སྐྱབས་བཅོལ་བ་ཚོ་རང་ཉིད་ཀྱི་སྤུན་མཆེད་ལྟ་བུར་ངོས་འཛིན་བྱས་ཏེ་རོགས་རམ་གནང་རོཊ།

༧གོང་ས་མཆོག་ནས་བྱམས་བརྩེ་ཉམས་ལེན་སྐོར་བཀའ་སློབ་གནང་སྐབས་སེམས་འཁྲུག་པར་བརྟེན་ལེགས་ཉེས་འབྱེད་པའི་མིའི་རྣམ་དཔྱོད་ཀྱི་ཤེས་རབ་ཚུལ་བཞིན་བཀོལ་ཐུབ་ཀྱི་མེད་པར་བརྟེན་བློའི་འགྲོ་སྟངས་དང་སེམས་ཚོར་གྱི་རྣམ་གཞག་གང་ཡིན་ཤེས་དགོས་སྐོར་གསུངས་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ནས་བཟུང་ཟླ་ཕྱེད་ལྷག་རིང་༧གོང་ས་མཆོག་ནས་ཡུ་རོབ་ཁུལ་གྱི་རྒྱལ་ཁབ་བཞི་སྟེ། དབྱིན་ཇིའི་བྱང་ཨར་ལིན་ཌི་དང་འཇར་མན། ཨེ་ཊ་ལི། ལ་ཏི་ཝི་ཡ་(Latvia)བཅས་ཀྱི་ནང་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་བྱང་ཨར་ལེན་ཌིའི་དམག་འཁྲུག་ནང་ཚུད་པའི་བྱིས་པ་(Children in Crossfire)ཚོགས་པ་བཙུགས་ནས་ལོ་ངོ་ ༢༠ འཁོར་བའི་དུས་ཆེན་མཛད་སྒོའི་ཐོག་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་བཀའ་སློབ་བསྩལ་ཡོད་པ་དང་། སྐབས་དེར་དམག་འཁྲུག་ནང་ཚུད་པའི་བྱིས་པ་ཚོགས་པ་གསར་འཛུགས་མཁན་སྐུ་ཞབས་རི་ཆར་ཌི་མོར་(Richard Moore)ལགས་ལ་༧གོང་ས་མཆོག་གིས་གུས་བཀུར་འོས་པའི་མཛའ་གྲོགས་མཆོག  ཁྱེད་ནི་ངོས་ཀྱི་དཔའ་བོ་ཡིན་ཞེས་ངས་རྒྱུན་དུ་འབོད་བཞིན་ཡོད།  ང་རང་ཐོག་མར་ཁྱེད་ཀྱི་མི་ཚེའི་ལོ་རྒྱུས་ཐོས་སྐབས་སེམས་འགུལ་ཤུགས་ཆེ་ཐེབས་བྱུང་།  ངས་རྒྱུན་དུ་ཁ་ནས་བྱམས་བརྩེ་བཤད་པ་ཙམ་ལས་ཉམས་མྱོང་ཐོག་ནས་ཁྱེད་ལྟར་བྱེད་ཐུབ་ཨེ་ཡོང་བསམ་པ་དྲན་བཞིན་འདུག  ཁྱེད་ཀྱིས་འཁྲུག་རྩོད་ནང་ཚུད་པའི་བྱིས་པ་སྲུང་སྐྱོབ་ཚོགས་པ་བཙུགས་ནས་ཕྱག་ལས་དེ་འདྲ་གནང་བཞིན་པ་དེས་སྙིང་སྟོབས་ཇི་ཙམ་ཡོད་པ་གསལ་སྟོན་གནང་ཡོད། ཁྱེད་ལ་ཉམས་མྱོང་གང་བྱུང་བ་དེས་ཁྱེད་ཀྱི་མི་ཚེར་འགྱུར་བ་བཏང་ཡོད།  ཁོང་ཁྲོ་ཟ་རྒྱུའི་ཚབ་ཏུ་བྱམས་བརྩེའི་བློ་བསྐྱེས་པ་དེ་ནི་ངོ་མཚར་ལྡན་པ་ཞིག་རེད།  བྱམས་བརྩེ་ནི་རང་གཞན་ཀུན་མཐུན་པའི་རྒྱུ་ཡིན། ཚན་རིག་པས་ཀྱང་མིའི་ལྷན་སྐྱེས་ཀྱི་རང་བཞིན་དེ་བྱམས་བརྩེ་ལྡན་པ་ཡིན་སྐོར་བརྟག་དཔྱད་ཀྱི་ལམ་ནས་ར་སྤྲོད་ཐུབ་ཡོད། ཅེས་གསུངས་འདུག

