དམིགས་བསལ་གྱི་ཚོགས་ཆེན་ཐོག་དམིགས་བསལ་གྱི་གྲོས་བསྡུར་གནང་དགོས་པ་དེ་གལ་ཆེ་ཤོས་ཆགས་ཡོད།

བོད་ལྗོངས་མདོ་སྨད་ཆོལ་ཁའི་དམིགས་བསལ་ཚོགས་ཆེན་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ནས་མདོ་སྨད་པ་ཚོས་མུ་མཐུད་ཤེས་ཡོན་ཐོག་དམིགས་དཔེ་རྒྱུན་སྐྱོང་བྱས་པའི་ཐོག་འཛམ་གླིང་སྤྱི་དང་ལྷག་པར་དུ་བོད་མི་རིགས་ལ་ཕན་ཐོགས་མཁན་གྱི་མི་ཪབས་ཤིག་རྒྱུན་སྐྱོང་བྱེད་རྒྱུ་གལ་ཆེན་ཆགས་ཡོད་སྐོར་གསུངས་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠  སྟེང་བཞུགས་སྒར་དྷ་རམ་ས་ལའི་ཀིརྟིའི་བྱེས་པ་གྲྭ་ཚང་དུ།  སྐབས་བཅུ་དྲུག་པའི་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གོ་སྒྲིག་འོག ཉིན་གསུམ་རིང་གི་བོད་ལྗོངས་མདོ་སྨད་ཆོལ་ཁའི་དམིགས་བསལ་ཚོགས་ཆེན་གྱི་མཛད་སྒོ་དབུ་འབྱེད་གནང་སོང་བ་དང་།  མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་།  དམིགས་བསལ་སྐུ་མགྲོན་བཀའ་ཟུར་༧སྐྱབས་རྗེ་ཀིརྟིའི་རིན་པོ་ཆེ་མཆོག་རྣམ་ཀྱི་དབུས་བཀའ་ཟུར་དང་སྤྱི་ཟུར་རྣམ་པ་དང་། ཕྱོགས་བཞུགས་སྤྱི་འཐུས་ལས་ཐོག་ཁག་ཅིག དེ་བཞིན། རྒྱལ་བལ་གཉིས་ཀྱི་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཆེད་དུ་ཕེབས་པའི་མདོ་སྨད་ཀྱི་གནད་ཡོད་མི་སྣ་དང་། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་དང་། ཟུར་ཉན་པ་བཅས་ཁྱོན་མི་གྲངས་ ༡༥༠ ཙམ་འཛོམས་འདུག ཚོགས་ཆེན་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་བོད་དོན་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ལ་ཆེད་བསྟོད་དུ་སྐུ་མགྲོན་གཙོ་བོ་མཆོག་ནས་གླིང་ཚའི་ཨ་མ་ལྡོམ་པོ་སྐྱིད་ལགས་ལ་ཞི་བའི་འཐབ་རྩོད་པའི་གཟེངས་རྟགས་ཞེས་པ་ཕུལ་སོང་།

