བསྟན་འཛིན་ཀུན་མཁྱེན་གྱི་ལག་དམར་འཛིན་བཟུང་བྱས།

ཉེ་སྔོན་ཨ་རིའི་ནང་མེ་མདས་བརྒྱབ་སྟེ་བསད་པའི་བོད་རིགས་གཞོན་ནུ་བསྟན་འཛིན་ཀུན་མཁྱེན་གྱི་ལག་དམར་འཛིན་བཟུང་བྱས་ཡོད་འདུག

དེ་རིང་ཨ་རིའི་(WCVB)གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།   ཟླ་སྔོན་མའི་ཕྱི་ཚེས་ ༢༩ ཉིན་ཨ་རིའི་མངའ་སྡེ་བྷོ་སི་ཊོན་དུ་བོད་རིགས་གཞོན་ནུ་བསྟན་འཛིན་ཀུན་མཁྱེན་ཟེར་བ་ཞིག་ལ་མེ་འདས་བརྒྱབ་སྟེ་འདས་གྲོངས་སུ་ཕྱིན་རྗེས། ས་གནས་ཉེན་རྟོག་པས་ལག་དམར་རྩད་གཅོད་བྱས་པ་བརྒྱུད། ཁ་སང་ཉེན་རྟོག་པས་མངའ་སྡེ(massachusetts) ཡི་གྲོང་ཁྱེར་ཨར་ལིན་ཊོན་(Arlington)ནས་དོགས་ཡོད་ཉེས་ཅན་ཇཱོན་ཐན་པཱ་རེ་(Jonathan T.Perry)ཟེར་བའི་རང་ལོ་ ༡༧ ཅན་ཞིག་དང་།  མི་དེ་དང་ལྷན་དུ་ཡོད་པའི་ལོ་ན་ ༣༡ ཡིན་པའི་གཱེ་ཐི་ཧཱ་ལཱོ་(Keith Harlow)ཟེར་བ་ཞིག་ཀྱང་འཛིན་བཟུང་བྱས་ཡོད་འདུག

མངའ་སྡེའི་ཉེན་རྟོག་པས། ཇཱོན་ཐན་པཱ་རེ་ལ་མི་གསོད་ལག་དམར་གྱི་ནག་ཉེས་བགྲང་གི་ཡོད་པ་མ་ཟད། ཇཱོན་ཐན་པཱ་འཛིན་བཟུང་བྱེད་སྐབས་དཔང་ཡིག་མེད་པའི་མེ་མདའ་གཅིག་དང་མཚོན་ཆ་བཅས་ཉར་ཚགས་བྱས་ཡོད་སྐོར་དང་། ཇཱོན་ཐན་པཱ་དང་མཉམ་དུ་གཱེ་ཐི་ཧཱ་ལཱོ་ཟེར་བའི་མི་དེ་འཛིན་བཟུང་བྱེད་དོན་ནི།  ཁོ་གཉིས་ཀྱི་སྡོད་ཁང་ནས་ཉལ་ཐའི་རིགས་ལག་སོན་བྱུང་ཡོད་སྟབས།  གཱེ་ཐི་འཛིན་བཟུང་བྱས་པ་ཡིན་སྐོར་བརྗོད་འདུག

ཇཱོན་ཐན་པཱ་རེ་ཟེར་བ་དེ་བསྟན་འཛིན་ཀུན་མཁྱེན་ལ་དོན་རྐྱེན་བྱུང་སྐབས་ལྷན་དུ་ཡོད་ཀྱང་།  དོན་རྐྱེན་བྱུང་རྗེས་ཇཱོན་ཐན་གར་སོང་ཆ་མེད་དུ་གྱུར་ཡོད་སྟབས།  ཉེན་རྟོག་པས་ཇཱོན་ཐན་པཱ་རེ་ལག་དམར་ཡིན་པའི་དོགས་གཞི་བྱུང་སྟེ་འཛིན་བཟུང་བྱས་ཡོད་འདུག ཨ་རིའི་བྱིས་པའི་ཁྲིམས་ཁང་(Worcester Juvenile)ཞེས་པས་ཇཱོན་ཐན་ལ་དེ་སྔོན་ཡང་འཛིན་བཟུང་བཀའ་རྒྱ་བཏང་མྱོང་ཡོད་སྟབས།  ཐེངས་འདིར་ཁྲིམས་ཁང་དེས་ཇཱོན་ཐན་གྱི་ནང་མི་ཚོས་བཙོན་ཁང་ལ་དངུལ་སྤྲད་དེ་ཇཱོན་ཐན་བཙོན་ཁང་ནས་ཕྱིར་འདོན་བྱ་རྒྱུ་མེད་པ་བཟོས་ཡོད་འདུག

