བདག་གི་ཡུ་གུར་བའི་“མི་རིགས་རིང་ལུགས”ཀྱི་འདུ་ཤེས་ཅི་ལྟར་བྱུང་ངམ།

ཁུ་ཧྲོ་ཧྲི་ལིས་བརྩམས།
ལྷ་མོ་མཚོས་བོད་སྒྱུར་བྱས།

༼དུམ་ཚན་དང་པོ༽

ཡར་འར་ཁུན་ནི་བདག་གིས་ནུའུ་ཡུའུ་གྲོང་ཁྱེར་ནས་ངོ་ཤེས་པའི་ཡུ་གུར་གྱི་གཞོན་སྐྱེས་ཤིག་ཡིན་ལ། ཁོ་ད་ལོ་ཕོ་ལོ་༢༧ དང་ཕ་ཡུལ་ཤིན་ཅང་ནས་རེད། ཁོ་ནི་གཟུགས་སྟོབས་ཆེ་ཞིང་སྣའི་གཟེངས་མཐོ། ཁོ་ལ་ཐོ་འར་ཅུར་དབྱི་ལང་གི་གདོང་དབྱིབས་འདུག

ལོ་གཉིས་སྔོན་ལ། ཁོ་ཨ་རི་ལ་སློབ་གཉེར་བྱེད་དུ་འོང་། ད་ལོ་ནས། ཁོང་མིན་མེ་འཁོར་འབབ་ཚིགས་ཀྱི་ཛ་དྲག་དོན་རྐྱེན་(༢༠༡༤ལོར་ཤིན་ཅང་གི་དྲག་སྤྱོད་པས་ཡོན་ནན་ཁོང་མིན་མེ་འཁོར་འབབ་ཚིགས་ནང་ལས་འགུལ་སྤེལ་བ་དེ་ལ་གོ། སྒྱུར་པ་པོའི་མཆན།)ལས། ཤིན་ཅང་དང་ཡུ་གུར་མི་ནི་གསར་ལམ་ཁག་གི་བརྗོད་གཞིར་གྱུར། དེ་ནས་ང་ཚོས་ཀྱང་ལྟ་ཚུལ་རྗེས་རེས་བྱས་པ་ཡིན། སྤྱིར་འཚོ་བའི་ཁྲོད་ཀྱི་ཡར་འར་ཁུན་ནི་ཞི་འཇམ་དང་མཚེར་སྣང་ཅན་ཞིག་རེད་མོད། འོན་ཏེ་ལོ་རྒྱུས་དང་ཆབ་སྲིད། ཡུ་གུར་གྱི་སྤྱི་ཚོགས་སོགས་ཀྱི་སྐོར་ནས་བགྲོ་གླེང་བྱེད་དུས། ཁོ་རང་ལ་ཡིད་རྟོན་དང་ངར་ཤུགས་ཆེ་བར་གྱུར་འགྲོ། སྤྱིར་བདག་གི་མཐོང་སྣང་དུ། ཁོའི་མི་ཚེའི་བརྒྱུད་རིམ་ནང་དུ། མིའི་རིགས་སྤྱི་ལ་ལྟ་སྟངས་ཀྱི་རང་བཞིན་ནི་ཡུ་གུར་མི་རིགས་ཀྱི་ཐུན་མོང་གི་ངོ་བོ་ལས་རྒྱང་རིང་རྒྱང་རིང་ཞིག་ཏུ་གྱེས་ཟིན་འདུག ཡིན་ཡང་ཁོས་རང་གི་མི་རིགས་ཀྱི་སྐྱེས་ཁུངས་ནན་བརྗོད་བྱས་པ་དང་། ནམ་རྒྱུན་དུ་”ང་ཚོའི་མི་རིགས་འདི”་ཁ་ལ་འཁྱེར་བ་དང་རང་ལ་ཡུ་གུར་གྱི་ང་རྒྱལ་ཡང་ཡོད་པ་རེད། ཁོ་ནི་རྒྱ་སྐད་ཀྱི་”བེ་ཙོའུ་”ཞེས་པའི་བསྡུས་མིང་འདི་ལ་དགའ་བོ་མེད་པས། ཁོས་”ང་རང་གིས་མིང་ཆ་ཚང་བར་འབོད་པར་རྒྱུན་འཁྱོངས་བྱེད་ཀྱིན་ཡོད་” ཟེར། རྒྱུ་མཚན་ཁོའི་མི་རིགས་ཀྱི་བསྡུས་མིང་དེའི་ནང་ན་”མཐོང་ཆུང་གི་རྣམ་པ”་བཟུང་ཡོད་པ་རེད། ང་རང་མཚམས་རེར་ཁོའི་ཐད་དྲག་པའི་”མི་རིགས་རིང་ལུགས”་ལ་བགད་མོ་ཡང་ཤོར་མྱོང་། ཡིན་ན་ཡང་ཐེངས་གཅིག་ལ་ཁོས་རྩེད་མོའི་ཚུལ་དུ་ ”ངས་ཁྱེད་ལ་བདག་གི་བརྒྱུད་རིམ་དང་། བདག་གི་མི་རིགས་རིང་ལུགས་ཇི་ལྟར་བྱུང་བ་བཤད་ཆོག་” ཟེར།

