བློ་བཟང་དབང་རྒྱལ་གྱིས།
བཤད་སྲོལ་ལ། སྒྱེལ་བའི་སྒང་ལ་རྡོག་རྫིས་ཞེས་པ་ལྟར། སོ་སོར་ལུང་པ་མེད་པའི་དཀའ་ངལ་སྣ་ཚོགས་འོག་འཚོ་བ་སྐྱེལ་དགོས་ཁར། རྒྱ་གར་མི་སེར་གྱི་ཐོབ་ཐང་ཡོད་པ་དེ་ཞུ་རྒྱུར་ཡང་། རྒྱ་གར་གཞུང་ཙམ་མ་ཟད་བོད་མིའི་སྒྲིག་འཛུགས་ཀྱིས་ཀྱང་འགོག་རྐྱེན་བཟོ་བཞིན་འདུག རྒྱ་གར་གྱི་ཁྲིམས་གཞིར་བཟུང་བྱས་ན། མི་སུ་འདྲ་ཞིག་རྒྱ་གར་ནང་ཕྱི་ལོ་ ༡༩༥༠ ནས་ཕྱི་ལོ་ ༡༩༨༧ བར་སྐྱེས་པ་ཡིན་ཚེ། ཁོ་ཚོ་ཙམ་མ་ཟད་ཁོང་ཚོའི་ཕྲུག་གུ་རྣམས་ཀྱང་རྒྱ་གར་གྱི་མི་སེར་དུ་རང་བཞིན་གྱིས་བརྩི་ཡི་ཡོད། ཐོབ་དབང་དེ་ཁྲིམས་གཏུག་བྱས་རྗེས་ལྡི་ལིའི་ཆེས་མཐོའི་ཁྲིམས་ཁང་ནས་དངོས་སུ་ར་སྤྲོད་གསལ་པོར་བྱས་མཐར། འདི་ལོའི་ཕྱི་ཟླ་ ༣ ཚེས ༡༧ ཉིན་རྒྱ་གར་གཞུང་ནས་གོང་འཁོད་དུས་བཀག་ནང་ཚུད་སྐྱེས་པའི་བོད་མི་རྣམས་རྒྱ་གར་གྱི་མི་སེར་ཡིན་པ་ངོས་ལེན་གྱིས་ཕྱིར་བསྐྱོད་ལག་ཁྱེར་(passport)ཡང་སྤྲོད་དགོས་པའི་བཀའ་རྒྱ་བཏང་དགོས་འཁེལ་ཡོད།
འོན་ཀྱང་ཉེ་ལམ་རྒྱ་གར་གཞུང་ནས་ཕྱིར་བསྐྱོད་ལག་ཁྱེར་དེ་བཟོ་རྒྱུར་སྒྲིག་གཞི་གསར་པ་ཁག་ཅིག་བཏོན་གནང་སྟེ་ལག་ཁྱེར་བཟོ་རྒྱུར་འགོག་རྐྱེན་ཆགས། སྒྲིག་གཞི་དེར་ཕྱིར་བསྐྱོད་ལག་ཁྱེར་བཟོས་རྗེས་གཞིས་ཆགས་ཁག་ནང་མུ་མཐུད་སྡོད་མི་ཆོག་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཐོབ་ཐང་གང་ཡང་ལེན་མི་ཆོག་པའི་བཀའ་བཏང་འདུག དོན་ཚན་འདི་གཉིས་ཁྲིམས་མཐུན་ཡིན་མིན་ཁྲིམས་ཁང་ནས་ཐག་གཅོད་གནང་རྒྱུ་ལྷག་ཡོད། བོད་མིའི་སྒྲིག་འཛུགས་ནས་གསལ་བསྒྲགས་སྔོན་སོང་ལྟར་ན། རྒྱ་གར་གྱི་མི་སེར་བྱེད་མ་བྱེད་སོ་སོའི་སྒེར་དབང་ཡིན་པས་དེར་དགག་བྱ་མེད་ལུགས་གསུངས་ཡོད་ཀྱང་།ཉེ་ལམ་ནས་བོད་མིའི་སྒྲིག་འཛུགས་ཀྱིས་གོང་གསལ་རྒྱ་གར་གཞུང་གི་ཆ་རྐྱེན་དོན་ཚན་གཉིས་པོ་ལུང་འདྲེན་གྱིས། རྒྱ་གར་གྱི་ཕྱིར་བསྐྱོད་ལག་ཁྱེར་དེ་བཟོ་ཕྱིར་རྒྱབ་སྐྱོར་གནང་ཐབས་མེད་ལུགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ལ་ཕྱིར་བསྐྱོད་ལག་ཁྱེར་ཞུ་རྒྱུར་དགག་བྱ་མེད་པའི་ངོས་སྦྱོར་ (NOC) མི་གནང་རྒྱུར་བཀའ་ཡིག་བཏང་ཡོད་གཤིས། ད་ཆ་མི་མང་པོ་ཞིག་ཡར་མེད་མར་མེད་བྱས་ཏེ་དཀའ་ངལ་ནང་ལྷུང་ཡོད།
