ཚོཊ་དུས་བཞི་པའི་ཐོག་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་སྐོར་གླེང་འཆར་མི་འདུག

ཟླ་འདིའི་ཕྱི་ཚེས་ ༡༩ ནས་ ༢༨ བར་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ་འཚོགས་རྒྱུ་ཡིན་འདུག

ལོ་རེར་གྲོས་ཚོགས་ཚོགས་དུས་གཉིས་རེ་འཚོགས་ཀྱི་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༩ ནས་ ༢༨ བར་གངས་སྐྱིད་སྤྱི་འཐུས་ཚོགས་ཁང་དུ། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཞི་པ་དེ་འཚོགས་རྒྱུ་ཡིན་པ་དང་། འདི་གའི་གསར་འགོད་པས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ལ། ཐེངས་འདིའི་ཚོགས་དུས་ཐོག་ལས་རིམ་གཙོ་བོ་ག་རེ་ཡོང་གི་ཡོད་པ་དང་། དམིགས་བསལ་ལས་རིམ་དེ་འདྲ་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་གིས། ལས་ཉིན་དང་པོར་དམིགས་བསལ་ཞིག་ལ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་སྐུ་མྱ་ངན་ལས་འདས་པ་དང་། སྤྱི་ཟུར་ཚེ་རིང་སྒྲོལ་མ་ལགས་འདས་གྲོངས་སུ་ཕྱིན་པ། དེ་བཞིན་བོད་ཕྱི་ནང་གཉིས་སུ་སྐུ་ལུས་མེར་སྲེག་གནང་སྟེ་འདས་གྲོངས་ཕྱིན་པ་བཅས་ལ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་དང་། ད་ལྟའི་བོད་ཀྱི་གནས་སྟངས་ཛ་དྲག་གི་སྐོར་ལ་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་བཅས་འཆར་ཅན་གྱི་ལས་རིམ་ཁག་ཅིག་ཡོང་གི་ཡོད་པ་དང་། ད་ལན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ལ་ཞིབ་བཤེར་བྱས་ཏེ། དེའི་ཐོག་ལ་བགྲོ་གླེང་དང་དྲི་བ་དྲིས་ལན། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་བརྒྱད་པའི་སྙན་ཐོ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ཁྲ་དང་འབྲེལ་བའི་ལས་བསྡོམས་ལ་ཞིབ་འཇུག་ཚོགས་ཆུང་གིས་ཞིབ་འཇུག་བྱས་པའི་སྙན་ཐོ་བཅས་ཀྱི་ཐོག་ལ་བགྲོ་གླེང་གནང་སྟེ་མཇུག་སྐྱོང་དགོས་པའི་གྲོས་ཆོད་ཁག་ཅིག་ཡོང་གི་ཡོད་སྐོར་གསུངས་བྱུང་།

སྤྱི་ཚོགས་ཁྲོད་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་སྐོར་ལ་བསམ་ཚུལ་འདོན་མཁན་དང་གླེང་སློང་བྱེད་མཁན་མང་པོ་ཡོང་གི་ཡོད་སྟབས། ད་ལན་གྱི་ཚོགས་དུས་ཐོག་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་སྐོར་ལ་བགྲོ་གླེང་གནང་འཆར་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་གིས། དེ་སྔོན་གྱི་གྲོས་ཚོགས་ནང་སྒྲིག་གཞི་བསྐྱར་བཅོས་ཚོགས་ཆུང་གིས་སྒྲིག་གཞི་བསྐྱར་ཞིབ་གནང་བ་བརྒྱུད་བཀའ་ཤག་གིས་དེའི་ཐོག་ལ་ཐེངས་རྗེས་མའི་གྲོས་ཚོགས་སྐབས་བཟོ་བཅོས་ཀྱི་གྲོས་འཆར་གནང་གི་ཡིན་གསུངས་ཡོད་སྟབས། ད་ལན་གྱི་གྲོས་ཚོགས་ཐོག་འོས་བསྡུའི་སྒྲིག་གཞི་བསྐྱར་ཞིབ་སྐོར་ལ་བགྲོ་གླེང་གནང་གི་མ་རེད་བསམ་གྱི་འདུག ཅེས་གསུངས་སོང་།

གཞན། བཀའ་ཤག་གི་ངོས་ནས་ཕྱི་འབྲེལ་བཀའ་བློན་འོས་འདེམས་ཀྱི་ལས་རིམ་བསྣམ་ཕེབས་ཀྱི་ཡོད་མེད་དྲིས་པར། རྩ་བའི་ང་ཚོས་ཚོགས་དྲུང་ལས་ཁུངས་བརྒྱུད་བཀའ་ཤག་ལ་གྲོས་ཚོགས་ནང་ལས་རིམ་ག་རེ་ཡོང་དགོས་མིན་དང་། ཁྲིམས་སྒྲིག་གཞི་ག་རེ་བསྐྱར་བཅོས་དགོས་མིན་གྱི་སྙན་ཐོ་ཞིག་ཕུལ་བ་བརྒྱུད། བཀའ་ཤག་གི་ངོས་ནས་ཁྲིམས་སྒྲིག་བསྐྱར་བཅོས་དགོས་པའི་བཀའ་ལན་ཕེབས་ཡོད་པ་རེད། དེ་མིན་ཕྱི་འབྲེལ་བཀའ་བློན་འོས་འདེམས་ཀྱི་ལས་རིམ་སྐོར་གང་ཡང་གསུངས་མི་འདུག ལས་རིམ་དེ་གྲོས་ཚོགས་མ་འཚོགས་པའི་ཉིན་གཅིག་གཉིས་ཀྱི་སྔོན་ལ་མ་གཏོགས་ཡོངས་གྲགས་གསལ་བསྒྲགས་གནང་གི་མ་རེད་བསམ་གྱི་འདུག ཅེས་གསུངས་བྱུང་།