མཛད་སྒོའི་ཐོག་མདོ་སྨད་དབུས་རྒྱུན་ཚོགས་གཙོ་དགེ་བཤེས་གངས་རི་ལགས་ནས་ད་ལན་བོད་ལྗོངས་མདོ་སྨད་ཆོལ་ཁའི་དམིགས་བསལ་ཚོགས་ཆེན་འཚོགས་དགོས་པའི་དམིགས་ཡུལ་སྐོར་ལ་ཁོང་གིས། དེ་རིང་འཚོགས་བཞིན་པའི་དམིགས་བསལ་ཚོགས་ཆེན་འདི་འཚོགས་དགོས་པའི་དམིགས་ཡུལ་དང་། འཆར་གཞི། དགོས་པ་སོགས་མདོར་བསྡུས་ཙམ་ཞིག་ཞུས་པ་ཡིན་ན། ཕྱི་ལོ་ ༢༠༡༥ ལོའི་བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་རྒྱུན་སྐབས་ ༡༥ པའི་ཆེས་མཐའ་མའི་ཚོགས་ཆེན་གྱི་གྲོས་ཆོད་ནང་དུ། མདོ་སྨད་སྤྱི་ལ་ཁྱབ་པའི་སྒྲིག་གཞི་གང་མགྱོགས་གཏན་འབེབས་དགོས་རྒྱུ་འཁོད་དོན་ལྟར། སྐབས་ ༡༦ པའི་དབུས་རྒྱུན་རྣམས་ཀྱིས་གྲོས་ཆོད་དེ་ལག་བསྟར་བྱས་ཏེ་ཚོགས་ཆུང་གསར་འཛུགས་བྱས་ནས་ད་ལྟ་ང་ཚོས་སྒྲིག་གཞི་གཏན་འབེབས་ཀྱིས་ཟིན་བྲིས་ཆ་ཚང་བ་ཞིག་ལེགས་འགྲུབ་བྱུང་ཡོད། དེར་བརྟེན། ད་རེས་ཀྱི་དམིགས་བསལ་ཚོགས་ཆེན་འདིའི་སྟེང་དུ་སྒྲིག་གཞི་འདི་ཉིད་ལ་སྣོན་འཕྲི་སྤར་གཅོག་ཇི་ལྟར་བྱས་ཏེ་གཏན་ལ་འབེབས་རྒྱུ་དེ་ཡིན། ཞེས་བརྗོད་སོང་།

ཡང་ཁོང་གིས་༧གོང་ས་མཆོག་གི་མཛད་འཕྲིན་ལ་བཀག་འགོག་སོགས་བྱེད་པ་ནི་བོད་མི་རིགས་ཀྱི་རྩ་དོན་དང་། མདུན་ལམ་ལ་གནོད་པ་བྱེད་ཀྱིན་ཡོད་པ་ངེས་པར་དུ་མཁྱེན་དགོས་སྐོར་བརྗོད་དོན། བོད་ཕྱི་ནང་གཉིས་སུ་གནས་པའི་བོད་འབངས་སྤྱི་བོ་གནམ་བསྟན་ཡོངས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་བོད་མིའི་ལྷ་སྐལ་འཕགས་པ་སྤྱན་རས་གཟིགས་ཀྱི་༧སྐུའི་ཕྲེང་བ་འཛིན་པ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཡིན། ཁོང་ནི་བོད་མི་རིགས་ཀྱི་ངོ་བོ་དང་མཚོན་བྱེད་ཉག་ཅིག་ཡིན་པ་མ་ཟད། བོད་མི་རིགས་ཀྱི་བདེན་མཐའ་གསལ་བྱེད་ཀྱི་རྒྱལ་ཁའི་བ་དན་འབའ་ཞིག་ཀྱང་ཡིན་སྟབས། ༧རྒྱལ་བ་དོན་གྱི་བདག་པོ་ནི་ང་ཚོ་ཐུན་མོང་གི་ལྷ་སྐལ་ཡིན་ལ། ང་ཚོ་ཐུན་མོང་གི་ཕ་མ་ལྟ་བུའང་ཡིན། དུས་ཚོད་གཉན་འཕྲང་ཅན་གྱི་དུས་སྐབས་འདིར། ང་ཚོ་བོད་མི་རིགས་ཀྱི་ལས་དབང་དང་བདེ་སྡུག་ལ་འཕོ་འགྱུར་དང་འཕར་ཆག་ཇི་ལྟར་བྱུང་མིན་ནི་༧གོང་ས་མཆོག་གི་མཚན་གནས་རྗེས་འབྲེལ་ལ་ཟློག་ཏུ་མེད་པའི་འབྲེལ་བ་དམ་ཟབ་ཡོད། ༧གོང་ས་མཆོག་རྒྱལ་སྤྱིའི་མི་མང་དང་། རྒྱ་ནག་མི་མང་། བོད་མི་མང་བཅས་ཀྱི་བསམ་བློའི་དཀྱིལ་ནས་ཁོང་གི་རིན་ཐང་དང་། ཆེ་མཐོང་། དད་གུས་སོགས་ཆུང་དུ་གཏོང་འདོད་མཁན་དང་། དེ་ལྟ་བུའི་བསམ་སྦྱོར་ངན་པ་བར་མཚམས་མེད་པར་ལག་བསྟར་བྱེད་མཁན་ནི་རྒྱ་ནག་དམར་པོའི་གཞུང་དང་། གཞུང་དེ་དང་འབྲེལ་ནས་རང་དོན་ཁོ་ན་ཙམ་ལས་གཞན་ཞིག་ནི་སྲིད་མཐའ་ཙམ་རེད། དེ་བས་ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་དུའང་སོ་སོའི་ལྟོ་གོས་གཏམ་གསུམ་༧གོང་ས་མཆོག་གི་བཀའ་དྲིན་ཉག་ཅིག་དང་འབྲལ་མེད་དུ་གནས་ཤིང་བརྟེན་ཡོད་པ་ཤེས་བཞིན་དུ་འགན་འཁྲི་མེད་པའི་དམངས་གཙོ་རྒྱ་ཡན་པ་ཞིག་ཁ་ལ་ཁྱེར་ནས་༧ཁོང་ལ་མཚན་དམོད་སྐུར་འདེབས་བྱེད་མཁན་རེ་ཟུང་བྱུང་གི་ཡོད། ལོ་རྒྱུས་ཀྱི་ཉེས་ཅན་དང་། མི་རིགས་ཀྱི་ཉེས་ཅན་དུ་འགྱུར་གྱིན་པའི་ཐ་མལ་བ་དེ་རིགས་ཀྱི་གཡོ་བཅོས་བསླུ་བྲིད་འོག་ང་ཚོ་ནམ་ཡང་མ་ཚུད་པ་བྱེད་དགོས། ཞེས་དང་། ༧གོང་ས་མཆོག་ལ་མཚན་སྨད་དང་། ༧ཁོང་གི་མཛད་འཕྲིན་ལ་བཀག་འགོག་སོགས་བྱེད་པ་ནི་བོད་མི་རིགས་ཀྱི་རྩ་དོན་དང་། མདུན་ལམ་ལ་གནོད་པ་བྱེད་ཀྱིན་ཡོད་པ་ངེས་པར་དུ་མཁྱེན་དགོས་ངེས་རེད། ཅེས་བརྗོད་སོང་།

