ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་རྒྱལ་ཡོངས་བགྲོ་གླེང་ཚོགས་ཆེན་དང་པོ་བསྡུས།

རྒྱལ་ཡོངས་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོའི་ཐོག་བྷང་ལོར་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིག་བདག་གིས་མི་རིགས་གང་ཞིག་ཡིན་ཡང་མི་རིགས་དེའི་སྐད་ཡིག་གི་ཐོག་ནས་མི་རིགས་དེའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ངོ་བོ་ངོས་འཛིན་གྱི་ཡོད་པ་རེད་ཅེས་གསུངས་འདུག


དེ་རིང་སྔ་དྲོའི་ཆུ་ཚོད་ ༩ སྟེང་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ། མཐོ་སློབ་དེའི་གོ་སྒྲིག་འོག་ཉིན་གྲངས་གསུམ་རིང་གི་རྒྱལ་ཡོངས་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོ་བསྡུས་ཏེ། སྐྱབས་བཅོལ་བོད་མིའི་ངོ་བོ་ངོས་འཛིན་གྱི་བརྗོད་གཞིའི་སྒང་གདན་ཞུའི་གཏམ་བཤད་པ་དང་ཉམས་ཞིབ་དཔྱད་རྩོམ་སྒྲོག་སྦྱང་སོགས་གནང་བཞིན་ཡོད་པ་དང་། སྐུ་མགྲོན་གཙོ་བོར་བྷང་ལོར་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིག་བདག་སྐུ་ཞབས་རཱ་མེ་ཤི་(H.N. Ramesh)ལགས་དང་། དམིགས་བསལ་སྐུ་མགྲོན་དུ་བོད་ཀྱི་སྲིད་ཞུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས། བྷང་ལོར་གཙུག་ལག་སློབ་གཉེར་ཁང་གི་གསར་འགོད་རིག་པའི་སྡེ་ཚན་གྱི་སློབ་དཔོན་སྐུ་ཞབས་རཱ་ཝེ་(B.K.Ravi) ལགས་བཅས་ཀྱི་དབུས། གདན་ཞུའི་གཏམ་བཤད་པ་ཨ་རྨྱེ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་བཀྲིས་ཚེ་རིང་ལགས་དང་། བོད་ཀྱི་སྨན་རྩིས་ཁང་གི་བྷང་ལོར་ཡན་ལག་སྨན་ཁང་གི་སྨན་པ་རྡོ་རྗེ་རབ་བརྟན་ལགས། ཧྥ་རན་སའི་རྩོམ་པ་པོ་དང་བོད་རིག་པ་བ་སྐུ་ཞབས་ཁི་ལོ་དྷེ་ཨར་པེ་(Claude Arpi)ལགས།   དེ་བཞིན་ནུབ་བྷང་གྷལ་གཙུག་ལག་སློབ་གཉེར་ཁང་དང་། འབྲས་ལྗོངས་གཙུག་ལག་སློབ་གཉེར་ཁང་། ལྡི་ལི་གཙུག་ལག་སློབ་གཉེར་ཁང་། ཧཱ་དྷིར་པ་ཐི་གཙུག་ལག་སློབ་གཉེར་ཁང་། ཊ་མུལ་ནཱ་དྷོ་གཙུག་ལག་སློབ་གཉེར་ཁང་། དེ་བཞིན་ཕྱིའི་རྒྱལ་ཁབ་ནས་(Hungary University)གཙུག་ལག་སློབ་གཉེར་ཁང་སོགས་ནས་སློབ་དཔོན་ཆེན་མོ་དང་ཆེད་མཁས་པ། ཁྲིམས་རྩོད་པ། དེ་བཞིན་ཉམས་ཞིབ་སློབ་གཉེར་བ་སོགས་མཉམ་ཞུགས་གནང་ཡོད་པ་དང་། གཞན་ཡང་། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱིའི་གཙོས་དགེ་ལས་དང་སློབ་གཉེར་བ་ཡོངས། བྷང་ལོར་ཁུལ་གྱི་མཐོ་སློབ་ཁག་ནས་ཕེབས་པའི་་ཟུར་ཉན་པ་བཅས་ཁྱོན་མི་གྲངས་ ༥༠༠ ལྷག་འཛོམས་ཡོད་པ་དང་། དཔྱད་རྩོམ་ཁྱོན་ ༢༠ ལྷག་སྒྲོག་སྦྱང་གནང་གི་ཡོད་འདུག

