ཊི་རུམ་ཕི་ཨེ་ཤ་ཡའི་ནང་གཟིཊ་སྐོར་དུ་ཕེབས་རྒྱུ་རེད།

འདི་ལོའི་ཕྱི་ཟླ་ ༡༡ པའི་ནང་སྲིད་འཛིན་ཊི་རུམ་ཕི་མཆོག་གིས་སྣེ་འཁྲིད་པའི་ཨ་རིའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་རྒྱ་ནག་སོགས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཅིག་ནང་གཟིགས་སྐོར་ཐེངས་དང་པོ་གནང་རྒྱུ་ཡིན་འདུག

ཟླ་འདིའི་ཕྱི་ཚེས་༡༤ ཉིན་ཨ་རིའི་སྲིད་འཛིན་ཊི་རུམ་ཕི་མཆོག་གིས་ལོ་འདིའི་ཕྱི་ཟླ་༡༡ པའི་ནང་ཁོང་གིས་སྣེ་འཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཨེ་ཤ་ཡའི་རྒྱལ་ཁབ་རྒྱ་ནག་དང་ཉི་ཧོང་། ལྷོ་ཀོ་རི་ཡ་སོགས་ཀྱི་ནང་གཟིགས་སྐོར་དུ་ཕེབས་འཆར་ཡོད་པ་གསལ་བསྒྲགས་གནང་ཡོད་པ་དང་། དེ་ནི་ཁོང་ཨ་རིའི་སྲིད་འཛིན་དུ་བདམས་ཐོན་བྱུང་རྗེས་ཨེ་ཤ་ཡའི་ནང་གཟིགས་སྐོར་དུ་ཕེབས་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་རེད།

སྲིད་འཛིན་ཊི་རུམ་ཕི་མཆོག་གིས་གསུངས་བ་ལྟར་ན། ཨ་རིའི་སྐུ་ཚབ་ཚོགས་པའི་ཨེ་ཤ་ཡའི་ནང་གི་གཟིགས་སྐོར་གྱི་ཞོར་དུ། སྐབས་དེར་ཝེ་ཐི་ནམ་དུ་ཚོགས་འཆར་ཡོད་པའི་ལྷོ་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་ཚོགས་འདུ་(APEC)ལའང་མཉམ་ཞུགས་གནང་རྩིས་ཡོད་པ་དང་། ཐེངས་དང་པོའི་ཨེ་ཤ་ཡའི་ནང་གི་གཟིགས་སྐོར་དེ་དམིགས་ཡུལ་དང་ལྡན་པའི་ངང་ནས་གནང་རྒྱུ་ཡིན་ལ། ཨ་རིར་མཚོན་ན་དེ་ནི་དཔལ་འབྱོར་དང་བདེ་སྲུང་གཉིས་ཀྱི་ཆ་ནས་གལ་ཆེན་པོ་ཆགས་ཡོད་སྐོར་བསྒྲགས་འདུག ཡིན་ནའང་། ད་ལྟའི་ཆར་གཟིགས་སྐོར་ག་དུས་གནང་རྒྱུ་ཡིན་པའི་ཚེས་གྲངས་དང་རྒྱལ་ཁབ་ག་ཚོད་ཅིག་ཏུ་འགྲོ་འཆར་ཡོད་མེད་ཁ་གསལ་བརྗོད་མེད་པ་རེད།