མཇུག་ཏུ་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་སྐོར་ལ་ཁོང་གིས། བོད་ལྗོངས་མདོ་སྨད་ཆོལ་ཁའི་ངོས་ནས་ད་རེའི་དམིགས་བསལ་ཚོགས་ཆེན་འདི་བརྒྱུད་ནས་ཕུལ་བྱུང་རྟགས་མ་ཞུ་བ་འདི་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ལ་འབུལ་གྱི་ཡོད། གང་ཡིན་ཟེར་ན། ཁོང་གིས་བོད་མི་ཞིག་གི་གཡོལ་དུ་མེད་པའི་འགན་ཁུར་སྙིང་བཅངས་ཐོག་སྤྱི་ལེ་སྟོང་ཕྲག་མང་པོར་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་དགོས་འདུན་དོན་ཚན་ལྔ་ཁྱེར་ཏེ་གོམ་བགྲོད་གནང་ནས་མཐར་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད། ལྷག་པར་དུ་ཁོང་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་བཅོས་མིན་གྱི་ངེས་པ་རྙེད་དེ། གཞུང་དང་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་སུ་ལའང་འབྲེལ་བ་གང་ཡང་མེད་པའི་ཐོག་ནས། རང་གི་འགན་ཁུར་དང་བླང་གིས་བློས་གཏོང་ཆེན་པོ་བྱེད་མཁན་གྱི་ཕུལ་བྱུང་གི་ལས་འགུལ་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པར་བརྟེན། ཁོང་ལ་ཕུལ་བྱུང་གི་རྟགས་མ་ཞིག་དེ་རིང་གི་གོ་སྐབས་འདི་བཟུང་ནས་གྲ་སྒྲིག་བྱས་ཡོད། ཅེས་བརྗོད་སོང་།

