མེ་སྐྱོན་གྱི་དོཊ་ཡོད་ཉེས་ཅན་ ༧ འཛིན་བཟུང་བྱས།

ཉེ་སྔོན་མ་ལེ་ཨེ་ཤ་ཡའི་སློབ་གྲྭ་ཞིག་ཏུ་མེ་སྐྱོན་ཚབས་ཆེན་བྱུང་སྟེ་སློབ་མ་དང་ལས་བྱེད་ཁྱོན་ ༢༤ རྐྱེན་འདས་སུ་ཕྱིན་པའི་དོན་རྐྱེན་དང་འབྲེལ་བའི་དོགས་ཡོད་ཉེས་ཅན་ ༧ འཛིན་བཟུང་བྱས་ཡོད་འདུག 
སི་ཨེན་ཨེན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་མ་ལེ་ཨེ་ཤ་ཡའི་རྒྱལ་ས་ཀུ་ཨ་ལཱ་ལམ་པུར་གྱི་ཉེན་རྟོག་ཁང་མགོ་ཁྲིད་ཀྱིས། ཀུ་ཨ་ལཱ་ལམ་པུར་གྱི་སློབ་གྲྭའི་རྐྱེན་ངན་དང་འབྲེལ་ཡོད་དོགས་གཞི་ཅན་གྱི་ན་གཞོན་ ༧ ཇུས་བཟུང་བྱས་ཡོད་པ་དང་། གནས་སྐབས་རིང་ཉེན་རྟོག་པའི་ལས་ཁུངས་སུ་བཀག་སྐྱིལ་གྱིས་དོན་རྐྱེན་དེ་དང་འབྲེལ་བ་ཡོད་མེད་ལ་འདྲི་རྩད་ནན་པོ་བྱེད་བཞིན་ཡོད་སྐོར་བརྗོད་འདུག
དོགས་གཞི་ཅན་གྱི་ན་གཞོན་དེ་དག་ནི་ད་ལྟ་རང་ལོ་ ༡༩ ལས་མ་བརྒལ་ཞིང་། ཁོང་ཚོའི་ནང་ནས་ཁ་ཤས་ནི་སློབ་གྲྭ་མཐར་མ་ཆོད་པ་ཤ་སྟག་ཡིན་འདུག
སློབ་གྲྭ་དེར་མེ་ཤོར་བའི་གནས་ཚུལ་ཐོས་མ་ཐག་མེ་གསོད་རུ་ཁག་གནས་དེར་སླེབས་ཡོད་ཀྱང་། མེ་ཤུགས་ཆེ་དྲག་སྟེ་ཡུན་རིང་གསོད་ཐུབ་མེད་པ་རེད།  མེ་གསོད་རུ་ཁག་གིས་བརྗོད་པ་ལྟར་ན། ཁོང་ཚོས་མེ་གསོད་ཐབས་བྱེད་སྐབས་སློབ་ཁང་ནང་ནས་སློབ་མ་ཚོས་སྐད་ཤུགས་ཆེན་པོས་སྲོག་སྐྱོབ་རོགས་ཞེས་ངུ་འབོད་བྱེད་ཀྱི་ཡོད་པ་ཐོས་བྱུང་ཞེས་བརྗོད་ཡོད་པ་དང་། སློབ་ཁང་གི་སྒེའུ་ཁུང་ལྕགས་དྲ་ཕྱི་ལོགས་ནས་མ་གཏོགས་ཕྱེ་ཐུབ་ཀྱི་མེད་པར་བརྟེན། སློབ་ཕྲུག་མང་ཆེ་བའི་ཕུང་པོ་སློབ་ཁང་གི་སྒོ་འགྲམ་དུ་གཅིག་ཐོག་གཅིག་བརྩེགས་ཀྱིས་རྙེད་སོན་བྱུང་ཡོད་པ་དང་། མེས་ཤུགས་ཆེན་ཚིག་སྟེ་ཕུང་པོ་རྣམས་ངོ་རྟགས་མ་ཆོད་པར་གྱུར་ཡོད་འདུག 
གསར་འགོད་པ། ཉི་མ་ཚེ་རིང་།
 

བསྐྱར་བཅོས།: ༢༠༡༧/༠༩/༡༨

Leave a Reply