ཡང་ཚོགས་པ་དེས་གསོལ་འདེབས་ཞུས་དོན་ལྟར་བྱམས་བརྩེ་ཉམས་ལེན་(Compassion in Action)གྱི་བརྗོད་གཞིའི་ཐོག་མི་མང་ལ་བཀའ་སློབ་གནང་སྐབས། སྤྱིར་འགྲོ་བ་མིའི་ལྷན་སྐྱེས་རང་བཞིན་ནི་བྱམས་བརྩེ་ལྡན་པ་ཡིན་པ་ར་སྤྲོད་ཐུབ་ཡོད་ཀྱང་།  ད་ལྟའི་འཛམ་གླིང་གི་གནས་སྟངས་ལ་གཞིགས་ཚེ་མིས་བཟོས་པའི་དཀའ་ངལ་མང་དག་ཅིག་མཐོང་ཆོས་སུ་ཡོད། དེ་ནི་གཙོ་བོ་དེང་དུས་ཤེས་ཡོན་ལམ་ལུགས་ནང་དུ་ནང་གི་གཤིས་རྒྱུད་ཇེ་བཟང་དུ་གཏོང་རྒྱུའི་ཐད་སློབ་གསོ་འདང་ངེས་ཤིག་མེད་པ་ཧ་ཅང་གསལ་པོ་མཚོན་ཐུབ།   ང་ཚོ་ཆགས་སྡང་གིས་རྒྱུད་རློམ་སྐབས་ལམ་སེང་དེར་གཉེན་པོ་བསྟེན་དགོས་ཀྱང་དེ་ལས་ལྡོག་སྟེ་སེམས་འཁྲུག་བཞིན་ཡོད།  སེམས་འཁྲུག་པར་བརྟེན་ལེགས་ཉེས་འབྱེད་པའི་མིའི་རྣམ་དཔྱོད་ཀྱི་ཤེས་རབ་ཚུལ་བཞིན་བཀོལ་མ་ཐུབ།  དེར་བརྟེན་བློའི་འགྲོ་སྟངས་དང་སེམས་ཚོར་གྱི་རྣམ་གཞག་གང་ཡིན་ཤེས་དགོས།

ད་བར་ཨེ་ཤ་ཡས་ནུབ་ཕྱོགས་སར་ནས་ཚན་རིག་དང་འཁྲུལ་རིག་སྐོར་བློ་སྐྱེས་བླངས་ཡོད།   འོན་ཀྱང་ད་ཆ་ང་ཚོས་ནུབ་ཕྱོགས་པ་ཚོ་ལ་ཕར་བསམ་བློའི་སྐོར་བློ་སྐྱེད་ཕལ་ཆེར་སྤྲད་ཐུབ་རྒྱུ་རེད།  ཕྱི་དངོས་པོའི་མཐུན་རྐྱེན་གཅིག་པུས་སེམས་ནང་ཞི་བདེ་བསྐྲུན་མ་ཐུབ་པ་ཧ་ཅང་གསལ་པོ་རེད།  དེར་བརྟེན་ང་ཚོས་དེང་དུས་ཤེས་ཡོན་ལམ་ལུགས་དེ་ཆ་ཚང་བ་ཞིག་བཟོ་དགོས།

