སྤྱི་འཐུས་སྒེར་སོ་སོའི་ཚོར་བ་གསུང་པའི་སྡིངས་ཆ་འདྲ་བོ་ཆཊ་བསྡད་པ་དེ་མ་ཡོང་བ་གནང་རོཊ།

བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཞི་པ་དབུ་འཛུགས་ཐོག་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གཞན་ལ་རྣམ་འགྱུར་གནག་པོ་དང་ཚིག་རྩུབ། དེ་བཞིན། ཚིག་ཐ་ཤལ་རིགས་བེད་སྤྱོད་མི་གཏོང་ཐབས་གནང་རྒྱུ་གལ་ཆེན་པོ་ཡིན་སྐོར་འབོད་སྐུལ་གནང་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ་གངས་སྐྱིད་སྤྱི་འཐུས་ཚོགས་ཁང་དུ་དབུ་འཛུགས་གནང་སོང་བ་དང་། ཚོགས་ཐོག་ཏུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ཚོགས་གཞོན་ཨཅརྱ་ཡེ་ཤེས་ཕུན་ཚོགས་ལགས་རྣམ་གཉིས་ཀྱི་དབུས་སྤྱི་འཐུས་རྣམ་པ་དང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་བཀའ་བློན་རྣམ་པ། དེ་བཞིན་ཟུར་ཉན་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་། དེ་བཞིན་དོ་སྣང་ཅན་གྱི་སྐྱ་སེར་ཁག་ཅིག་བཅས་ཕེབས་འདུག་ལ། ཐེངས་འདིའི་ཚོོགས་དུས་ཐོག་སྐུ་གཟུགས་བདེ་མིན་གྱིས་སྤྱི་འཐུས་གཅིག་ནས་དགོངས་པ་ཞུ་དགོས་བྱུང་ཡོད་པ་མ་གཏོགས་གཞན་དགོངས་པ་ཞུ་མཁན་བྱུང་མི་འདུག

ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་དབུ་འཛུགས་ཀྱི་གསུང་བཤད་གནང་སྐབས། ཉེ་ལམ་༧གོང་ས་མཆོག་ནས་འཇར་མན་གྱི་བོད་མི་ཁག་ཅིག་ལ་གནང་བའི་བཀའ་སློབ་དང་འབྲེལ་ཏེ་ཚོགས་གཙོ་མཆོག་གིས། ཉེ་ཆར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འཇར་མན་དུ་ཕེབས་ཏེ་དེར་ཡོད་བོད་མི་ཁག་ཅིག་ལ་མཇལ་འཕྲད་གནང་བའི་སྐབས་སུ། བོད་མི་ཚོར་༧ཁོང་ད་དུང་ལོ་ངོ་བཅོ་ལྔའམ་ཉི་ཤུར་བཞུགས་རྒྱུ་ཡིན་པ་གསུངས་འདུག དེའི་རིང་ལ་བོད་དོན་བདེན་མཐའ་གསལ་བ་དང་གཞིས་བྱེས་མཉམ་འཛོམས་ཡོང་གི་རེད་ཅེས་བཀའ་སློབ་ཕེབས་ཡོད་པ་རེད། དེར་བརྟེན། ང་ཚོས་བཀའ་དེ་དག་སེམས་ལ་བཅངས་ཏེ་༧གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་། བོད་མིའི་སྤྱི་མཐུན་གྱི་བསོད་ནམས་གོང་འཕེལ་གཏོང་བའི་ཆེད་དུ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་འགན་འཁུར་དགོས་ལ། དེའི་ཐོག་ཏུ་དགོངས་པ་ཆེར་བཞེས་དགོས་པ་གལ་ཆེན་པོ་ཆགས་བསྡད་ཡོད་པ་རེད། ༧གོང་ས་མཆོག་ད་ལྟ་དགུང་གྲངས་ ༨༣ ལ་ཕེབས་ཡོད་པ་དང་། སྐྱེས་བུ་ཕལ་པ་ཞིག་ཡིན་ན་དགུང་ལོ་དེ་འདྲ་ཆེན་པོ་ཞིག་ལ་བསླེབས་ཚར་དུས་མཛད་འཕྲིན་ཆེན་པོ་ཡོང་རྒྱུ་ཕལ་ཆེར་ཁག་པོ་རེད། འོན་ཀྱང་། ༧གོང་ས་མཆོག་ལ་བོད་མི་རིགས་དང་བོད་མི་མང་གིས་བློ་གཏད་བཅོལ་བ་ལྟར། ཁོང་གི་མཛད་འཕྲིན་ཁག་ཀྱང་ད་དུང་རྒྱ་ཆེ་རུ་འགྲོ་བ་དང་འཛམ་གླིང་ནང་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པའི་གནས་སྟངས་ཆགས་བསྡད་ཡོད་པ་རེད། དེར་བརྟེན། ང་ཚོ་བོད་པ་ཚོས་༧གོང་ས་མཆོག་གིས་བཀའ་དྲིན་བསྐྱངས་བཞག་པ་དེ་བཀའ་དྲིན་ཚོར་བའི་ཐོག་ནས་བཀའ་དྲིན་རྗེས་སུ་དྲན་དགོས་པ་དང་། དུས་ནམ་ཡང་སྐད་ཅིག་ཙམ་དུའང་དྲིན་ལན་ལོག་འཇལ་གྱི་ངོ་བོར་མ་འགྲོ་བ་བྱ་རྒྱུ་དེ་ལས་འགན་ནང་ནས་ལས་འགན་གལ་ཆེ་ཤོས་ཤིག་རེད། ཅེས་གསུངས་སོང་།