དམིགས་བསལ་སྐུ་མགྲོན་བཀའ་ཟུར་༧སྐྱབས་རྗེ་ཀིརྟི་ཆེན་པོ་ཆེ་མཆོག་གིས་ལམ་སྟོན་བཀའ་སློབ་གནང་སྐབས།  ༧གོང་ས་མཆོག་ནས་རྒྱུན་དུ་བོད་མི་མང་ལ་བཅངས་བའི་ཐུགས་རྗེ་བཀའ་དྲིན་དེ་ག་འདྲ་ཞིག་ཡིན་མིན་རྣམ་པ་ཚོ་ཚང་མས་མཁྱེན་མཁྱེན་པ་རེད། ང་ཚོས་བཤད་དགོས་པ་གང་ཡང་ཡོད་པ་མ་རེད། ༧གོང་ས་མཆོག་གི་དགོངས་པ་དང་མཐུན་པ་ཞིག་སོ་སོའི་ངོས་ནས་ག་རེ་བྱེད་དགོས་ཀྱི་འདུག་དེ་ང་ཚོའི་འགན་རེད། བོད་རྒྱ་ཆེ་མི་མང་དང་བོད་ཀྱི་སྤྱི་དོན་ཆེད་ང་ཚོའི་ཆོལ་ཁ་ཆོས་ལུགས་འདི་བཟོས་པ་རེད་མ་གཏོགས་ང་ཚོས་ཆོལ་ཁ་དང་ཆོས་ལུགས་དོན་དུ་བཟོས་པ་མ་རེད། དེ་འདྲ་ཡིན་དུས་ཆོལ་ཁ་ཆོས་ལུགས་ཀྱི་ལས་དོན་དེ་སོ་སོའི་ཟུར་དུ་བྱེད་དགོས་པ་དང་སྤྱི་པའི་ལས་དོན་གྱི་སྒང་ལ་ང་ཚོས་ཤུགས་ཞེ་དྲག་རྒྱག་དགོས་པ་རེད། དེའི་ཐོག་ལ་རྣམ་པ་ཚོས་དམིགས་བསལ་གྱི་ཚོགས་འདུའི་ཐོག་དམིགས་བསལ་གྱི་གྲོས་བསྡུར་གནང་དགོས་པ་དེ་གལ་ཆེ་ཤོས་ཆགས་བསྡད་ཡོད་པ་རེད། ཅེས་གསུངས་སོང་།

དམིགས་བསལ་ཚོགས་ཆེན་ཐོག་དོན་དག་ཆུང་ཆུང་དེ་ཚོ་བཞག་ནས་གནས་ཚུལ་གལ་ཆེན་ཁག་གི་ཐོག་བགྲོ་གླེང་གནང་གལ་ཆེ་སྐོར་ཁོང་གིས། སྔོན་མ་ནོར་བ་ཡིན་ནའང་མཛུབ་མོ་བཙུགས་ནས་ཕན་ཐོགས་ཡོད་པ་མ་རེད། རྒྱ་མི་ཡིན་ན་གདོང་ལ་མཛུབ་མོ་བཙུགས་ཏེ་སྐྱོན་བརྗོད་གཏོང་བ་ཞིག་ཡོད་ཀྱང་ང་ཚོར་དེ་འདྲ་མེད་དུས་མི་ནོར་མཁན་དེར་ཅི་བཤད་རྒྱུ་ཡོད་པ་མ་རེད། ད་མ་ནོར་བའི་ལམ་ཞིག་གི་ཐོག་ལ་ཚང་མ་འཁྲིད་པར་རྣམ་པ་ཚོས་ཧུར་ཐག་གནང་རོགས། ཚོགས་ཆེན་གྱི་ཉིན་གསུམ་ཟེར་དུས་དུས་ཚོད་ཐུང་ཐུང་མ་རེད་རིང་པོ་རེད། དེའི་ནང་ལོགས་ལ་དོན་དག་ཆུང་ཆུང་དེ་ཚོའི་ཐོག་ལ་འགྲོ་མ་བསྡད་པར་དངོས་གནས་གནས་ཚུལ་གལ་ཆེ་བ་དེ་ཚོའི་ཐོག་ལ་བགྲོ་གླེང་ཞིབ་སྡུར་གནང་རོགས། ཞེས་སོགས་གསུངས་སོང་།