འདས་པའི་དུས་རབས་ནང་གནས་ཚུལ་མང་པོའི་ཐོག་གྲུབ་འབྲས་ཧ་ཅང་སོན་ཡོད་ཀྱང་དུས་རབས་དེ་ནི་འཚེ་བའི་དུས་རབས་ཤིག་ཆགས་པ་རེད།  ངོས་ཀྱིས་དེ་རིང་སྔ་དྲོ་གསར་འགོད་ལྷན་ཚོགས་ཐོག་ཞུས་པ་ལྟར་དམག་དཔུང་མེད་པའི་འཛམ་གླིང་ཞིག་བཟོ་རྒྱུའི་དམིགས་ཚད་བཟུང་དགོས་ཀྱང་གོ་མཚོན་མུ་མཐུད་བཟོ་རྒྱུ་མ་ཟད།  གོ་མཚོན་ཉོ་ཚོང་གི་ལས་དོན་ཤུགས་ཆེ་གཉེར་བཞིན་ཡོད།    དཀྱིལ་ཤར་ཨེ་ཤི་ཡ་ Middle East  དང་ཀོ་རིའི་དཀའ་རྙོག་དེ་དག་ཁུངས་གཏུག་པ་ཡིན་ན་གཙོ་བོ་ཉོན་མོངས་ལ་ཐུག་པ་དང་། དཀའ་ངལ་གང་ཡིན་དྲག་པོའི་སྟོབས་ཤུག་ཐོག་ནས་སེལ་ཐུབ་ངེས་ཡིན་བསམ་པའི་ལོག་རྟོག་ལས་བྱུང་བ་རེད།  གཞོན་སྐྱེས་ཚོའི་བསམ་བློའི་ནང་ལོག་རྟོག་དེ་དག་ང་ཚོས་སེལ་ཐབས་བྱེད་དགོས།  འཚེ་བས་དཀའ་ངལ་སེལ་ཟེར་རྒྱུ་དེ་དུས་ཚོད་ཡོལ་ཟིན་པའི་གནས་སྟངས་ཤིག་རེད།  དེར་བརྟེན་ཐབས་ལམ་གཞན་ཞིག་ཐོག་ད་ལྟ་ནས་ང་ཚོས་འབད་བརྩོན་བྱེད་པ་ཡིན་ན་མ་འོངས་པར་འཛམ་གླིང་ཕྲན་བུ་ཞི་བདེ་ལྡན་པ་ཞིག་བསྐྲུན་ཐུབ།  ངོས་ཀྱི་མི་ཐོག་འདིའི་རིང་བཟང་ཕྱོགས་ཀྱི་འགྱུར་བ་དེ་མཐོང་རྒྱུར་ངོས་ཀྱིས་རེ་བ་བྱེད་ཀྱི་མེད། ཅེས་བཀའ་སློབ་གནང་འདུག

ཕྱི་ཚེས་ ༡༣ ཉིན་འཇར་མན་གྱི་གྲོང་ཁྱེར་ཧྥི་རན་ཧྥར་ཊི་( Frankfurt)ནང་སྦེལ་ཇམ་དང་སུད་སི། ཧོལ་ལེན་ཌི་སོགས་ནས་ཆེད་དུ་བཅར་བའི་བོད་རིགས་རྣམས་ལ་བཀའ་སློབ་བསྩལ་དོན། དེ་སྔ་བོད་ལ་བཤད་སྲོལ་ཡོད། ཨ་ནིའི་ཁོག་པར་བཟང་སྤྱོད་མི་ཆུབ། ཅེས་མཐོང་ཆུང་བྱེད་བཞིན་ཡོད།  སྔ་མོ་ངོས་ཀྱིས་རྒྱ་གར་ལྷོ་ཕྱོགས་སུ་ད་ཆ་ང་ཚོས་མ་འོངས་པར་ཨ་ནིའི་དགེ་བཤེས་མ་དགོས་པའི་བསམ་ཚུལ་བཤད་པ་ཡིན།  སྐབས་དེར་མཁན་པོ་འགའ་ཤས་ཀྱིས་དེ་འདྲ་གང་འདྲ་ཆགས་ཡོང་གསུང་ནས་ཕྲན་བུ་ཐུགས་ལ་མ་བབ་པ་གནང་བྱུང་།  ངོས་ལའང་སྐབས་དེར་རྒྱུ་མཚན་ཡག་པོ་ཞིག་དྲན་བྱུང་།  སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་གནང་འདུག  དགེ་བཤེ་མ་ཏན་ཏན་ཡོང་རྒྱུ་རེད།  ཅེས་དེ་འདྲ་ཞུ་མྱོང་།  ད་ཆ་དགེ་བཤེས་མ་ཐོན་ནས་དངོས་གནས་སྤོབས་པ་བྱེད་ཐུབ་པ་ཞིག་ཆགས་ཡོད།   དེར་བརྟེན་ང་ཚོས་འབད་བརྩོན་བྱས་ནས་སྔར་མེད་གསར་གཏོད་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།  ང་ཚོས་སྔར་ལམ་ཟེར་ནས་སྔ་མོ་དེ་འདྲ་མེད།  སྡུག་ཉེས་ན་༸རྒྱལ་བ་རིན་པོ་ཆེས་མི་བྱེད་དགུ་བྱེད་བྱས་པ་རེད། བྱེད་རྒྱུ་འབེལ་དྲགས་པ་རེད། ཟེར་མཁན་དེ་འདྲ་ཡོང་མདོག་ཁ་པོ་རེད།  སྔར་མེད་གསར་གཏོད་བྱས་ནས་ང་ཚོ་ཡར་རྒྱས་འགྲོ་དགོས།