མཇུག་ཏུ་གྲོས་ཚོགས་ནང་ཆ་ཤས་ལེན་སྐབས་ཚོར་བ་དྲག་པོ་ཙམ་མ་ཡིན་པར་དོན་དངོས་ཀྱི་དགོངས་འཆར་ཞུ་དགོས་སྐོར་འབོད་སྐུལ་གནང་དོན། དེ་རིང་ཉིན་དང་པོའི་གྲོས་ཚོགས་ཀྱི་ལས་རིམ་དུ་གལ་ཆེ་ཤོས་གཅིག་དེ་གདུང་སེམས་མཉམ་སྐྱེད་ཀྱི་མྱ་ངན་གུས་འདུད་དང་འབྲེལ་བའི་གྲོས་གཞི་གྲོས་འཆར་འདིའི་ནང་དུ། བོད་ཕྱི་ནང་གི་གནད་དོན་དང་ཆབ་སྲིད་ཀྱི་གནད་དོན་སྐོར་མང་པོ་ཞིག་སྔོན་གླེང་ནང་དུ་བརྗོད་ཡོད་པ་དང་གྲོས་གཞི་གྲོས་འཆར་ནང་གསལ་ཡོད་པ་རེད། དེ་ཚོའི་ཐོག་ལ་བཀུར་འོས་སྤྱི་འཐུས་རྣམ་པས་འགན་འཁུར་ཆེར་བཞེས་ཐོག་ཆ་ཤས་ལེན་དགོས་པ་མ་ཟད། ཆ་ཤས་བཞེས་མཁན་ཚོར་རེ་བ་ཞུ་རྒྱུར། ཆ་ཤས་བཞེས་སྐབས་དེ་སྔོན་གྱི་གྲོས་ཚོགས་སུ་གདུང་སེམས་མཉམ་སྐྱེད་ཀྱི་མྱ་ངན་གུས་འདུད་སྐབས་སུ་གྲོས་ཆོད་ཀྱི་ངོ་གདོང་དང་མ་མཐུན་པར། སྒེར་སོ་སོའི་ཚོར་བ་གསུང་པའི་སྡིངས་ཆ་འདྲ་བོ་ཆགས་བསྡད་པ་རེད། དེར་བརྟེན། དེ་འདྲ་མ་ཡོང་བར་དངོས་ཡོད་གནས་སྟངས་གྲོས་ཆོད་ཀྱི་ངོ་གདོང་དང་མཐུན་པའི་ཐོག་དགོངས་པ་ཆེར་བཞེས་ཀྱིས་ཆ་ཤས་བཞེས་རོགས་གནང་ཞུ་རྒྱུ་ཡིན། ཞེས་དང་། བསམ་ཚུལ་མ་མཐུན་པའི་རིགས་དེ་འདྲ་ཡོང་གི་རེད། དེ་གནད་འགག་ཅིག་ཆགས་ཀྱི་ཡོད་པ་མ་རེད། དེ་འདྲ་ཡོང་ཆོག་པ་རེད། འོན་ཀྱང་། དེ་འདྲ་ཡོང་བའི་སྐབས་སུ་འདོད་ཆགས་ཞེ་སྡང་ངམ་ཚོར་བ་དྲག་པོས་དབང་འཛིན་བྱས་ཏེ། གཞན་ལ་རྣམ་འགྱུར་གནག་པོ་དང་ཚིག་རྩུབ། དེ་བཞིན། ཚིག་ཐ་ཤལ་རིགས་བེད་སྤྱོད་མ་གནང་བའི་ཐབས་ཤེས་གནང་རྒྱུ་གལ་ཆེན་པོ་རེད། ཆ་ཤས་བཞེས་པའི་སྐབས་སུ་ཁུངས་ལུང་ལྡན་པའི་ངང་ནས་གནང་ན་གྲོས་ཚོགས་ལ་གཟིགས་མཁན་རྣམ་པ་ཚོ་ཡིན་ཡང་། གནད་དོན་ཐོག་ལ་བགྲོ་གླེང་ཡག་པོ་འགྲོ་བཞིན་འདུག་བསམ་པའི་ཚོར་སྣང་ཡོང་གི་རེད། གྲོས་ཚོགས་ལ་དོ་སྣང་གནང་མཁན་བཙན་བྱོལ་ནང་དུ་ཨ་ཅང་ཅང་། བོད་ནང་ནས་ཀྱང་དོ་སྣང་ཤུགས་ཆེན་པོ་གནང་མཁན་ཡོད་ས་རེད། དེར་བརྟེན། ང་ཚོ་ནི་བོད་མི་ས་ཡ་དྲུག་གི་ངོ་ཚབ་མཚོན་པའི་སྒྲིག་འཛུགས་ཤིག་ཆགས་བསྡད་ཡོད་སྟབས། གཟབ་གཟབ་གནང་བའི་ཐོག་ནས་འགན་འཁུར་ཚུལ་དང་ལྡན་པ་གནང་རོགས་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