ཡིན་ན་ཡང་། ཨ་རིའི་སྲིད་འཛིན་གཞོན་པ་མེག་ཧྥན་སི་(Mike Pence)ཡིས་དེ་སྔོན་གསལ་བསྒྲགས་ཤིག་གི་སྐབས། སྲིད་འཛིན་ཊི་རུམ་ཕི་མཆོག་ཕྱི་ཟླ་༡༡ པའི་ནང་ཧྥི་ལེ་པེན་རྒྱལ་ཁབ་དུ་ཚོགས་འཆར་ཡོད་པའི་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་ལྷན་ཚོགས་(ASEAN)ལ་ཞུགས་རྒྱུ་ཡིན་པ་བརྗོད་ཡོད་ཀྱང་། ཊིམ་རུམ་ཕིས་ཧྥི་ལེ་པེན་སྲིད་འཛིན་རོ་ཌིར་གྷོ་ཌུ་ཊིར་ཊི་(Rodrigo Duterte)ནས་ང་ཚོར་མགྲོན་འབོད་གནང་ཡོད་མོད། ང་ཚོས་གནས་སྟངས་ལ་ལྟ་བཞིན་བྱ་དགོས་ཞེས་བརྗོད་ཡོད་པ་རེད།

དབྱེ་ཞིབ་པ་ཚོས་ཊི་རུམ་ཕིའི་ཨེ་ཤ་ཡའི་གཟིགས་སྐོར་དེ་གཙོ་བོ་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་ཚོད་ལྟའི་ལས་གཞི་དང་ཨ་རིའི་ཨེ་ཤ་ཡའི་ཚོང་འབྲེལ་དམིགས་འབེན་དུ་བཟུང་ཡོད་པ་དང་། ཏི་རུམ་ཕིེས་སྲིད་འཛིན་ལས་འཁུར་བྱས་པ་ནས་ཁོང་གི་འཐབ་རྩོད་བྱེད་ས་ཆེ་ཤོས་ཤིག་ཨ་རིའི་བདེ་སྲུང་ཆགས་ཡོད་པ་བརྗོད་འདུག

ཏི་རུམ་ཕིས་ཡང་དང་བསྐྱར་དུ་བཤད་རྒྱུར་བྱང་ཀོ་རི་ཡའི་ཨ་རི་དམིགས་འབེན་དུ་བཟུང་ནས་རྡུལ་ཕྲན་མཚོན་ཆའི་ནུས་ཤུགས་ཡར་རྒྱས་གཏོང་བཞིན་པར་ཁོས་བཟོད་སྒོམ་བྱེད་མི་ཐུབ་པ་དང་། གལ་ཏེ་དགོས་གལ་བྱུང་བ་ཡིན་ན་དམག་འཁྲུག་བརྒྱབ་རྒྱུ་ཡིན་པར་བརྗོད་ཡོད་པ་རེད། ཡིན་ན་ཡང་། ཨ་རིའི་འཇིགས་སྐུལ་དང་རྒྱལ་ཚོགས་ཀྱི་ཉེས་ཆད་ལ་མ་ལྟོས་པར་བྱང་ཀོ་རི་ཡས་མུ་མཐུད་རྡུལ་ཕྲན་མཚོན་ཆ་ཚོད་ལྟའི་ལས་གཞི་མཚམས་འཇོག་གི་མེད་སྟབས། ཊི་རུམ་ཕིས་རྒྱ་ནག་དང་འབྲེལ་བ་བྱས་ཏེ་བྱང་ཀོ་རི་ཡའི་ཉེས་ཆད་དམ་སྲུང་ལ་ཤུགས་སྣོན་བརྒྱབ་དགོས་ཀྱི་ཡོད་འདུག

གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་ན། ད་ལན་གྱི་གཟིགས་སྐོར་དེ་ཊི་རུམ་ཕིར་མཚོན་ན་གོ་སྐབས་གཞན་ཞིག་ཀྱང་ཆགས་ཀྱི་ཡོད་པ་རེད། འཆར་ཟླའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་མགོ་ཁྲིད་གསར་པ་སླེབས་ཀྱི་ཡོད་དུས། ཊི་རུམ་ཕིའི་རྒྱ་ནག་གི་མགོ་ཁྲིད་གསར་པ་ཚོ་དང་ཨ་རྒྱའི་འབྲེལ་ལམ་ཐད་གླེང་མོལ་བྱུང་ཐུབ་ཀྱི་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༩/༡༨

Leave a Reply