བོད་རིགས་ན་གཞོན་ཚོས་བོད་ཡིག་ངེས་པར་དུ་ཤེས་པ་བྱེད་དགོས།   བོད་ཡིག་འདི་ཧ་ཅང་རྩ་བ་ཆེན་པོ་རེད་འདུག  ང་ཚོའི་མི་རིགས་ཀྱི་མཚོན་བྱེད་ཙམ་མིན་པར་རིག་པའི་གནས་ལྔ་གཏིང་ཟབ་པོའི་ཐོག་ཕྱིན་པ་ཡིན་ན་བོད་ཡིག་ལ་མ་བརྟེན་པར་ཐབས་མེད།  མཐའ་ན་མི་ཚེ་རྒས་ནས་མཐའ་མཇུག་མཚམས་ད་འཆི་རན་སོང་བསམ་པའི་བསམ་བློ་འཁོར་སྐབས།  ཚེ་རབས་ནས་ཚེ་རབས་ཟེར་བ་དེ་ཚོའི་གྲས་འགྲེལ་བཤད་རྒྱག་སྐབས་འཆི་ཁར་ཡིན་ཡང་རེ་བ་རྒྱག་ས་ཡོད་པ་ཞིག་ཡོད།  དེར་བརྟེན་ཁྱེད་རང་ཚོ་གཞོན་དུས་ཏོག་ཙམ་དོ་སྣང་བྱོས། སློབ་སྦྱོང་བྱོས།  དེ་ལྟར་བྱས་ཚེ་མི་ཚེ་རིམ་བཞིན་ཡར་རྒས་འགྲོ་སྐབས་ཏན་ཏན་ཕན་ཐོགས་ཡོང་རྒྱུ་རེད།  ཅེས་སོགས་ཀྱི་བཀའ་སློབ་བསྩལ།

ཕྱི་ཚེས་ ༡༦ ཉིན་ཨི་ཊ་ལིའི་མངའ་སྡེ་སི་སི་ལི་ (Sicily) ཡི་གྲོང་ཁྱེར་ཏོ་འོར་མི་ནའི་དུས་རབས་གསུམ་པའི་སྐབས་རྒྱག་པའི་ལོ་རྒྱུས་རང་བཞིན་ཅན་གྱི་གྷི་རིག་འཁྲབ་སྟོན་ཁང་དུ་མི་མང་ ༢༥༠༠ ལྷག་ལ་ཞི་བདེའི་སྐོར་བཀའ་སློབ་སྩལ་སྐབས། ཞི་བདེ་ནི་འཚེ་བའི་ཐབས་ལམ་བེད་སྤྱོད་བྱས་ནས་ཡོང་ཐབས་མེད་པ་ཞིག་ཡིན་པ་དང་། འཚེ་བའི་ཐབས་ལམ་ཀྱིས་ཁོང་ཁྲོ་སློང་རྒྱུ་མ་ཟད་འཚེ་བ་དེ་ལས་ཤུགས་ཆེ་བ་བྱ་རྒྱུའི་ཀུན་སློང་བྱ་ངེས་ཡིན། ཞི་བདེ་ངོ་མ་དེ་སེམས་ནང་དགོས་པ་ཡིན་ཞེས་བཀའ་བསྩལ་བ་དང་འབྲེལ། ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་བཙུགས་པ་ནས་བཟུང་ནུབ་ཡུ་རོབ་ཕྱོགས་སུ་དམག་འཁྲུག་རིགས་བྱུང་མེད་པ་མ་ཟད། སྒྲིག་འཛུགས་ཀྱི་ཚོགས་མི་རྒྱལ་ཁབ་ཕན་ཚུན་ཞི་བདེ་ལྷིང་འཇགས་ངང་མཐུན་སྒྲིལ་ཡག་པོ་བྱུང་ཡོད་ཅེས་བསྔགས་བརྗོད་གནང་ཡོད་འདུག སྐབས་དེར་༸གོང་ས་མཆོག་གིས་འཛམ་གླིང་ཞི་བདེའི་སླད་སྐུ་ངལ་འཛེམས་མེད་ཐོག་མཛད་འཕྲིན་རྒྱ་ཆེ་སྐྱོང་བཞིན་པར་ཡི་རང་བསྔགས་བརྗོད་དང་།  གུས་བཀུར་མཚོན་སླད་མེ་སི་ན་གྲོང་ཁྱེར་གྱི་གཟེངས་རྟགས་འབུལ་ལམ་ཞུས་ཡོད་པ་དང་། དེ་བཞིན་ཕྱི་ཚེས་ ༡༧ ཉིན་ཨི་ཊ་ལིའི་མངའ་སྡེ་དེའི་ཁུལ་དུ་མང་ཚོགས་ལ་སྙིང་རྗེ་ཅན་གྱི་ཀུན་སྤྱོད་དང་རྟེན་འབྲེལ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་ཡོད་པ་དང་། སྐབས་དེར་གྲོང་ཁྱེར་སྤྱི་ཁྱབ་པས་སླར་ཡང་མེ་སི་ན་གྲོང་ཁྱེར་གྱི་ཞི་བདེའི་དེད་དཔོན་གྱི་གཟེངས་རྟགས་འབུལ་ལམ་ཞུས་ཡོད་འདུག

