སློབ་གྲྭ་ཞིག་ལ་མེ་སྐྱོན་ཚབས་ཆེན་བྱུང་།

ཁ་ཆེའི་ཆོས་ལུགས་སློབ་གྲྭ་ཞིག་གི་ནང་མེ་སྐྱོན་བྱུང་སྟེ་རང་ལོ་ ༡༣ ནས་ ༡༧ བར་ཡིན་པའི་སློབ་ཕྲུག་དང་ལས་བྱེད་ཁྱོན་ ༢༤ རྐྱེན་འདས་སུ་ཕྱིན་ཡོད་འདུག

དེ་རིང་མ་ལེ་ཞི་ཡའི་ཞོགས་པའི་ཆུ་ཚོད་ ༥།༤༠ ཡས་མས་སུ། ཡུལ་དེའི་རྒྱལ་ས་ཀུ་ལཱ་ལུ་པུར་ (Kuala Lumpur) ནང་ཡོད་པའི་ཁ་ཆེའི་ཆོས་ལུགས་སློབ་གྲྭའི་ (Lslamic Tahfiz School) ནང་མེ་སྐྱོན་བྱུང་སྟེ། སློབ་ཕྲུག་ ༢༢ དང་ལས་བྱད་གཉིས་བཅས་ཁྱོན་མི་གྲངས་ ༢༤ རྐྱེན་འདས་སུ་ཕྱིན་ཡོད་པ་དང་། སྲོག་སྐྱོན་བྱུང་བའི་སློབ་ཕྲུག་ཚང་མ་རང་ལོ་ ༡༣ ནས་ ༡༧ བར་གྱི་བུ་རྐྱང་རྐྱང་ཡིན་འདུག

བྷི་བྷི་སི་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། མེ་སྐྱོན་བྱུང་སྐབས་སློབ་ཕྲུག་དེ་ཚོ་ཉལ་ཁང་ནང་ཡོད་པ་དང་། ཉལ་ཁང་གི་སྒོ་དང་སྒེའུ་ཁུང་ཚང་མ་ལྕགས་དྲ་ཡིན་སྟབས། སློབ་ཕྲུག་དེ་ཚོ་ཉལ་ཁང་ཕྱི་ལོགས་སུ་འབྲོ་ཐུབ་མེད་པ་དང་། མེ་སྐྱོན་བྱུང་བའི་ཁང་རྩེག་དེའི་བརྒྱ་ཆ་ ༩༠ མེ་ཡིས་ཚིག་ཡོད་སྐོར་བཤད་འདུག

མ་ལེ་ཞི་ཡའི་མེ་སྐྱོན་སྔོན་འགོག་ལས་ཁུངས་ཀྱི་འགན་འཛིན་དྷ་ར་མན་ (Drahman) ཟེར་བ་ཞིག་གིས། ཐེངས་འདིའི་མེ་སྐྱོན་དེ་ནི་འདས་པའི་ལོ་ངོ་ ༢༠ རིང་བྱུང་མ་མྱོང་བའི་མེ་སྐྱོན་གྱི་གོད་ཆག་ཆེ་ཤོས་ཆགས་ཀྱི་ཡོད་སྐོར་བརྗོད་འདུག་ཀྱང་། ད་ལྟའི་ཆར་མེ་སྐྱོན་དེ་ཇི་ལྟར་བྱུང་བའི་གནས་ཚུལ་ལ་གསལ་ཁ་མི་འདུག

ཁ་ཆེའི་ཆོས་ལུགས་སློབ་གྲྭ་དེའི་ནང་གི་སློབ་ཕྲུག་ཚོས་ཁ་ཆེ་གསུང་རབ་ (Koran) སློབ་གཉེར་བྱེད་ཀྱི་ཡོད་པ་དང་། སློབ་ཕྲུག་མང་ཤོས་སློབ་གྲྭའི་ནང་རྒྱུན་སྡོད་བྱེད་ཀྱི་ཡོད་འདུག

མ་ལེ་ཞི་ཡའི་ནང་སྲིད་བློན་ཆེན་ནོན་ཨོ་མར་ (Noh Omar) ཟེར་བ་དེས་མ་ལེ་ཞི་ཡའི་ཁ་ཆེའི་ཆོས་ལུགས་སློབ་གྲྭ་ཁག་ནང་མེ་སྐྱོན་ཐེངས་ ༢༩ ཙམ་བྱུང་ཡོད་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༩/༡༤

Leave a Reply

One thought on “སློབ་གྲྭ་ཞིག་ལ་མེ་སྐྱོན་ཚབས་ཆེན་བྱུང་།

  1. ཚེ་རིང་དོན་གྲུབ།

    ཨོ་མ་ནི་པད་མེ་ཧུམ། འདས་གྲོངས་སུ་འགྱུར་བའི་ཕྲུ་གུ་དེ་དག་སྐྱེ་བ་ཕྱི་མ་མི་ལུས་རིན་ཆེན་ཞིག་གི་གོ་སྐབས་ཐོབ་པར་ཤོག