ཕྱི་ཟླ་ ༧ ཚེས་ ༥ ཉིན་བཀའ་དྲུང་ཡིག་ཚང་གིས་ལྷན་ཁང་ཁག་ལ་བཏང་བའི་བཀའ་ཡིག་དེར་གཟིགས་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་ཡོངས་སུ་འགལ་བའི་ཐག་གཅོད་ཅིག་རེད། བཅའ་ཁྲིམས་དོན་ཚན་བརྒྱད་པའི་ནང་གསེས་གཉིས་པའི་ནང་འཁོད་ལ། བཙན་བྱོལ་བོད་མི་སུ་ཞིག་འཕྲལ་རྐྱེན་དབང་གིས་རྒྱལ་ཁབ་གཞན་གྱི་ཡུལ་མི་མ་བྱེད་ཐབས་མེད་བྱུང་རིགས་ཀྱང་བཅའ་ཁྲིམས་འདིའི་དོན་ཚན་བཅུ་གསུམ་པ་ནང་གསལ་གྱི་འཁུར་འགན་ཁག་འགལ་མེད་སྒྲུབ་ཕྱིན། བོད་ཀྱི་ཡུལ་མིའི་རང་བཞིན་འདོར་མི་དགོས། ཞེས་འཁོད་ཡོད་པ་དེ། ད་ལན་སྒྲིག་འཛུགས་ཀྱི་ངོས་ནས་བཅའ་ཁྲིམས་ལ་རྩིས་མེད་རྡོག་རོལ་བཏང་བ་ལས་མ་འདས།
ཕྱིར་བསྐྱོད་ལག་ཁྱེར་བཟོ་དགོས་དོན་གཙོ་བོ་ནི་རྒྱ་གར་ནང་ཡོད་པའི་བོད་མི་ཚོ་ཕྱིར་བསྐྱོད་བྱེད་སྐབས་ཕྱིར་བསྐྱོད་ལག་ཁྱེར་གྱི་ཚབ་ཏུ་ངོ་སྤྲོད་ལག་ཁྱེར་སེར་པོ་ཞིག་སྤྲོད་ཀྱི་ཡོད་པ་དེར་དཀའ་ངལ་སྣ་ཚོགས་ཤིག་འཕྲད་ཀྱི་ཡོད་པའི་རྒྱུ་མཚན་གྱི་ཡིན་པ་ཡོངས་གྲགས་རེད། དཀའ་ངལ་ནང་ཡོད་པའི་བོད་མི་དེ་ཚོ་ད་ཆ་ཁྲིམས་གཏུགས་མི་བྱེད་མཐུ་མེད་ཀྱི་གནས་སུ་གྱར་ཡོད་ཅིང་། ཁོང་རྣམ་པར་དེ་སྔ་ལྟར་ཁྲིམས་ཐོག་ནས་རྒྱལ་ཁ་ཐོབ་རྒྱུ་ཡིན་པ་སྨྲོས་མེད་རེད། བཀའ་ཤག་གི་བཀའ་ཡིག་ནང་གསལ། བོད་མིའི་རྩ་དོན་འཐབ་རྩོད་རྒྱུན་སྐྱོང་གནང་མཁན་གྱི་ན་གཞོན་དག་འཕྲལ་གྱི་ཁེ་ཕན་ཙམ་ལ་མ་བལྟས་པར་ཕུགས་བསམ་ཆེ་བཞེས་གནང་དགོས་པ་སྐབས་བབ་ཀྱི་འགན་འཁྲི་ཆགས་ཡོད་སྟབས། བོད་མི་བཙན་བྱོལ་བའི་ངོ་བོ་དོར་ཐབས་མ་གནང་ན་དགེ་མཚན་ཆེ་ལུགས་སོགས་གོ་བསྐོན་སློབ་གསོ་རྒྱུན་བསྲིང་གནང་རྒྱུར་ལྷོད་གཡེང་མེད་པ་གནང་དགོས་ལུགས་འཁོད་འདུག་ན། བཀའ་ཡིག་དེས་ཕྱིར་བསྐྱོད་ལག་ཁྱེར་ཞུ་མཁན་རྣམས་ཀྱིས་རྩ་དོན་འདོར་གྱི་ཡོད་ཅེས་བརྗོད་པ་དེར། ཁུངས་སྐྱེལ་ར་སྤྲོད་དགོས་པ་ལས་ཕྱིར་བསྒྲགས་བྱས་པ་ཙམ་གྱིས་གོ་མི་ཆོད་ལ། ལར་ནས་དེ་ནི་མ་ཉེས་ཁ་གཡོག་དང་ནག་ཉེས་རྫུན་བཟོ་བྱས་པ་ཁོ་ན་ལས་གང་ཡང་མ་མཐོང་། བཀའ་ཡིག་དེས་རང་རེའི་གཞོན་སྐྱེས་རྣམས་ལ་ཡིད་ཆེས་མེད་པ་གསལ་པོར་བསྟན་པ་རེད།