ལས་ཉིན་འདིའི་ཐོག་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ཁག་ལྔ་སྤྱི་མོས་གཏན་འབེབས་བྱུང་བ་དང་། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ ༧ ཅན་ཞིག་སྒྲོག་སྦྱངས་གནང་རྗེས། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་༢༠༡༦ ནས་༢༠༡༧ ལོའི་ལོ་འཁོར་ལས་བསྡོམས་དང་། སྤྱི་འཐུས་རྒྱུན་ལས་ནས་ཆོས་རིག་ལས་ཁུངས་ཀྱི་ལས་བསྡོམས་ལ་ཞིབ་འཇུག་གནང་བའི་གྲུབ་དོན་སྙན་ཐོ་བཅས་སྙན་སྒྲོན་ཞུས་གྲུབ་རྗེས། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་བཞིན་འདུག

གཞན་ཡང་། གྲོས་ཚོགས་ཚོགས་དུས་བཞི་པ་དབུ་འཛུགས་ཀྱི་ལས་ཉིན་དང་པོ་དང་སྟབས་བསྟུན། དཔལ་༧རྒྱལ་བ་ཇོ་ནང་པ་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་། བོད་མི་ཆིག་སྒྲིལ་ཚོགས་པ་བཅས་སོ་སོ་ནས་བཀའ་སྤྱི་གཉིས་ལ་ཞི་འབོད་ཀྱི་སྙན་ཞུ་འབུལ་གྱིན་འདུག