བསྟན་འཛིན་ཀུན་མཁྱེན་ནི་རྒྱ་གར་ནས་ཨ་རིར་གནས་སྤོ་བྱས་པའི་བོད་རིགས་ཁྱིམ་ཚང་ཞིག་གི་བུ་ཡིན་པ་དང་། ཀུན་མཁྱེན་གྱི་ཁྱིམ་ཚང་ཨ་རིའི་མངའ་སྡེ་(Massachusetts) ནང་གི་གྲོང་ཁྱེར་མེལ་ཌན་(Malden)དུ་གནས་སྡོད་བྱེད་ཀྱིན་ཡོད་ཀྱང་། བསྟན་འཛིན་ཀུན་མཁྱེན་གྲོང་ཁྱེར་སཱོ་མེར་ཝེལ་དུ་སློབ་སྤྱོང་བྱེད་ཀྱི་ཡོད་སྟབས།  ཁོ་སཱོ་མེར་ཝེལ་དུ་ཡུན་རིང་བསྡད་དེ་གྲོང་ཁྱེར་དེའི་ནང་གི་ངོ་ཤེས་གྲོགས་པོ་ཚང་མས་ཀུན་མཁྱེན་ནི་བུ་ཡ་རབས་བཟང་སྤྱོད་དང་ལྡན་པ་ཞིག་ཡིན་སྐོར་བརྗོད་འདུག

གསར་འགོད་པ།  སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༧/༠༩/༠༦

Leave a Reply

5 thoughts on “བསྟན་འཛིན་ཀུན་མཁྱེན་གྱི་ལག་དམར་འཛིན་བཟུང་བྱས།

  1. བསྟན་འཛིན་ཉི་མ།

    འདི་ལྟའི་གནས་ཚུལ་རིགས་ལ་སྤྱིར་བློ་ཕམ་དང་། བྱེ་བྲག་དུ་འདིར་སྤེལ་བའི་གནས་ཚུལ་ལྟར་དངོས་ཡོད་གནས་སྟངས་བྱུང་ཡོད་ཚེ་བསྔོ་སྨོན་བྱ་རྒྱུ་དང་། ཁོང་གི་ནང་མི་སྤུན་མཆེད་གཉེན་ཉེ་འཁོར་ལ་སོགས་པར་ཇི་སྲིད་གདུང་སེམས་ཡོད་པ་དེ་སྲིད་གདུང་སེམས་མཉམ་སྐྱེས་རྒྱ་མི་ཆུང་བ་ཡོད་པ། བསམ་བློའི་གུ་ཡངས་སླད་འཆི་བའི་ཆོས་ལ་དངོས་པོའི་ཆོས་ཉིད་དུ་བལྟ་ཐུབ་པ་ཙམ་དུས་རབས་ཉེར་ཅིག་ནང་སྒྲིགས་ཐབས་ཁོ་ནར་མི་མངོན་པས། །མ་འོངས་ཀྱི་སྲོགས་ཆགས་ཆེད་དེ་དག་རྒྱུ་དང་རྐྱེན་གང་ལས་བྱུང་བ་གསལ་པོར་མ་ཚང་མ་ནོར་མེད་པར་རྟོགས་པའི་ཐབས་ལ་ཀུན་གྱིས་ཇེ་ཆེར་འབད་དེ་སྤང་བླང་འཇུག་ལྡོག་གོང་འཕེལ་བྱ་ན་ལེགས་སྙམ།

    བྱང་ཨ་རི། མི་ཎི་སོ་ཊ། ཀོ་ལྨ་བིཨ་ཧའིཊ་ནས། བསྟན་འཛིན་ཉི་མས་ཕྱི་ཚེས། ༢༠༡༧།༩།༡༣ ཉིན་སྦྱར། །