དེའི་རྗེས་བྷང་ལོར་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིག་བདག་ལགས་ནས། དེ་རིང་ཏཱ་ལའི་བླ་མ་གཙུག་ལག་སློབ་གཉེར་ཁང་དུ་བོད་མི་རིགས་ཀྱི་ངོ་བོ་ངོས་འཛིན་སྐོར་གྱི་བགྲོ་གླེང་ཚོགས་ཆེན་ཐོག་ང་ལ་གཏམ་བཤད་ཀྱི་གོ་སྐབས་སྤྲད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་མི་རིགས་ཀྱི་ངོ་བོ་དེ་བོད་སྐད་ཡིག་ལ་འབྲེལ་བ་ཆགས་ཡོད་སྟབས། བོད་སྐད་ཡིག་སྲུང་སྐྱོབ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། རྒྱལ་སྤྱིའི་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལྟར་ན། མི་རིགས་གང་ཞིག་ཡིན་ཡང་མི་རིགས་དེའི་སྐད་ཡིག་གི་ཐོག་ནས་མི་རིགས་དེའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ངོ་བོ་ངོས་འཛིན་གྱི་ཡོད་པ་རེད། དེར་བརྟེན་མི་རིགས་ཤིག་གི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་བྱེད་པར་མི་རིགས་དེའི་སྐད་ཡིག་སྲུང་སྐྱོབ་གནང་དགོས་པ་སྨྲོས་མེད་རེད། ཅེས་བརྗོད་འདུག

ཡང་ཁོང་གིས། བོད་མི་རིགས་ཀྱི་སྐད་ཡིག་ནི་འཛམ་གླིང་སྒང་གི་སྐད་ཡིག་མང་པོའི་གྲས་ཀྱི་གཅིག་ཡིན་ནའང་། མང་པོ་ཞིག་གིས་བོད་སྐད་ཡིག་སྣང་མེད་ལ་གཏོང་གི་ཡོད་པ་རེད། དཔེར་ན། ཀར་ན་ཊ་ཀའི་ནང་དབྱིན་སྐད་གཙོ་བོར་འཛིན་གྱི་ཡོད་ནའང་། ཀར་ནཱ་ཊ་ཀཱའི་སྐད་ཡིག་ (karnataka language) ནི་རྒྱ་གར་གྱི་སྐད་ཡིག་མང་པོའི་ཡ་གྱལ་ཞིག་ཡིན་པ་མ་ཟད། དེ་ཀར་ནཱ་ཊ་ཀཱ་ས་ཁུལ་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་འབྲེལ་བ་དམ་ཟབ་ཡོད་པ་ལྟར། བོད་མི་རིགས་ཀྱི་སྐད་ཡིག་ཀྱང་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ངོ་བོ་མཚོན་བྱེད་གཙོ་བོ་ཆགས་ཀྱི་ཡོད་པ་རེད། དེར་བརྟེན་སྐད་ཡིག་ནི་མི་རིགས་ཤིག་གི་གཞི་རྩ་ཡིན་པས་ཧ་ཅང་རྩ་ཆེན་པོ་ཡིན་སྐོར་གསུངས་སོང་།