དཔལ་༧རྒྱལ་བ་ཇོ་ནང་པའི་སྙན་ཞུའི་ནང་དུ་དེ་སྔོན་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༢༣ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་བཞུགས་མོལ་ཚོགས་འདུའི་ཐོག་བཀའ་བསྡུར་བྱུང་བར། ཞུ་དོན་ལྟར་གྲོས་ཚོགས་ཚོགས་དུས་རྗེས་མ་ཞིག་ལ་ཁྲིམས་སྒྲིག་བསྐྱར་བཅོས་བསྣམ་དགོས་ཀྱི་འདུག་གམ། གཞན་ཐབས་ལམ་ཇི་དགེའི་སྐོར་སྤྱི་འཐུས་བཞུགས་མོལ་ཚོགས་འདུའི་ཐོག་བསྐྱར་དུ་གོ་བསྡུར་ལྷུག་ཙམ་བྱ་རྒྱུའི་ཐག་གཅོད་གནང་སོང་། ཞེས་དང་། ཐེངས་འདིའི་གྲོས་ཚོགས་ཚོགས་དུས་༤ པའི་སྟེང་དཔལ་རྒྱལ་བ་ཇོ་ནང་པར་ཆོས་བརྒྱུད་སྤྱི་མཚུངས་དང་འདྲ་མཉམ་ཁྲིམས་མཐུན་ཐོབ་ཐང་ཅི་ནས་ཀྱང་གནང་སྐྱོང་ཡོང་བའི་སྐྱབས་འཇུག་བསྐྱར་དུ་ཞུ་རྒྱུ། ཞེས་འཁོད་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བཀའ་སྤྱི་གཉིས་ཀྱི་འོས་བསྡུ་དང་འབྲེལ་བའི་ཐོག་བཙན་བྱོལ་སྤྱི་ཚོགས་ནང་བསམ་ཚུལ་བསྡུ་ལེན་བྱས་ཡོད་པའི་སྐོར་གྱི་ཞུ་སྙན་ནང་། བོད་མི་བརྒྱ་ཆ་ ༧༤ ཡིས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་ཐེངས་གཉིས་ཀྱི་གནང་ལམ་སྔར་མུས་བཞིན་གནང་དགོས་པ་དང་། བརྒྱ་ཆ་ ༧༤ ཡིས་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་འདོན་རྒྱུའི་བར་གྱི་དུས་ཡུན་ཐུང་དུ་གཏོང་དགོས་པ། བརྒྱ་ཆ་ ༥༤ ཡིས་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་དུས་གཅིག་ཏུ་བྱེད་པ་ལ་དཀའ་ངལ་མེད་ཚུལ། བརྒྱ་ཆ་ ༧༠ ཡིས་གྲྭ་བཙུན་ལ་འོས་ཤོག་གཉིས་ཀྱི་ཐོབ་ཐང་ཡོད་པ་དེ་མང་གཙོའི་འགྲོ་ལུགས་དང་མི་མཐུན་པའི་གཟིགས་ཚུལ་ཡོད་པ། བརྒྱ་ཆ་ ༥༧ གྱིས་གྲྭ་བཙུན་ཆབ་སྲིད་ཀྱི་ནང་ཞུགས་པ་དེར་དཀའ་ངལ་མེད་པའི་གཟིགས་ཚུལ་བཅས་བྱུང་ཡོད་ཅེས་འཁོད་འདུག

