བོད་མི་ཞིག་གིས་རང་ཤི་བརྒྱབ།

སུད་སིའི་ལོ་རྫིན་གྲོང་ཁྱེར་གྱི་མེ་འཁོར་ལྕགས་ལམ་ཐོག་བོད་མི་ཞིག་མཆོངས་ཏེ་རང་ཤི་བརྒྱབ་འདུག་ཀྱང་མི་དེའི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༧ ཉིན་སུད་སིའི་དཀྱིལ་དབུས་གྲོང་ཁྱེར་ལོ་རྫིན་གྱི་(Emmenbruke)མེ་འཁོར་འབབ་ཚུགས་སུ། བོད་མི་ཞིག་མེ་འཁོར་ལྕགས་ལམ་ཐོག་མཆོངས་ཏེ་རང་ཤི་བརྒྱབ་ཡོད་པ་དང་།  ཉིན་དེའི་དགོང་མོའི་ཆུ་ཚོད་ ༧་༥༠ སྟེང་ལོ་རྫིན་(Luzern)གྲོང་ཁྱེར་ཉེན་རྟོག་པས་མེ་འཁོར་འབབ་ཚིགས་ནས་བོད་མི་དེའི་ཕུང་པོ་རྙེད་ཡོད་པའི་གནས་ཚུལ་ཐོན་འདུག་པ་དང་། ད་ལྟའི་ཆར་བོད་མི་དེ་སུ་ཡིན་མིན་དང་གང་ནས་ཡོང་བ་ཡིན་སོགས་ཉེན་རྟོག་པས་རྩད་གཅོད་བྱེད་བཞིན་པའི་སྒང་ཡིན་འདུག

འདི་གའི་གསར་འགོད་པས་ངོ་དེབ་བརྒྱུད་ས་གནས་བོད་མི་ཞིག་ལ་དེའི་སྐོར་སྐད་ཆ་དྲིས་པར་མོས། མི་དེའི་མིང་ལ་བཀྲ་ཤིས་རྣམ་རྒྱལ་ཟེར་གྱི་ཡོད་འདུག ཡིན་ནའང་། ཁོ་གང་ནས་ཡིན་པ་དང་ག་དུས་སུད་སིར་འབྱོར་ཡོད་མེད་སོགས་གསལ་པོ་མི་འདུག སུད་སིའི་གཞུང་གིས་ཐོ་འགོད་བྱས་ཟིན་པའི་སྐྱབས་བཅོལ་བ་ཞིག་ཡིན་ན། མཛུབ་རྗེས་ཀྱི་ཐོག་ནས་མི་དེའི་ལོ་རྒྱུས་ཆ་ཚང་ལས་སླ་པོར་བལྟ་ཐུབ་ཀྱང་། བཀྲ་ཤིས་རྣམ་རྒྱལ་ཀྱིས་ད་དུང་སུད་སིའི་གཞུང་ལ་སྐྱབས་བཅོལ་ཐོ་འགོད་བྱས་མེད་སྟབས།  ཉེན་རྟོག་པས་ཁོ་སུ་ཡིན་པ་སོགས་ཧ་མ་གོ་བར་ལྷག་ཡོད་འདུག ཅེས་བརྗོད་བྱུང་།