བྷང་ལོར་གཙུག་ལག་སློབ་གཉེར་ཁང་གི་གསར་འགོད་རིག་པའི་སློབ་དཔོན་སྐུ་ཞབས་རཱ་ཝེ་ཡིས། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་རིམ་གྱིས་བྷང་ལོར་གཙུག་ལག་སློབ་གཉེར་ཁང་དང་མཉམ་འབྲེལ་ཆ་ཚང་ཆགས་ཡོང་གི་ཡོད་སྐོར་བརྗོད་པ་དང་འབྲེལ་ཁོང་གིས། ད་ཐེངས་རྒྱལ་ཡོངས་ཚོགས་ཆེན་ལ་ཕྱོགས་མཐའ་ཁག་ནས་ཆེད་མཁས་པ་དང་སློབ་གཉེར་བ་མང་པོ་ཞིག་ཕེབས་ནས་བརྗོད་གཞི་གཅིག་གི་སྒང་ལ་ཁོ་ཚོས་བསམ་ཚུལ་བཤད་ཐུབ་པ་དེ་ཡག་པོ་རེད། རྒྱ་གར་ལ་མཚོན་ན་བོད་པ་ཚོ་སྲ་ཐག་ཐག་ཅིག་ཡོང་ན་བསམ་ཀྱི་ཡོད་པ་རེད་ལ། ང་ཚོ་རྒྱ་གར་ལ་མཚོན་ན་དུས་ནམ་ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཉམ་དུ་ཡོད་པ་རེད། ང་ཚོ་ཚང་མ་མིང་སྲིང་སྤུན་མཆེད་ཆགས་ཀྱི་ཡོད་པ་དང་ང་ཚོས་བོད་དེ་ག་དུས་ཡིན་ནའང་སྲ་ཐག་ཐག་ཅིག་ཡོང་བའི་རེ་བ་བརྒྱབ་ཀྱི་ཡོད། ཅེས་བརྗོད་འདུག

དེའི་རྗེས་ཐུབ་བསྟན་བསམ་འཕེལ་ལགས་ནས་ད་ཐེངས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་རྒྱལ་ཡོངས་ཚོགས་ཆེན་གྱི་བརྗོད་གཞི་དེ་བོད་ཀྱི་ངོ་བོ་ངོས་འཛིན་སྐོར་ལ་ཆགས་ཀྱི་ཡོད་པ་རེད། ངས་འདི་ནས་སྐད་ཆ་ཐུང་ཐུང་གིས་རྒྱ་གར་གཞུང་དེ་བོད་མི་ཚོར་བཀའ་དྲིན་ཆེན་པོ་ཡིན་པའི་སྐོར་ལ་ཅུང་ཙམ་བཤད་རྒྱུ་ཡིན། དེང་སྐབས་འབར་མའི་སྲིད་གཞུང་གི་དམ་དྲག་འོག་ཁ་ཆེ་མི་མང་འབུམ་གསུམ་ལྷག་ཉེན་ཁ་བརྒྱུད་ནས་བྷང་ལ་དེ་ཤིའི་ནང་བྲོས་བྱོལ་དུ་འགྲོ་དགོས་བྱུང་ཡོད་པ་ལྟར། རྒྱ་གར་ནང་གི་བོད་མི་སྐྱབས་བཅོལ་བ་ཚོ་ཡང་སྔོན་ཆད་རྒྱ་ནག་གི་དམ་དྲག་འོག་ནས་རྒྱ་གར་ནུབ་རྒྱུད་ཀྱི་ལ་དྭགས་ནས་བལ་ཡུལ་དང་། འབྲས་ལྗོངས་དང་འབྲུག་ཡུལ། ཨ་རུ་ན་ཅལ་མངའ་སྡེ་སོགས་རྒྱ་བོད་མཐའ་མཚམས་ཀྱི་ཉེན་ཁ་ཆེ་བའི་ལམ་ཁ་སྤྱི་ལེ་བཞི་སྟོང་ལྷག་བརྒྱུད་རྒྱ་གར་ནང་བྲོས་བྱོལ་དུ་ཡོང་བ་རེད། དེ་ནི་དུས་རབས་ ༢༠ པའི་ནང་བྱུང་བའི་བོད་མིའི་གནས་སྟངས་ཛ་དྲག་ཤོས་དེ་ཆགས་ཡོད་པ་རེད། ཅེས་དང་། རྒྱ་གར་གཞུང་དང་༧གོང་ས་ཏཱ་ལའི་བླ་མ་གཉིས་བར་གྱི་འབྲེལ་ལམ་བརྒྱུད་ནས་རྒྱ་གར་ནང་བཙན་བྱོལ་བོད་མིའི་གཞིས་ཆགས་དང་སློབ་གྲྭ་ཁག་འཛུགས་སྐྲུན་བྱས་པ་ནི། རྒྱ་གར་གཞུང་མང་གཉིས་ཀྱི་ངོས་ནས་སྐྱབས་བཅོལ་བོད་མིའི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱས་པ་མཚོན་ཀྱི་ཡོད་སྐོར་སོགས་བརྗོད་སོང་།

