ཡིག་འབྲེལ་མ་བྱེད་སྟབས་བདེ་མ་རེད།

རྒྱ་ནག་གཞུང་གིས་ཏང་གི་ཚོགས་ཆེན་ཐེངས་ ༡༩ བའི་བདེ་འཇགས་སྲུང་སྐྱོབ་བྱེད་ཆེད་སྤྱི་ཚོགས་བརྒྱུད་ལམ་ཁག་ཡོངས་ལ་སྟངས་འཛིན་དང་ཞིབ་བཤེར་ནན་མོ་བྱེད་ཀྱིན་ཡོད་འདུག

རྒྱ་ནག་དམར་ཤོག་ཚོགས་ཆེན་ཐེངས་ ༡༩ པ་འཚོགས་ལ་ཉེ་བའི་སྐབས་འདིར། རྒྱ་ནག་རྒྱལ་ཁབ་ཀྱི་ཆ་འཕྲིན་ལས་སྒྲུབ་ཁང་ཟེར་བས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཁ་གཡར་ཏེ“དྲ་སྦྲེལ་ཚོགས་ཀྱི་ཆ་འཕྲིན་ཞབས་ཞུའི་གཏན་འབེབས”ཞེས་པའི་སྲོལ་ཡིག་ཅིག་བཀྲམས་ཏེ། རྒྱ་ནག་རྒྱལ་ཡོངས་སུ་སྐད་འཕྲིན་ (WeChat) དང་ཝེ་པོ་ (Weibo)། ཁྱེའུ་འཕྲིན་ (QQ) སོགས་སྤྱི་ཚོགས་བརྒྱུད་ལམ་ཆེ་ཁག་ལ་སྟངས་འཛིན་དང་ཞིབ་བཤེར་བྱ་རྒྱུ་ཡིན་ལུགས་བསྒྲགས་ཡོད་པ་དང་། སྤྱི་ཚོགས་བརྒྱུད་ལམ་སྟངས་འཛིན་གྱི་ལས་འགུལ་དེ་འཆར་ཟླ་ ༡༠ ཚེས་ ༨ ཀྱི་སྔོན་ལ་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་འདུག

འབྲེལ་ཡོད་བོད་མི་ཞིག་གིས་འདི་གའི་གསར་འགོད་པར་དེའི་སྐོར་གནས་ཚུལ་མཁོ་སྤྲོད་བྱེད་སྐབས། ཁ་སང་དེ་རིང་མཚོ་སྔོན་ཕྱོགས་སུ་སྐད་འཕྲིན་དང་ཝེ་པོ་སོགས་ནང་དྲ་གྲོགས་དང་ནང་མི་ཕན་ཚུན་བར་འབྲེལ་གཏུགས་བྱེད་རྒྱུ་ཁག་པོ་ཆགས་འདུག རྒྱུ་རྐྱེན་ཅི་ཡིན་གསལ་བོར་ཤེས་ཀྱི་མི་འདུག དྲ་གྲོགས་མང་པོ་ཞིག་གིས་ཕན་ཚུན་ལ་འབྲེལ་གཏུགས་མ་ཐུབ་པའི་དཀའ་ངལ་འཕྲད་ཀྱི་འདུག ཁ་སང་སྐད་འཕྲིན་ཚོགས་པ་ཁག་ཅིག་ནང་། ཏང་གི་ཚོགས་ཆེན་ ༡༩ པ་བསུ་ཆེད། སང་ཉིན་ནས་རྒྱལ་ཁབ་ཀྱི་ཆ་འཕྲིན་ལས་སྒྲུབ་ཁང་གི་བཀའ་བཀོད་འོག དྲ་རྒྱ་དོ་དམ་དང་ཞིབ་བཤེར་ལས་ཁུངས་སོ་སོས་སྐད་འཕྲིན་དང་ཝེ་པོ་སོགས་སྤྱི་ཚོགས་བརྒྱུད་ལམ་ཁག་ལ་སྟངས་འཛིན་དང་ཞིབ་བཤེར་བྱ་རྒྱུ་རེད། དེར་བརྟེན་སྐད་འཕྲིན་ཚོགས་པ་སོ་སོས་རང་རང་གི་ཚོགས་པའི་ནང་གི་གནས་ཚུལ་གཙང་བཟོ་བྱེད་རྒྱུར་གྲ་སྒྲིག་བྱོས། སྐད་འཕྲིན་ཚོགས་པ་དང་དྲ་གྲོགས་ཕན་ཚུན་བར་འབྲེལ་གཏུགས་བྱེད་སྐབས། ངག་ཐོག་ནས་མ་གཏོགས་ཡིག་ཐོག་ནས་འབྲེལ་བ་བྱས་ན་སྟབས་བདེ་ཡིན་ས་མ་རེད། སྐད་འཕྲིན་ནང་གནད་དོན་དང་འབྲེལ་བའི་གླེང་མོལ་མི་བྱ་བར་ཡིད་འཇོག་གནང་རོགས། ཞེས་པའི་གནས་ཚུལ་འཐོན་གྱི་འདུག ཕལ་ཆེར་དེ་འདྲ་ཞིག་ཡིན་ས་རེད། ང་ཚོའི་ས་ཆར་མདང་དགོང་ནས་སྐད་འཕྲིན་ཚོགས་པ་དང་དྲ་གྲོགས་ཕན་ཚུན་བར་སྐད་བཞག་པ་དང་འདྲ་པར་བསྐུར་ཡང་འཕྲོད་ཀྱི་མི་འདུག ང་ཚོར་ཡོན་ཏན་མེད་པས་རྒྱལ་ཁབ་ཀྱི་སྲིད་ཇུས་ག་འདྲ་ཡིན་མིན་མི་ཤེས། ཞེས་སོགས་བརྗོད་བྱུང་།