   མཇུག་ཏུ་སྐུ་མགྲོན་གཙོ་བོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་གསུང་བཤད་གནང་དོན། མདོ་སྨད་ཆོལ་ཁའི་ཚོགས་ཆེན་འདི་བཞིན་བོད་བསྟན་པ་ཆབ་སྲིད་ཀྱི་སླད་དུ་ང་ཚོའི་སྤྱི་ཚོགས་ནང་འགན་འཁུར་བའི་ཐོག  བོད་ཕྱི་ནང་གཉིས་ཀྱི་གཉན་ཕྲེང་གི་དུས་སྐབས་འདི་ངོས་ཟིན་པའི་ཐོག་བོད་ཀྱི་རྩ་དོན་དང་། ༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་ཀིརྟིའི་རིན་པོ་ཆེ་མཆོག  དེ་བཞིན།  བོད་ཀྱི་བླ་སྤྲུལ་རྣམ་པས་དཀའ་ལས་བརྒྱབ་པའི་འབྲས་བུར་འཛམ་གླིང་ཐོག་བོད་ཀྱི་ནང་ཆོས་དང་རིག་གཞུང་ལ་དགའ་མོལ་བྱེད་མཁན་མང་པོ་འབྱུང་བཞིན་ཡོད་སྟབས།  ང་ཚོས་དེ་དག་མུ་མཐུད་རྒྱུན་སྐྱོང་བྱས་པའི་ཐོག བོད་ཀྱི་བདེན་མཐའ་མ་སེལ་བར་དུ་བཀའ་ལས་རྒྱག་རྒྱུ་གལ་ཆེན་པོ་རེད་ལ།  དེ་ཡང་བོད་མི་ནང་ཁུལ་བར་མཐུན་སྒྲིལ་བྱས་ཏེ་རྩ་དོན་སྒྲུབ་རྒྱུ་གལ་ཆེན་ཆགས་ཡོད་པ་དང་། བཙན་བྱོལ་ནང་བོད་མི་འབུམ་གཅིག་དང་ཁྲི་ལྔ་ཙམ་ལས་མེད་པས། མཐུན་སྒྲིལ་མི་ཡོང་བ་ཞིག་མིན་འདུག་བསམ་གྱི་ཡོད།  འོན་ཀྱང་། ད་སྐབས་ང་ཚོའི་སྤྱི་ཚོགས་ནང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་འདྲ་མིན་བཟོ་སྒྲིག་བྱས་ཏེ་བརྒྱུད་སྐུལ་བྱེད་བཞིན་ཡོད་པ་དེ་ཚོ་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཡོད།  རྒྱུ་མཚན་ནི་རྒྱ་ནག་གཞུང་གིས་སྲིད་ཇུས་འཛིན་སྟངས་ཐོག་ནས་བལྟས་པ་ཡིན་ནའང་།  ཏང་གི་ཚོགས་ཆེན་འཚོགས་ལ་ཉེ་བའི་སྐབས་འདིར་བོད་ནང་གི་གནས་སྟངས་ཉིན་རེ་ནས་ཉིན་རེ་བཞིན་དམ་དྲག་ཆེ་རུ་འགྲོ་བཞིན་ཡོད་སྟབས།  བོད་ཆོལ་ཁ་གསུམ་ཤི་ན་མཉམ་ཤི་དང་གསོན་ན་མཉམ་གསོན་སྔར་བཞིན་བྱས་པའི་ཐོག་གཉིས་སྨན་དབུ་མའི་ལམ་ནས་བོད་མི་ཡོངས་མཉམ་འཛོམས་ཡོང་བར་རེ་བ་བྱེད་མུས་ཡིན་སྐོར་གསུངས་སོང་།

