགས་ནང་དུ་མི་ཡོང་ན་ཡང་དེ་རིང་མོ་སྔ་པོ་ནས་སླེབས་སོང་། སྐབས་དེར་ང་ཚོས་མེ་མདའ་བརྒྱབ་པའི་སྐད་གོ་ན་ཡང་སྐར་མ་ཁ་ཤས་ལ་ཅི་ཡིན་ངེས་མ་བྱུང་། ང་ཚོས་ཤེས་རྟོགས་བྱུང་དུས་མོ་རྒྱལ་སྒོའི་ཉེ་འགྲམ་གྱི་སྒོ་རའི་ནང་ཁྲག་གི་ནང་དུ་ལོག་ནས་འདུག་ཅེས་བརྗོད་ཡོད་འདུག

གྷོ་རེ་ལཱན་ཁེ་ཤི་ནི་སྔོན་ཆད་རྒྱ་གར་དུས་བབ་ཀྱི་གསར་འགོད་པ་ཟུར་པ་དང་ད་ལྟ་(Lankesh Patrike)ཞེས་པའི་བདུན་རེའི་ཚགས་པར་གྱི་རྩོམ་སྒྲིག་པ་ཡིན་འདུག ཚགས་པར་ཁང་དེ་མོའི་པ་ལགས་ཕི་ལན་ཁེ་ཞི་(P Lankesh) ཡིས་བཙུགས་པ་ཡིན་འདུག མོའི་སྲིང་མོ་ནི་རྒྱ་གར་གློག་བརྙན་བཟོ་སྐྲུན་བྱ་དགའ་ཐོབ་པའི་གྲགས་ཆེ་བའི་འཁྲབ་ཁྲིད་པ་ཁཱ་ཝེ་ཐ་ལན་ཁེ་ཞི་(Kavitha Lankesh)ཡིན་འདུག་ལ། གསར་འགོད་པ་གྷོ་རི་ལན་ཁེ་ཞི་ལགས་ནི་ནང་མིར་ཤེས་ཡོན་གྱི་རྒྱབ་ལྗོངས་ཡག་པོ་ཡོད་པ་ཞིག་ནས་ཡིན་འདུག

མོ་ནི་ནམ་རྒྱུན་རེས་མེད་རིང་ལུགས་ཀྱི་ལྟ་ཚུལ་འཛིན་མཁན་ཞིག་ཡིན་པ་དང་། མོས་ནམ་རྒྱུན་ཧིན་རྡུ་རྒྱལ་ཞེན་རིང་ལུགས་པའི་ཆབ་སྲིད་པ་དང་མའོ་རིང་ལུགས་པ་ (Maoist)ཚོར་སྐྱོན་བརྗོད་རྩོམ་ཡིག་མང་པོ་འབྲི་བཞིན་ཡོད་པ་མ་ཟད། བྷི་ཇི་ཕི་(BJP) གཞུང་འཛིན་ཚོགས་པའི་འཛིན་སྐྱོང་མི་སྣ་ཚོ་ལའང་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག ཕྱི་ལོ་ ༢༠༡༦ ལོར་མོས་བྷི་ཇི་ཕི་དབུ་ཁྲིད་ཚོའི་ནག་ཉེས་དང་སྐྱོན་མཚང་ཐེར་འདོན་བྱས་པའི་སྙན་ཐོ་ཞིག་བཏོན་ཡོད་སྟབས། མོ་རང་ཟླ་དྲུག་རིང་ལ་བཙོན་ཁང་དུ་བཅུག་ཡོད་འདུག