རྒྱལ་ཁབ་ཆ་འཕྲིན་ལས་སྒྲུབ་ཁང་ཟེར་བ་དེས་བསྒྲགས་པའི་དྲ་ལམ་དོ་དམ་གཏན་འབེབས་ཞེས་པའི་ནང་། གཅིག དྲ་ལམ་དོ་དམ་གཏན་འབེབས་གཞིར་བཟུང་གིས་དྲ་སྦྲེལ་ཚོགས་ཀྱི་ཆ་འཕྲིན་ཞབས་ཞུ་མཁོ་འདོན་བྱེད་མཁན་གྱིས། ཆ་འཕྲིན་ནང་དོན་གྱི་བདེ་འཇགས་དོ་དམ་གྱི་འགན་འཁྲི་ ངེས་པར་དུ་དོན་འཁྱོངས་བྱེད་དགོས་པ་མ་ཟད། ལས་སྟེགས་རྒྱབ་ཏུ་མིང་ངོ་མ་འགོད་པ་དང་མདུན་དུ་རང་མོས་ཀྱིས་རྩ་དོན་གཞིར་བཟུང་སྟེ་དྲ་སྦྲེལ་ཚོགས་ཀྱི་ཆ་འཕྲིན་ཞབས་ཞུ་དང་ལེན་བྱེད་མཁན་གྱི་ཐོབ་ཐང་ངོ་མའི་ཆ་འཕྲིན་བདེན་མིན་ར་སྤྲོད་བྱེད་དགོས། དྲ་སྦྲེལ་ཚོགས་པ་འཛུགས་མཁན་གྱིས་ཐོབ་ཐང་ངོ་མ་མཁོ་འདོན་བྱས་མེད་ན། དེར་ཆ་འཕྲིན་ཡོངས་བསྒྲགས་ཀྱི་ཞབས་ཞུ་མཁོ་འདོན་བྱ་མི་རུང་།

གཉིས། དྲ་སྦྲེལ་ཚོགས་ཀྱི་ཆ་འཕྲིན་ཞབས་ཞུ་མཁོ་འདོན་བྱེད་མཁན་གྱིས་རང་ངོས་ཀྱི་ཞབས་ཞུའི་གཞི་ཁྱོན་དང་དོ་དམ་ནུས་པ་གཞིར་བཟུང་གིས། དྲ་སྦྲེལ་ཚོགས་ཀྱི་ཁོངས་མིའི་གྲངས་འབོར་དང་མི་སྒེར་གྱིས་བཙུགས་པའི་དྲ་སྦྲེལ་ཚོགས་པའི་གྲངས་དང་དེར་ཞུགས་མཁན་གྱི་མི་གྲངས་ཀྱི་ཚད་གཞི་ལུགས་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱེད་དགོས།