ཡང་ཁོང་གིས། བོད་མདོ་སྨད་རིག་པའི་འབྱུང་གནས་ཅེས་བཤད་སྲོལ་ཡོད་པ་ལྟར། སྔོན་མ་མདོ་སྨད་དུ་མཁས་གྲུབ་བསམ་གྱིས་མི་ཁྱབ་པ་དེ་འདྲ་བྱུང་མྱོང་ཡོད་པ་དང་། ད་ལྟའང་བོད་ནང་དུ་དམིགས་དཔེར་ལྟ་འོས་པའི་མཁས་དབང་དང་བསམ་བློ་བ་ཆེན་པོ་དེ་འདྲ་མང་པོ་ཡོད་པ་ལྟར། ད་ལྟ་མདོ་སྨད་པ་ཚོས་མུ་མཐུད་ཤེས་ཡོན་ཐོག་དམིགས་དཔེ་རྒྱུན་སྐྱོང་བྱས་པའི་ཐོག འཛམ་གླིང་སྤྱི་དང་ལྷག་པར་དུ་བོད་མི་རིགས་ལ་ཕན་ཐོགས་མཁན་གྱི་མི་ཪབས་ཤིག་རྒྱུན་སྐྱོང་བྱེད་རྒྱུ་གལ་ཆེན་ཆགས་ཡོད་སྐོར་གསུངས་སོང་།

ཐེངས་འདིའི་བོད་ལྗོངས་མདོ་སྨད་ཆོལ་ཁའི་དམིགས་བསལ་ཚོགས་ཆེན་ཐོག་གྲོས་གཞི་དོན་ཚན་ ༧ གྱི་ཐོག་བགྲོ་གླེང་གནང་བཞིན་ཡོད་པ་ལས། ༧སྤྱི་ནོར་༧ གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་དགུང་གྲངས་གྱ་ལྔར་ཕེབས་སྐབས་བརྟན་བཞུགས་བསྟར་འབུལ་ཞུ་ཕྱོགས་དང་། ༧སྐུའི་གཅེན་པོ་རྒྱལ་ལོ་དོན་འགྲུབ་མཆོག་དགུང་གྲངས་དགུ་བཅུར་ཕེབས་སྐབས་གོ་སྟོན་གོ་སྒྲིག་ཞུ་ཕྱོགས། དེ་བཞིན། ༧སྤྱི་ནོར་ ༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ལ་མཚན་སྨད་སྐུར་འདེབས་དང་། གཞི་མེད་ཟུར་ཟ་བྱེད་མཁན་སྤྱི་དང་ལྷག་པར་དུ་མདོ་སྨད་ཆོལ་ཁོངས་ནས་རེ་ཟུང་བྱུང་དང་འབྱུང་བཞིན་ཡོད་པར་མ་འོངས་གདོང་ལེན་བྱེད་ཕྱོགས་དང་། ༧གོང་ས་མཆོག་ཆིབས་ཕེབས་སྐབས་དམ་སྲི་དོལ་ཚོགས་ནས་ངོ་རྒོལ་སྐད་འབོད་བྱེད་པར་གདོང་ལེན་བྱེད་ཐབས་བཅས་དང་། ད་ལན་གཙོ་བོ་མདོ་སྨད་སྤྱི་ཡོངས་ལ་ཁྱབ་པའི་སྒྲིག་གཞི་གཏན་འབེབས་དང་ཁང་པ་གསར་རྒྱག་ཆེད་དཔལ་འབྱོར་འདུ་འགོད་བྱེད་ཕྱོགས། དང་བླངས་དཔྱ་ཁྲལ་ལག་དེབ་དང་རང་ཁོངས་ངོ་སྤྲོད་ལག་དེབ་ཀྱི་སྐོར་ལ་བགྲོ་གླེང་གནང་བཞིན་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༧/༠༩/༡༦

Leave a Reply

3 thoughts on “དམིགས་བསལ་གྱི་ཚོགས་ཆེན་ཐོག་དམིགས་བསལ་གྱི་གྲོས་བསྡུར་གནང་དགོས་པ་དེ་གལ་ཆེ་ཤོས་ཆགས་ཡོད།