ཕྱི་ཚེས་ ༡༨ ཉིན་༧གོང་ས་སི་སི་ལི་མངའ་སྡེའི་པ་ལེར་མོ་ (Palermo) གྲོང་ཁྱེར་ནང་༧ཞབས་སོར་འཁོད་སྐབས་གསར་འགོད་པ་ཁག་གཅིག་གིས་པ་ལེར་མོ་རྒྱལ་ས་ནི་ཨ་ཧྥི་རི་ཀ་དང་དཀྱིལ་ཤར་ཡུལ་གྲུ་ཁག་གི་སྐྱབས་བཅོལ་བ་རྣམས་ཉེན་འཚབ་ཆེ་བའི་ངང་མཚོ་ཐོག་ནས་འགྲུལ་བཞུད་བྱས་ཏེ། ཡུ་རོབ་ཁུལ་དུ་སླེབས་རྒྱུའི་གྲུ་ཁའི་འགག་སྒོ་ཐོག་མ་དེ་ཡིན་པ་དང་། རྒྱལ་ས་དེ་དེང་གི་འཆར་སྐྱབས་བཅོལ་བའི་ཛ་དྲག་གནས་སྟངས་ཐོག་སྟངས་འཛིན་བྱེད་བཞིན་པའི་སྐོར་བཅར་འདྲི་ཞུས་པར་༧གོང་ས་མཆོག་གིས། ཡུལ་གྱར་བ་དང་སྐྱབས་བཅོལ་བ་ཚོའི་ཆོས་དད་དང་ཤ་མདོག་ལ་བལྟས་ནས་དབྱེ་དབྱེད་མེད་པར་སྤུན་མཆེད་ཀྱི་འདུ་ཤེས་འཛིན་པའི་ཐོག་ནས་སྐྱབས་བཅོལ་གྱི་གནས་བབ་སྤྲོད་པའི་ཐོག་ཕྲུ་གུ་རྣམས་ལ་ཤེས་ཡོན་གྱི་གོ་སྐབས་དང་གཞོན་སྐྱེས་རྣམས་ལ་དེང་དུས་འཕྲུལ་རིག་གི་སྦྱོང་བརྡར་སྤྲོད་ཐུབ་ན་ཕན་ཐོགས་ཆེན་པོ་ཡོང་གི་རེད། དེ་ལྟ་བུའི་རྒྱབ་སྐྱོར་ལ་བརྟེན་མ་འོངས་པར་སྐྱབས་བཅོལ་བ་དེ་དག་རང་ཉིད་ཀྱི་ཡུལ་དུ་འབྱོར་སྐབས་ཧྲ་ཐག་ཐག་ཆགས་ངེས་ཡིན། སྐྱབས་བཅོལ་བར་རོགས་ཕན་བྱ་རྒྱུ་ནི་བྱམས་སྙིང་རྗེ་ལག་བསྟར་བྱ་ཡུལ་གཙོ་བོ་ཆགས་ཡོད། ཕྱོགས་ཡོངས་ནས་ཞུས་ན་སྐྱབས་བཅོལ་བ་རྣམས་ད་ལྟ་དཀའ་ངལ་འཕྲད་བཞིན་པ་རྣམས་རང་ཉིད་ཀྱི་སྤུན་མཆེད་ལྟ་བུར་ངོས་འཛིན་ཏེ་ཁོ་ཚོར་སྐྱབས་བཅོལ་རོགས་རམ་གནང་དགོས། ཞེས་བཀའ་སློབ་གནང་འདུག