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་བུ་མོ་ཚེ་རིང་ལགས་སུ། རྒྱ་ཡོངས་ཚོགས་ཆེན་འདི་འདྲ་ཞིག་འཚོགས་དགོས་པའི་དམིགས་ཡུལ་དང་མ་འོངས་པར་མུ་མཐུད་ཚོགས་འཆར་ཡོད་མེད་སོགས་ཀྱི་སྐོར་ལ་སྐད་ཆ་དྲིས་པར་མོས། ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གྱི་བརྗོད་གཞི་དེ་བོད་པའི་ངོ་བོ་ངོས་འཛིན་ཞེས་པ་དེ་བདམས་ཡོད་པ་རེད། ལོ་མང་པོའི་སྔོན་ནས་ང་ཚོར་འདི་འདྲ་ཞིག་ཚོགས་རྒྱུའི་འཆར་གཞི་ཡོད་པ་བཞིན། དེ་རིང་དངོས་སུ་ཚོགས་ཐུབ་པ་བྱུང་ཡོད་པ་དང་། འདི་འདྲ་ཞིག་ཚོགས་དགོས་པའི་དམིགས་ཡུལ་གཙོ་བོ་མི་རབས་དང་གནས་བབ་ལ་འགྱུར་བ་ཐེབས་ནས་འགྲོ་བཞིན་ཡོད་དུས། བོད་པའི་ངོ་བོ་ངོས་འཛིན་གྱི་གནས་བབ་དེ་ག་འདྲ་ཞིག་ཏུ་སླེབས་ཡོད་པ་དང་དེའི་སྐོར་ལ་ཤེས་ཡོན་པ་དང་མཁས་པའི་ལྷན་འཛོམས་ཀྱི་བགྲོ་གླེང་ཚོགས་ཆེན་ཞིག་གནང་དགོས་པ་དེ་གལ་ཆེན་པོར་མཐོང་སྟེ་ད་ཐེངས་ཀྱི་ཚོགས་ཆེན་འདི་གོ་སྒྲིག་བྱས་པ་ཡིན། ཞེས་བརྗོད་བྱུང་།

མ་འོངས་པར་ཚོགས་ཆེན་འདི་རྒྱལ་སྤྱི་རང་བཞིན་གྱི་ཚོགས་ཆེན་ཞིག་ཏུ་འགྱུར་ཐབས་བྱེད་ཀྱི་ཡོད་སྐོར་མོས། ཐེངས་འདིའི་ཚོགས་ཆེན་རྒྱལ་ཡོངས་རང་བཞིན་གྱི་ངོས་ནས་ཚོགས་ཡོད་ན་ཡང་། མ་འོངས་པར་མུ་མཐུད་གོམ་པ་རིམ་སྤོས་ཀྱིས་རྒྱལ་སྤྱི་རང་བཞིན་གྱི་ཚོགས་ཆེན་ཞིག་ཏུ་བསྒྱུར་ཐུབ་པར་འབད་བརྩོན་བྱ་རྒྱུ་ཡིན་ལ། ད་ལན་གྱི་ཚོགས་ཆེན་ཐོག་རྒྱལ་ཕྱིའི་ཚོགས་ཞུགས་པའང་ཡོད་དུས་རྒྱལ་སྤྱི་རང་བཞིན་ཞིག་ཏུ་ཆགས་ཡོད་སྐོར་བརྗོད་བྱུང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༩/༡༥

Leave a Reply

One thought on “ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་རྒྱལ་ཡོངས་བགྲོ་གླེང་ཚོགས་ཆེན་དང་པོ་བསྡུས།