འོན་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་གོ་གནས་མཐོ་ཤོས་ནས་མར་གཟིགས་ན་ཁོང་རྣམ་པ་མང་དག་ཅིག་ལ་ཕྱི་རྒྱལ་དང་རྒྱ་གར་གྱི་མི་སེར་ཡོད་པ་ཤ་སྟག་རེད། ཁོང་རྣམ་པས་རྒྱ་གར་དང་ཕྱི་རྒྱལ་གྱི་མི་སེར་བླངས་ཚེ་འཕྲལ་གྱི་ཁེ་ཕན་ལ་མ་གཟིགས་པར། ཕུགས་བསམ་གྱིས་བོད་དོན་ཐོག་ཐུགས་འཁུར་ཆེ་བཞེས་གནང་མཁན་དང་། མི་མང་དཀྱུས་མས་ཕྱི་རྒྱལ་མི་སེར་བླངས་ན་འཕྲལ་གྱི་ཁེ་ཕན་དང་རྩ་དོན་དོར་བ་རེད་ཅེས་པ་དེ་རིགས་པ་དང་ཇི་ལྟར་མཐུན་ནམ། རྒྱ་གར་གྱི་ཕྱིར་བསྐྱོད་ལག་ཁྱེར་བཟོ་མཁན་རྒན་གཞོན་རྣམས་ཀྱིས་རྩ་དོན་འདོར་རྒྱུ་དང་། བོད་མིའི་སྒྲིག་འཛུགས་ལ་ལོ་རེའི་ཁྲལ་འབབ་སྤྲོད་རྒྱུ་མཚམས་འཇོག མཐའ་ན་བོད་མིའི་ངོ་བོ་དོར་ཐབས་སུས་བྱ་དང་བྱས་ཡོད་པ་གསལ་བཤད་གནང་དགོས་གལ་དུ་མཐོང་།
ད་ཆ་བོད་མི་ཁག་ཅིག་རྒྱ་གར་མི་སེར་ཁྱབ་ཁོངས་སུ་ཞུགས་པའི་ཐོག་ནས་ཕྱིར་བསྐྱོད་ལག་ཁྱེར་ཡང་ཐོབ་ཚར་ཡོད་ལ། སྐྱབས་བཅོལ་ལག་འཁྱེར་ (RC) ཡང་ཕྱིར་བསྡུ་བྱས་ཚར་ཡོད། དེར་བརྟེན་བོད་མིའི་སྒྲིག་འཛུགས་ཁུངས་སུ་ལས་ཀ་དང་། སློབ་ཡོན། འཕྲོད་བསྟེན་ཆེད་རོགས་སྐྱོར་སོགས་ཞུས་ཚེ། སྐྱབས་བཅོལ་ལག་ཁྱེར་དགོས་པ་ནི་ཆ་རྐྱེན་དུ་བཀོད་ཡོད་སྟབས་ཁེ་ཕན་གང་ཡང་ཞུ་ཐུབ་ཀྱི་མེད། འོན་ཀྱང་གོང་དུ་བརྗོད་ཟིན་པ་ལྟར། མཛད་གཙོ་རྣམ་པ་ཁག་ཅིག་ལ་སྐྱབས་བཅོལ་ལག་ཁྱེར་མེད་པའི་ཐོག། བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་གནང་སྟེ་ཁེ་ཕན་ཡོངས་རྫོགས་ལེན་བཞིན་ཡོད་པ་དེ་ཅིའི་ཕྱིར་འགྲིག་པ་ཡིན་ནམ། ཁྲིམས་ཀྱི་མདུན་སར་ཚང་མ་འདྲ་མཉམ་ཡིན་རུང་། ལ་ལར་དམིགས་བསལ་ཡོད་དགོས་དོན་གསལ་བཤད་གནང་དགོས་པར་མཐོང་།