གསུམ། དྲ་སྦྲེལ་ཚོགས་པ་འཛུགས་མཁན་དང་དོ་དམ་བྱེད་མཁན་གྱིས་དྲ་སྦྲེལ་ཚོགས་ཀྱི་དོ་དམ་འགན་འཁྲི་ངེས་པར་དུ་འཁུར་དགོས་པ་མ་ཟད། བཅའ་ཁྲིམས་ཀྱི་ཁྲིམས་སྲོལ་དང་། སྤྱོད་མཁན་གྱི་གྲོས་མཐུན། ལས་སྟེགས་ཀྱི་སྤྱི་ཆིངས་བཅས་གཞིར་བཟུང་ཐོག ཚོགས་པའི་དྲ་རྒྱའི་བྱ་སྤྱོད་དང་ཆ་འཕྲིན་ཡོངས་བསྒྲགས་ཚད་ལྡན་དུ་བཏང་ནས་ཤེས་དཔལ་དང་གོ་རིམ་ལྡན་པའི་དྲ་རྒྱའི་ཚོགས་པའི་བར་འབྲེལ་ལམ་ཧེ་བག་ཡོད་དགོས།

བཞི། དྲ་སྦྲེལ་ཚོགས་ཀྱི་ཆ་འཕྲིན་ཞབས་ཞུ་མཁོ་འདོན་བྱེད་མཁན་དང་བེད་སྤྱོད་བྱེད་མཁན་གྱིས་དྲ་སྦྲེལ་ཚོགས་པ་བརྒྱུད་བཅའ་ཁྲིམས་ཀྱི་ཁྲིམས་སྲོལ་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ནང་བཀག་སྡོམ་བྱེད་པའི་ཆ་འཕྲིན་གྱི་ནང་དོན་བརྒྱུད་སྤེལ་བྱས་མི་ཆོག དྲ་སྦྲེལ་ཚོགས་པའི་ཆ་འཕྲིན་ཞབས་ཞུ་མཁོ་འདོན་བྱེད་མཁན་གྱིས་བཅའ་ཁྲིམས་ཀྱི་ཁྲིམས་སྲོལ་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལས་འགལ་བའི་དྲ་སྦྲེལ་ཚོགས་པར་ཁྲིམས་དང་ཁ་ཆད་གཞིར་བཟུང་གིས་ཉེན་བརྡ་དང་དག་ཐེར། ཡོངས་བསྒྲགས་བྱེད་མཚམས་འཇོག་པ། དྲ་སྦྲེལ་ཚོགས་སྤྱོད་མཚམས་འཇོག་པ་སོགས་ཀྱི་ཐག་གཅོད་བྱེད་ཐབས་སྤྱད་དེ། འབྲེལ་ཡོད་ཀྱི་ཟིན་ཐོ་ཉར་ཚགས་བྱས་ནས་འབྲེལ་ཡོད་གཙོ་གཉེར་སྡེ་ཚན་ལ་སྙན་སེང་ཞུ་ དགོས། ཞེས་སོགས་འཁོད་འདུག

རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། རྒྱ་ནག་དམར་ཤོག་ཚོགས་ཆེན་ཐེངས་ ༡༩ པ་དེ་འཆར་ཟླ་ ༡༠ ཚེས་ ༡༨ ཉིན་པེ་ཅིན་གྲོང་ཁྱེར་གྱི་མི་མང་ཚོགས་ཁང་ཆེན་མོའི་ནང་འཚོགས་འཆར་ཡོད་པ་དང་། ཚོགས་ཆེན་སྟེང་འཐུས་མི་ ༢༣༠༠ ལྷག་མཉམ་ཞུགས་ཐོག འབྱུང་འགྱུར་ལོ་ངོ་ལྔ་རིང་གི་ཆབ་སྲིད་དཔལ་འབྱོར་སྐོར་ལ་གྲོས་མོལ་དང་། དམར་ཤོག་ཚོགས་པའི་མགོ་ཁྲིད་འཕོ་འགྱུར་གཏང་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༩/༡༢

Leave a Reply