དེ་བཞིན་བོད་མི་ཆིག་སྒྲིལ་ཚོགས་པའི་སྙན་ཞུའི་ནང་དུ། སྙན་ཞུའི་རིགས་ཇི་ལྟར་ཕུལ་ནའང་ཁྱེད་ཀྱིས་དབུ་ཁྲིད་པའི་ད་ལྟའི་བཀའ་ཤག་གིས་འདིའི་ཐད་མངོན་གསལ་དོད་པོའི་མཛད་ཕྱོགས་ཅི་ཡང་མེད་པ་རྒྱུ་མཚན་གང་ལ་ཐུག་པ་དང་། མི་རིང་བར་དེའི་ཐད་བཅད་ཁྲའི་འབྲུ་དོན་ལྟར་མཇུག་སྐྱོང་གནང་འཆར་གཏན་འཁེལ་ཇི་ཡོད་བཀའ་གསལ་ཡོད་པ་ཞུ་རྒྱུ་ཡིན། འདི་ནས་ང་ཚོས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཅད་ཁྲའི་འབྲུ་དོན་ལ་རྩ་འཛིན་དང་། ཆེས་མཐོའི་མཛད་གཙོས་སྤྱི་རྒྱུ་སྒེར་བདག་གིས་རུལ་སུངས་འདི་གཙང་སེལ་ཁ་གསལ་རྟིང་གསལ་ཞིག་མ་བྱུང་བར་ལས་དོན་བར་མཚམས་འཇོག་རྒྱུ་མིན་པའི་ཆོད་སེམས་བརྟན་པོ་ཡོད། ང་ཚོས་སྤྱི་རྒྱུ་སྒེར་བདག་བྱས་པའི་གནས་ཚུལ་འདི་གཙང་སེལ་ཡོང་ཐབས་སུ་ཐབས་ལམ་འདྲ་མིན་དང་། བརྒྱུད་ལམ་འདྲ་མིན་བེད་སྤྱོད་གཏོང་དགོས་འབྱུང་སྲིད་ཚེ་འདིའི་མཇུག་འབྲས་ངན་པ་མི་འབྱུང་ཆེད་དོ་ནན་ཞུ་རྒྱུ་ཞིག་ལ། ཁྱེད་དང་ཁྱེད་ཀྱིས་དབུ་ཁྲིད་པའི་ཤེས་རིག་ལས་ཁུངས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲའི་འབྲུ་དོན་ཉམས་ལེན་གྱིས་གཞུང་དང་མི་མང་གི་ཁེ་ཕན་གྱི་ཆེད་དུ་བཙུགས་པའི་ཡོངས་གླིང་སློབ་གྲྭ་དེ་གཡས་གཡོན་ཁག་དཀྲི་མེད་པར་གང་མགྱོགས་གཞུང་གིས་རྩིས་བཞེས་ཡོད་པ་ཞུ་རྒྱུ་ཡིན། འདི་ནི་འཛམ་གླིང་གང་སར་བཞུགས་པའི་བོད་མི་སྤྱི་དང་། བྱེ་བྲག་ཏུ་བོད་མི་ཆིག་སྒྲིལ་ཚོགས་པའི་འགོ་མང་ ༢༦༦༠ ལྷག་གི་མངོན་འདོད་ཡིན་སྟབས། གོང་གསལ་དྲི་བ་གཉིས་ལ་བཀའ་ལན་ལན་དང་། མི་མང་གི་རེ་བར་ཇི་ལྟར་བསྒྲུབ་ཕྱོགས་གང་མགྱོགས་བཀའ་གསལ་ཡོད་པ་ཞུ། ཞེས་འཁོད་འདུག

གསར་འགོད་པ། ཉི་མ་ཚེ་རིང་དང་སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༩/༡༩

Leave a Reply

3 thoughts on “སྤྱི་འཐུས་སྒེར་སོ་སོའི་ཚོར་བ་གསུང་པའི་སྡིངས་ཆ་འདྲ་བོ་ཆཊ་བསྡད་པ་དེ་མ་ཡོང་བ་གནང་རོཊ།

  1. དུས་བབ་ཚང་གི་གསར་འགྱུར་མ་བཀོད་པར་དུ་གསར་ཁང་གང་གིས་ཀྱང་ང་ལ་འདོད་པ་ཚིམ་གི་མི་འདུག ཐུགས་རྗེ་ཆེ། རྒྱས་འབྲི་དང་ཁ་གསལ་བ་དེ་གའི་ནང་ན་སྐོམ་སོད་པ་ཞིག་འདུག

  2. གཞུང་པ་ཚེ་དབང་བསོད་ནམས་ཡ

    དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་མཆོག་ནས་ངོ་སྤྲོད་གསུང་བཤད་གནད་ལ་འཁེལ་བ་དང་དང་ལ་སྨིན་པ་གསུང་སོང་ཐུགས་རྗེ་ཆེ་བཀྲིན་ཆེ་ཞུ་འདོད་བྱུང་།