རྒྱ་གར་གཞུང་གིས་སྒྲིག་གཞི་གསར་བཟོ་གནང་བའི་དོན་ཚན་གཅིག་ནང་དུའང་། བོད་མིའི་སྒྲིག་འཛུགས་ཀྱི་ཐོབ་ཐང་བླངས་མི་ཆོག་ཅེས་འཁོད་པ་དེ། ཁྲིམས་དང་མི་མཐུན་པའི་ཐག་གཅོད་ཅིག་ཡིན་སྟབས་རིམ་གྱིས་མེད་པ་ཆགས་རྒྱུ་ཡིན་པ་གསལ་པོ་རེད། རྒྱ་གར་གྱི་རྩ་ཁྲིམས་དོན་ཚན་ ༡༩ པའི་ནང་གསེས་༣ པར། རྒྱ་གར་མི་སེར་སུ་ཞིག་གིས་ཀྱང་ཚོགས་སྐྱིད་ཁག་འཛུགས་པ་དང་། ཡང་ན་དེའི་ཁོངས་འཛུལ་ཞུགས་བྱས་ཆོག་ཅེས་པ་དེར་གཟིགས་ན། རིམ་གྱིས་བོད་མིའི་སྒྲིག་འཛུགས་ནས་ཁེ་ཕན་བླངས་མི་ཆོག་ཅེས་པ་དེ་འགྱུར་བ་འགྲོ་རྒྱུ་ངེས་པ་ཞིག་ཡིན་པར་བརྟེན། དེར་མུ་མཐུད་ཁ་གཡར་ཏེ་བཞུགས་ན་དུས་ཚོད་འཕྲོ་བརླག་ལས་དགེ་མཚན་གང་ཡང་མེད། དེ་ལས་སྐྱབས་བཅོལ་ལག་ཁྱེར་ཀུན་ལ་དགོས་ན་གཅིག་མཚུངས་སུ་དགོས་པ་དང་། མི་དགོས་ན་ཚང་མར་མི་དགོས་པ་བཟོ་དགོས་ཇི་དགེའི་སྐོར་བགྲོ་གླེང་གནང་སྟེ་ཐག་གཅོད་གནང་ན་ཁྲིམས་མཐུན་དང་། འདྲ་མཉམ། དྲང་བདེན་གནང་བར་ཡིད་སྨོན་གནང་ངེས། དེ་འདྲ་མ་གནང་ན། ཕྱོགས་གཅིག་ནས་ང་ཚོས་རྒྱ་ནག་གཞུང་དེ་ཁྲིམས་ལུགས་དབང་འཛིན་མིན་པ་དང་། ཁྲིམས་ཀྱི་ཐོག་ནས་འདྲ་མཉམ་བྱེད་ཀྱི་མེད་སྐོར་ངོ་རྒོལ་གྱི་སྐད་འབོད་བྱེད་ཀྱི་ཡོད་མོད། ཕྱོགས་གཞན་ནས་རང་རེའི་བཀའ་ཤག་རང་གིས་ཁྲིམས་ལ་རྩིས་མེད་དང་། དྲང་བདེན་མ་གནང་ན། གནས་ལུགས་དེར་གཟིགས་ཚེ། རྒྱ་ནག་གཞུང་གི་བྱེད་སྟངས་དང་ཁྱད་ཅི་ཡོད། ཕྱག་ལས་དེ་རིགས་ལ་ཕྱི་མིས་འཕྱ་སྨོད་དང་ཁྲེལ་དགོད་བྱ་རྒྱུ་ལས་གཞན་དོན་སྙིང་ལྡན་པ་གང་ན་འདུག
ཉིན་ཤས་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་འཚོགས་རྒྱུ་རེད། སྤྱི་འཐུས་རྣམ་པས་ཁྲིམས་སྒྲིག་གཏན་འབེབས་གནང་གི་ཡོད་སྟབས། ཁྲིམས་སྒྲིག་ལག་བསྟར་ཡོང་མིན་དང་། དེའི་སྲུང་སྐྱོབ་གནང་རྒྱུ་ནི་སྤྱི་འཐུས་རྣམ་པའི་འགན་གཙོ་བོ་དེ་ཡིན་ལགས་ན། གོང་དུ་ངས་བཏོན་པའི་ཁྲིམས་སྒྲིག་དང་འབྲེལ་བའི་གནད་དོན་རྣམས་ལ་ཞིབ་འཇུག་གིས་ གཙང་བཟོ་གནང་དགོས་གང་མྱུར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།