  1. ༄༅། བོད་ལྗོངས་མདོ་སྨད་ཆོལ་ཁའི་དམིགས་བསལ་ཚོགས་ཆེན་མཛད་སྒོ་ཚོགས་པར་སྙིང་ཁོང་རུས་པའི་
    ་གཏིང་ནས་མཚམས་འདྲི་ཞུ་གི་ཡོད།
    རྒྱལ་བ་དོན་གྱི་བདག་པོའི་བཀའ་དགོངས་ལས་མ་འགལ་བའི་ཆོལ་གསུམ་གོང་བུ་གཅིག་ཏུ་མཐུན་སྒྲིལ་སྔར་ལྷག་
    ཡོང་བའི་སྨོན་འདུན་ཞུ་གི་ཡོད། ལྷག་པར་དུ་༧གོང་ས་མཆོག་གི་མཛད་རྗེས་དང་།
    ཁོང་གི་དྲང་བདེན་བྱམས་དང་སྙིང་རྗེ་གསུམ་ལ་འདྲེན་རྩོད་མ་ཐུབ་པར་མཚན་སྨད་ཞུ་མཁན་ཚོར་ངེས་པར་དོགས་
    ཟོན་་གནང་དགོས། འདི་ནི་དགྲ་དམར་པོ་དང་ལག་སྦྲེལ་ཡོད་ངེས་པས་་་ས་གནས་ཉེན་རྟོགས་པར་
    དུས་ནས་དུས་སུ་སྙན་སེང་ཞུ་དགོས་པ་ཁྱེད་རྣམས་ནས་ཐུགས་འགན་བཞེས་དགོས།

    ཁྱེད་མདོ་སྨད་ཆོལ་ཁ་ནི་བོད་གངས་ལྗོངས་རིག་པའི་འབྱུང་གནས་ཡིན་།
    གླུ་གཞས་ལའང་་་་
    ༄༅། ངས་པི་ཝ་འཁྱེར་ནས་སྨད་ལ་སོང།
    སྨད་མདོ་སྨད་རིག་པའི་གླིང་ལ་སོང།
    དཔལ་མདོ་སྨད་རིག་པའི་གླིང་ཀ་ནས།
    བོད་ཕ་སྐད་གཙང་མའི་གླུ་ཞིག་ལེན། ཞེས་གསུང་པ་བཞིན་ཧ་ཅང་སྙན་ཞིང་ནམ་ཡང་མ་བརྗེད་མ་ལྷོད་པ་
    གནང་རོགས་།
    དེ་ནས་ཞུ་འདོད་པ་གཅིག་ནི། གླིང་ཚེ་བརྟན་རྡོ་རྗེའི་སྐོར་ལ་གནས་ཚུལ་གཅིག་ནམ་ཡོང་སྒུག་བསྡད་ཡོད་པ་
    ཐུགས་སྣང་ངེས་པར་གནང་རོགས་། ཕལ་ཆེར་བོད་ལ་ཡོད་སྙམ་གྱི་ཡོད།
    ཁོ་པར་ཕྱག་རྟགས་འབུལ་རྒྱུ་ཡིན་པ་བཀྲིས་བདེ་ལེགས་ཡོད་། ཁོ་པའི་ཨ་མར་རོགས་སྐྱོར་གནང་རོགས་ཞུ།

  2. ད་རས་ཀིརྟི་རིན་པོ་ཆེའི་བཀའ་སློབ་ཀྱི་ཤུགས་ལས་མདོ་སྨད་ཚོགས་ཆེན་གྱི་གྲོས་འཆར་ལ་དོན་དག་ཆུང་ཆུང་ཡོད་པའི་ཚོར་སྣང་བྱུང་།

  3. གླིང་ཚ་ཚེ་བརྟན་རྡོ་རྗེ་མཆོག་ལ་ཞི་བའི་འཐབ་རྩོད་པའི་གཟེངས་རྟགས་སྤྲད་གནང་བ་དེ་ཧ་ཅང་འོས་ཤིང་འཚམས་པ་འཕྱ་མ་དྲགས་ན་སྔ་མ་དྲགས་པའི་ལས་དོན་ཞིག་རེད།