ཡང་མོས།  ཉེན་རྟོག་པས་བཀྲ་ཤིས་རྣམ་རྒྱལ་གྱི་ལག་ནས་ཁ་ཆེམས་ཡི་གེ་ཞིག་རག་ཡོད་ཀྱང་། བོད་ཡིག་ནང་བྲིས་ཡོད་པས་ཉེན་རྟོག་པས་མགོ་མ་འཚོས་པར་བོད་མི་འགའ་སྐད་བཏང་སྟེ་སྐད་ཆ་དྲིས་ཡོད་པ་དང་། ཁ་ཆེམས་ཡི་གེ་དངོས་སུ་མཐོང་མཁན་ཚོས་བརྗོད་ན།  ཡི་གེ་དེའི་ནང་བཀྲ་ཤིས་རྣམ་རྒྱལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་བོད་མིའི་གནས་སྟངས་གླེང་དགོས་པའི་འབོད་སྐུལ་སོགས་བྱས་ཡོད་འདུག་ཀྱང་། ད་ལྟ་ཁ་ཆེམས་ཡི་གེ་དེ་ཉེན་རྟོག་པའི་ལག་ཏུ་ཡོད་སྐོར་དང་། བཀྲ་ཤིས་རྣམ་རྒྱལ་གྱི་ཕ་ཡུལ་དང་ལོ་ན་ག་ཚོད་ཡིན་པ་སོགས་གནས་ཚུལ་རྒྱས་པ་གཅིག་བྱས་ན་དེ་རིང་སུད་སིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་སྲིད་ཀྱི་རེད།  ཅེས་བརྗོད་བྱུང་།

སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། ཁོའི་ཁ་ཆེམས་ནང་དུ་སུད་སིའི་ནང་གནས་སྡོད་ཆོག་པའི་ཡིག་ཆ་མ་རག་པའི་བོད་མི་ ༣༠༠ ལྷག་ལ་ཡིག་ཆ་སྤྲོད་དགོས་པའི་འབོད་སྐུལ་ཡང་བྱས་ཡོད་ལུགས་བརྗོད་ཀྱི་འདུག

ཟླ་འདིའི་ཚེས་ ༡༤ ཉིན་གྲོང་ཁྱེར་ལོ་རྫིན་བོད་རིགས་ས་གནས་ཚོགས་ཆུང་གི་གོ་སྒྲིག་འོག་བཀྲ་ཤིས་རྣམ་རྒྱལ་གྱི་ཆེད་དུ་རི་ཀོན་ཆོས་འཁོར་དགོན་གྱི་དགེ་འདུན་པ་རྣམས་གདན་འདྲེན་ཞུས་ཏེ། Reusszopf Spielplatz གླིང་ཀ་རུ་སྨོན་ལམ་མཆོད་འབུལ་གནང་འཆར་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༧/༠༩/༡༢

Leave a Reply

5 thoughts on “བོད་མི་ཞིག་གིས་རང་ཤི་བརྒྱབ།

  1. དོན་གྲུབ་བཟང་པོ།

    དགོངས་དག
    ང་རང་གློག་ཀླད་དེ་འཁྲུགས་བསྡད་བཞག
    འཇའ་མན་ཡིག་རིགས་ཡིན་པ་འདྲ།ཧ་གོ་ཡི་མི་འདུག

  2. ཁ་ཆེམས་ཡི་གེ་ཟེར་བ་དེ་རྫུན་མ་རྫུན་རྐྱང་རེད་འདུག་་པ་ཟད། ཉེར་རྟོག་པས་བོད་རིགས་ཞིག་ཡིན་ས་རེད་ཟེར་ནས་ཚོད་དཔར་བྱེད་འདུག
    https://www.zentralplus.ch/de/news/aktuell/5546609/Suizid-Polizei-bittet-um-Hilfe-bei-der-Personenidentifikation.htm

  3. གཞུང་པ་ཚེ་དབང་བསོད་ནམས་ཡ

    མི་ལ་མི་བདག་མེད་ན་ཡང་རོ་ལ་རོ་བདག་དགོས་པ་མ་རེད་དམ་ཡུ་རོབ་སྤྱི་འཐུས་དང་སུད་སི་དོན་གཅོད་སུད་སིའི་ས་གནས་འཐུས་ཚོགས་དང་སུད་སིའི་ས་ཁོང་ཚོ
    ོགས་ཆུང་ཚོའི་གནས་ཚུལ་འདི་མཁྱེན་གྱི་མེད་པ་ཡིན་ནམ་?