ན་ནིང་ལོར་ནཱ་རཱ་དཱ་(Narada News)གསར་ཁང་གིས་བཅར་འདྲི་ཞིག་གི་སྐབས། གསར་འགོད་པ་གྷོ་རི་ལན་ཁེ་ཞི་ལགས་ཀྱིས་བྷི་ཇི་ཕི་ཚོགས་པར་ཧྥ་ཤི་སི་རིང་ལུགས་(fascist)པ་ཚོ་ཞེས་སྐྱོན་བརྗོད་བྱས་ཡོད་པ་དང་། མོས་རྩ་ཁྲིམས་ཀྱིས་ང་ལ་རེས་མེད་རིང་ལུགས་ཀྱི་མི་སེར་ཞིག་བྱ་དགོས་པ་ཁྲིད་པ་ལས་དབྱེ་འབྱེད་རིང་ལུགས་པ་ཞིག་བྱ་དགོས་ཚུལ་ཁྲིད་མ་སོང་བས། དབྱེ་འབྱེད་རིང་ལུགས་པ་ཚོར་ངོ་རྒོལ་བྱེད་པ་དེ་ངའི་ཐོབ་ཐང་རེད ཅེས་སོགས་བརྗོད་ཡོད་འདུག

ཡང་མོས། ངས་དམངས་གཙོ་དང་སྨྲ་བརྗོད་རང་དབང་ལ་ཡིད་ཆེས་བྱེད་ཀྱི་ཡོད། དེར་བརྟེན། ངས་ཡོངས་ཁྱབ་ཀྱི་ཐོག་ནས་སྐྱོན་བརྗོད་བྱེད་ཀྱི་ཡོད་ལ། མི་མང་གིས་ང་ལ་བྷི་ཇི་ཕི་ཚོགས་པ་དང་མའོ་ཚོགས་པའི་ངོ་ལོག་པ་ཞེས་འབོད་ཆོག་ཆོག་ཡིན། ངས་ནམ་རྒྱུན་རང་དབང་གིས་སྐྱོན་བརྗོད་དང་ཐེར་འདོན་བྱེད་ཀྱི་ཡོད། ཅེས་བརྗོད་ཡོད་པ་རེད།

དོན་རྐྱེན་དེའི་སྐོར་ལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སི་ཌཱ་རཱ་མཱ་(Siddaramaiah)ལགས་ཀྱིས་གསར་འགོད་པ་ལྐོག་གསོད་དེ་ནི་དམངས་གཙོ་ལ་དྲག་རྒོལ་བྱས་པ་ཡིན་སྐོར་བརྗོད་ཡོད་པ་དང་། སྤྱི་ཚོགས་ལས་འགུལ་བ་ཞིག་གིས་ཧིན་རྡུའི་རིང་ལུགས་ཐལ་སྤྱོད་པ་ཚོས་སྐད་ཆ་འཛེམས་ཟོན་མེད་པར་བཤད་མཁན་དང་ཡོངས་ཁྱབ་ཀྱིས་སྐྱོན་བརྗོད་བྱེད་མཁན་གྱི་གསར་འགོད་པ་དྲག་རྒོལ་གྱི་དམིགས་འབེན་དུ་འཛིན་རྒྱུ་ཇེ་མང་དུ་འགྲོ་བཞིན་ཡོད་ལུགས་བརྗོད་འདུག

རྒྱལ་སྤྱིའི་གསར་འགོད་ཐུན་ཚོགས་ཀྱི་ཕྱི་ལོ་ ༢༠༡༦ ལོའི་འཛམ་གླིང་རྒྱལ་ཁབ་ཁག་གི་གསར་འགྱུར་རང་དབང་སྐོར་གྱི་དཔྱད་ཞིབ་སྙན་ཐོ་ལྟར་ན། འདས་ལོར་རྒྱལ་སྤྱིའི་ཐོག་ཁྱོན་གསར་འགོད་པ་དང་བརྒྱུད་ལམ་ཆེད་ལས་པ་ཁྱོན་ ༡༢༢ དམར་གསོད་བཏང་ཡོད་པ་དང་། དེའི་ཁྲོད་ནས་གསར་འགོད་པ་ ༥ རྒྱ་གར་ནས་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༩/༠༦

Leave a Reply

One thought on “བུད་མེད་གསར་འགོད་པ་ཞིག་ལྐོག་གསོད་བྱས།