མཇུག་ཏུ་གསར་འགོད་པས་ད་ལན་སྤྱི་འཐུས་སྒེར་གྱི་གྲོས་གཞི་གྲོས་འཆར་གཙོ་བོ་ག་རེ་ཕུལ་ཡོད་མེད་དྲིས་པར། ད་སྔར་བོད་སྐད་ཡིག་སྐོར་གྱི་སྤྱི་འཐུས་སྒེར་གྱི་གྲོས་གཞི་གྲོས་འཆར་གཅིག་མ་གཏོགས་གཞན་འབྱོར་མེད་སྐོར་གསུངས་སོང་།

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༩/༡༤

Leave a Reply

3 thoughts on “ཚོཊ་དུས་བཞི་པའི་ཐོག་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་སྐོར་གླེང་འཆར་མི་འདུག

  1. གཞུང་པ་ཚེ་དབང་བསོད་ནམས་ཡ

    མང་གཙོའི་ལྟ་སྒྲུབ་དང་མཐུན་པའི་ཁྲིམས་ལུགས་འོག་ང་ཚོ་འཚོ་མ་ཐུབ་ཚེ་དེ་སྔའི་བོད་ཀྱི་ཆབ་སྲིད་འཚོ་བའི་ལོ་རྒྱུས་ནས་ང་ཚོ་ནམ་ཡང་ཁ་བྲལ་མ་ཐུབ་པའི་རྗེས་ལུས་ནས་ཡང་ལུས་དུ་ལྷག་སྲིད་

  2. གཞུང་པ་ཚེ་དབང་བསོད་ནམས་ཡ

    མཆོད་འབུལ་སྨོན་ལམ་དང་གདུང་སེམས་མཉམ་སྐྱེད་དེ་ཚོ་འཛིན་སྐྱོང་གི་གནང་དགོས་པའི་ཐུགས་འགན་ཙམ་ལས་གྲོས་ཚོགས་ཀྱི་གནང་དགོས་པའི་ཐུགས་འགན་ཡིན་པ་ཁྲིམས་སྒྲིག་གང་གི་ནང་གསལ་གྱི་ཡོད་ངས་ཤེས་མ་སོང་ལ་མཐོང་ཡང་མ་བྱུང་།
    ཁྲིམས་བཟོའི་ཐུགས་འགན་ཆེ་ཤོས་དེ་ཁྲིམས་དང་སྒྲིག་གཞི་བཟོ་རྒྱུ་དེ་ཡིན་པ་དང་ལྷག་པར་དུ་འོས་བསྡུའི་སྒྲིག་གཞི་ཚད་ལྡན་བཟོ་རྒྱུ་དང་བཅའ་ཁྲིམས་དོན་ཚན་བརྒྱད་པའི་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ཁྲིམས་ལུགས་བཟོ་རྒྱུ་དང་གཞིས་ཆགས་ཀྱིས་ས་ཁང་དང་ས་ལྷག་དེ་ཚོའི་སྐོར་དང་གལ་ཆེ་ཤོས་དེ་གཞིས་ཆགས་བསྲ་བརྟན་དང་རྒྱུན་གནས་ཐུབ་པའི་འཁོར་ཡུག་ཁྲིམས་དང་སྒྲིག་གཞིའི་ལམ་སྟོན་དགོས་པ་ལས་ཟབ་སྦྱོང་དང་གཏམ་བཤད་ལ་འགན་འཁུར་ནས་གཞིས་ཆགས་བསྲ་བརྟན་དང་རྒྱུན་གནས་ཟེར་བ་དེ་ཚོ་ཁ་སྒྲུང་ལྟ་བུ་མ་རེད་དམ་?

  3. གཞུང་པ་ཚེ་དབང་བསོད་ནམས་ཡ

    མཆོད་འབུལ་སྨོན་ལམ་དང་གདུང་སེམས་མཉམ་སྐྱེད་དེ་ཚོ་འཛིན་སྐྱོང་གི་གནང་དགོས་པའི་ཐུགས་འགན་ཙམ་ལས་གྲོས་ཚོགས་ཀྱི་གནང་དགོས་པའི་ཐུགས་འགན་ཡིན་པ་ཁྲིམས་སྒྲིག་གང་གི་ནང་གསལ་གྱི་ཡོད་པ་ཡིན་ནམ་?
    ཁྲིམས་བཟོའི་ཐུགས་འགན་ཆེ་ཤོས་དེ་ཁྲིམས་དང་སྒྲིག་གཞི་བཟོ་རྒྱུ་དེ་ཡིན་པ་དང་ལྷག་པར་དུ་འོས་བསྡུའི་སྒྲིག་གཞི་ཚད་ལྡན་བཟོ་རྒྱུ་དང་བཅའ་ཁྲིམས་དོན་ཚན་བརྒྱད་པའི་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ཁྲིམས་ལུགས་བཟོ་རྒྱུ་དང་གཞིས་ཆགས་ཀྱིས་ས་ཁང་དང་ས་ལྷག་དེ་ཚོའི་སྐོར