སྐུ་སྒེར་དྲ་བའི་ཐོག་བཀོད་པའི་མཛད་འཆར་ལྟར་ན། ཚེས་ ༢༠ ནས་ ༢༡ ཉིནགཉིས་རིང་ཨི་ཊ་ལིའི་ཁྲོ་སི་ཀ་ནི་མངའ་སྡེའི་ཕེ་སཱ་གྲོང་ཁྱེར་དུ་ཕེ་སཱ་གཙུག་ལག་སློབ་གཉེར་ཁང་དང་བླ་མ་ཙོང་ཁ་པ་ཆོས་ཚོགས་གཉིས་ཀྱིས་གསོལ་འདེབས་གོ་སྒྲིག་ཞུས་དོན་ལྟར། ཕེ་སཱ་ཚོགས་ཁང་དུ་(Pisa Congress Hall) ནང་པའི་ཚན་རིག་དང་དེང་རབས་ཚན་རིག་ལས་ནང་པའི་ལྟ་གྲུབ་དང་ཚན་རིག  དབང་རྩའི་ཚན་རིག  ཚད་རྡུལ་དངོས་ཁམས་རིག་པ། ནུབ་ཕྱོགས་ལྟ་གྲུབ་བཅས་ཀྱི་ཚོགས་འདུར་དབུ་བཞུགས་མཛད་རྒྱུ་དང་། ཚེས་ ༢༣ ནས་ ༢༤ ཉིནགཉིས་རིང་ལ་ཏི་ཝི་ཡའི་རི་གྷ་གྲོང་ཁྱེར་དུ་སི་ཁོན་ཊོ་ཚོགས་ཁང་ (Skonto Hall ) དུ་ཀ་མ་ལ་ཤི་ལིས་མཛད་པའི་སྒོམ་རིམ་བར་བ་དང་། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་གྱི་བཀའ་ཆོས་གནང་རྒྱུ། ཚེས་ ༢༥ ཉིན་ལ་ཏི་ཝི་ཡའི་རི་གྷ་གྲོང་ཁྱེར་དུ་སི་ཁོན་ཊོ་ཚོགས་ཁང་ (Skonto Hall ) དུ་ས་མཚམས་མེད་པའི་མཐུན་སྒྲིལ་ (Harmony Without  Boundaries) གྱི་བརྗོད་གཞིའི་ཐོག་མི་མང་ལ་བཀའ་སློབ་གསུང་བཤད་བསྩལ་རྒྱུ་ཡིན་འདུག

སྐུ་སྒེར་དྲ་བ་དང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་གཉིས་ལས་བཏུས།

བསྐྱར་བཅོས།: ༢༠༡༧/༠༩/༢༠

Leave a Reply

2 thoughts on “སྐྱབས་བཅོལ་བ་ཚོ་རང་ཉིད་ཀྱི་སྤུན་མཆེད་ལྟ་བུར་ངོས་འཛིན་བྱས་ཏེ་རོགས་རམ་གནང་རོཊ།

  1. བསྟན་འཛིན་ཉི་མ།

    In English, the statements such as “A compassion that can extend beyond a particular designated boundary”, “Compassion without boundaries” and “Compassion without any boundary at all” are different in understanding.

  2. བསྟན་འཛིན་ཉི་མ།

    བོད་སྐད་ནང་ས་མཚམས་མེད་པའི་མཐུན་སྒྲིལ་དང་། མཐུན་སྒྲིལ་ལ་ས་མཚམས་མེད་པ་གཉིས་ལ་གོ་རྒྱུ་མི་འདྲ་བ་ཡོད་ཆོག དེ་བཞིན་སྙིང་རྗེ་མེད་པའི་གཤན་པ་དང་། གཤན་པ་ལ་སྙིང་རྗེ་མེད་པ་ལ་གོ་སྟངས་མི་འདྲ་བ་ཡོད། སྐབས་འགར་ས་མཚམས་མེད་པའི་སྨན་པ་དང་། སྨན་པ་ལ་རྒྱལ་མཚམས་ཡེ་ནས་མེད་པ་སོགས་ལ་གོ་བ་མི་འདྲ་བའི་ཁྱད་པར་གྱིས་རབ་ཏུ་དབྱེ་བར་བྱའོ། །