བཀྲ་ཤིས་རྣམ་རྒྱལ་གྱི་ཁ་ཆེམས་འདི་རེད་ཟེར།

ཉེ་སྔོན་སུད་སི་ནས་རང་སྲོག་བཅད་པའི་བོད་རིགས་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱི་ཁ་ཆེམས་ཡི་གེ་གཉིས་ལས་ཁོང་གིས་བོད་བསྟན་པ་ཆབ་སྲིད་ཆེད་རང་སྲོག་བློས་བཏང་བ་ར་འཕྲོད་ཀྱི་འདུག་ཟེར།

ཁ་སང་ཕྱི་དྲོར་སུད་སི་ལོ་རྫིན་ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་སྦྲེལ་པོ་དང་།  སུད་བོད་མཐུན་གྲོགས་ཚོགས་པའི་སྐུ་ཚབ་བཅས་ཐུན་མོང་གིས། ཉེ་སྔོན་སུད་སི་ནས་རང་སྲོག་བཅད་པའི་བོད་མི་བཀྲ་ཤིས་རྣམ་རྒྱལ་ལགས་དང་འབྲེལ་ཏེ་ཡོངས་ཁྱབ་གསལ་བསྒྲགས་ཤིག་གནང་ཡོད་པ་དང་།  ཚོགས་པ་གཉིས་ནས་འབྲེལ་ལམ་བརྒྱུད་ད་ལྟ་ཉེན་རྟོག་པའི་ལག་ཏུ་ཡོད་པའི་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱི་ཁ་ཆེམས་ཡི་གེ་དངོས་སུ་བཀླགས་ཐུབ་པ་དང་། ཁོང་ལ་ཁ་ཆེམས་ཡི་གེ་གཉིས་ཡོད་འདུག

དེ་ཡང་ཡོངས་བསྒྲགས་གསལ་བཤད་ལྟར་ན་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱི་ཁ་ཆེམས་ནང་དུ། གཅིག མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དོན་གླེང་དགོས་པ། གཉིས། ༧རྒྱལ་བ་རིན་པོ་ཆེ་བོད་ནང་གདན་ཞུ་དགོས་ལུགས། གསུམ། སུད་སི་ནང་བོད་མི་རྣམས་ལ་སྐྱབས་བཅོལ་ངོས་ལེན་གནང་དགོས་སྐོར། བཞི། ཁོང་གིས་རང་སྲོག་བློས་བཏང་བྱས་པ་དེ་ནི་ཁོ་རང་རང་གི་ཐག་གཅོད་ཞིག་ཡིན་པ་ལས་གཞན་གྱིས་བརྒྱུད་སྐུལ་བྱས་པ་མ་ཡིན་པ། ལྔ། ཁོང་རང་གི་ལས་འགུལ་དེ་འཚེ་མེད་ཞི་བའི་ལས་འགུལ་ཞིག་ཡིན་སྟབས་འཛམ་གླིང་མི་མང་གིས་རྒྱལ་སྐྱོར་ཡོང་བའི་རེ་སྐུལ། དྲུག ཁོ་རང་གི་ནང་མི་རྣམས་ནས་ཐག་གཅོད་དེར་ངོས་ལེན་གནང་ཐུབ་པའི་རེ་བ་བཅས་བཀོད་ཡོད་འདུག

ཡང་ཡོངས་བསྒྲགས་གསལ་བཤད་ནང་དུ། ཞལ་ཆེམས་ཡི་གེ་དེའི་མ་ཡིག་ད་ལྟའང་ཉེན་རྟོག་པའི་ལག་ཏུ་ཡོད་སྟབས།  ཁོང་གི་རྒྱབ་ལྗོངས་ཀྱི་གནས་ཚུལ་རྒྱས་པ་ཉེན་རྟོག་པས་རྩད་གཅོད་མུས་ཡིན་པ་དང་། ཉེན་རྟོག་པས་བཀྲ་ཤིས་རྣམ་རྒྱལ་ལགས་སུད་སིར་གནས་སྡོད་བྱེད་མཁན་ཞིག་མིན་པ་གཏན་ཁེལ་བྱས་ཡོད་སྐོར་དང་། བཀྲ་ཤིས་རྣམ་རྒྱལ་ལགས་ཀྱིས་ཁ་ཆེམས་ཡི་གེ་གཉིས་བཞག་ཡོད་པ་གཞིར་བཞག་སྟེ།  ཁོང་བོད་བསྟན་པ་ཆབ་སྲིད་ཀྱི་སླད་དུ་རང་སྲོག་བློས་བཏང་བྱས་པའི་རྒྱལ་གཅེས་དཔའ་བོ་ཞིག་ཡིན་པ་ར་འཕྲོད་སྐོར་བརྗོད་འདུག

ལོ་རྫིན་ས་གནས་བོད་རིགས་ཚོགས་པས་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་སྲོག་བཅད་ཡོད་པ་གཏན་ཁེལ་ཐོག   ཁོང་གི་ཞལ་ཆེམས་ཀྱི་ནང་དོན་སྙིང་བསྡུས་ཤིག་སུད་སིའི་འབྲེལ་ཡོད་ལས་ཁུངས་དང་།  མཉམ་འབྲེལ་རྒྱལ་ཚོགས་གཉིས་ལ་མི་འགྱངས་པར་ཕུལ་རྒྱུ་ཡིན་པ་དང་།  དེ་བཞིན་ལོ་རྫིན་ས་གནས་བོད་རིགས་ཚོགས་པའི་གོ་སྒྲིག་འོག ཁོང་གི་ཆེད་དུ་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་།  བདུན་ཚིག་སྨོན་ལམ་སོགས་མུ་མཐུད་གང་ཐུབ་ཀྱིས་གནང་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།

འབྲེལ་ཡོད་རེ་ནས་བརྗོད་པ་ལྟར་ན། བཀྲ་ཤིས་རྣམ་རྒྱལ་ལགས་ནི་རྒྱ་གར་ཨུ་རི་ས་གཞིས་ཆགས་ནས་ཡིན་པ་དང་། ཉེ་སྔོན་ཕྱི་རྒྱལ་དུ་ཕྱིན་པ་ཡིན་སྐོར་བརྗོད་ཀྱི་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༧/༠༩/༡༣

Leave a Reply

One thought on “བཀྲ་ཤིས་རྣམ་རྒྱལ་གྱི་ཁ་ཆེམས་འདི་རེད་ཟེར།

  1. ད་ང་ཚོའི་སྤྱི་ཚོགས་འདིར་རང་སྲོག་གཅོད་སར་བོད་དོན་འཐབ་རྩོད་ཀྱི་དཔང་རྟགས་བཞག་མེད་དུས་ནང་སོགས་ལ་བཙལ་ཏེ་བོད་དོན་ཡིན་མདོག་ཅིག་བསྒྲུབ་དགོས་དུས། འདིའི་རིགས་ཕན་པ་དང་གནོད་པ་ལས་གནོད་པ་ཤུགས་ཆེ།