སྔ་གཞུག་བར་གསུམ་དུ་བཅར་འདྲི་ཐེངས་བརྒྱད་ལ་བྱས་པའི་ཁྲོད་ནས། ཡར་འར་ཁུན་གྱིས་བདག་ལ་ཁོའི་བརྒྱུད་རིམ་ཁ་གསལ་བོ་བཤད་སོང་། གཅིག་བྱས་ན་རང་ཉིད་ཕྱི་ཡུལ་དུ་ཡོད་པས་ཁོའི་སྐད་ཆ་ནི་དྭངས་གཙང་ལྷད་མེད་ཅིག་རེད། ཐེ་ཚོམ་དང་སྒྲོ་བཏགས་མེད་པར་ཤིན་ཅང་དང་འདྲེས་པའི་བརྗོད་གཞི་རྣམས་ཏེ། སྐད་གཉིས་སློབ་གསོ། བདུན་ལྔའི་དོན་རྐྱེན། ཆོས་ལུགས་ཀྱི་དད་འདུན་གྲུབ་སྟངས། རྒྱ་དང་ཡུ་གུར་བའི་བར་ཐག ཆུང་དུས་ཁ་ཆེའི་ཆང་འཐུང་བ་དང་། “ཤིན་ཅང་གི་རྐུན་མ”་ལ་མི་གཞན་གྱི་གོ་ནོར་ཐེབས་པ་ལ་སོགས་པའི་གནད་དོན་ལ་སོགས་པ། ཐ་ན་ཁོ་རང་ཉིད་ཀྱི་མི་རིགས་བརྩེ་དུང་ལ་སོགས་པ་བརྗོད་སོང་། ཁོས་གཟབ་ནན་ངང་དེང་གི་ཀྲུང་གོས་ད་སྔ་ལག་བསྟར་བྱེད་བཞིན་པའི་མི་རིགས་སྲིད་ཇུས་དཔྱད་གླེང་བྱས་སོང། དེ་དང་མཉམ་དུ་ཡུ་གུར་མི་རིགས་རང་སྟེང་གི་གནད་དོན་དང་ཁོ་རང་ཉིད་ཀྱི་བསམ་གཞིགས་ལ་སོགས་པ་བརྗོད་སོང་།

རྩོམ་ཡིག་འདི་ནི་མི་སྣ་དང་པོ་བདག་ནས་འབྲི་རྒྱུ་ཡིན་ཡིན་ལ། བྲིས་རྗེས་ཡར་འེར་ཁུན་ཁོ་རང་ཉིད་ནས་བཟོ་བཅོས་དང་ཞུ་དག་བྱས་ཟིན་ཡོད།རྒྱུ་མཚན་ནང་མི་རྣམས་ཤིན་ཅང་ནང་ཁུལ་ན་འཚོ་བའི་ཆེད་དུ་བྱ་བ་སྒྲུབ་བཞིན་ཡོད་པས་ཡིན། ཁོས་རེ་བ་ལྟར་རྩོམ་འདི་ནང་དུ་ཁོ་རང་ཉིད་ཀྱི་གནས་ཚུལ་ཁ་ཤས་ཤིག་སྤས་ཡོད། ཁོའི་མིང་གི་ཐད་ནས་ཁོ་རང་གི་རྒྱ་རིགས་གྲོགས་པོ་ཚོས་ཁོ་ལ་”ཨ་མོའི”་ཞེས་འབོད་པར་དགའ་ཡང་། ཁོས་རང་ཉིད་ལ་ཡར་འར་ཁུན་ཞེས་པའི་མིང་འདི་འདམས་པ་རེད། “ཡར་འར་ཁུན” ཞེས་པ་ཡུ་གུར་བའི་སྐད་དུ་”རང་དབང” ཞེས་པ་དང་། “རང་དབང”་ལས་གཞན་ཅི་ཡང་གལ་ཆེན་པོ་མེད་པ་དེ་ཁོས་ནན་ཏན་ངང་བཤད་སོང་།

བདག་ནི་སྲོལ་རྒྱུན་ཅན་གྱི་ཡུ་གུར་གྱི་ཁྱིམ་ཚང་ཞིག་ལ་སྐྱེས།

བདག་གི་ཁྱིམ་ཚང་ནི་ཤིན་ཅང་གི་ནུབ་ཏུ་ཡོད། ཕ་མ་གཉིས་ཀ་ཏང་ཡོན་ཡིན། བདག་གི་སྤོ་ལགས་ནི་མོའུ་ཀྲུའུ་ཞི་ལ་བློ་དཀར་གཞུང་དྲངས་ཅན་ཞིག་ཡིན། ཁོ་མ་སྐྱེས་སྔོན་ལ་ཁྱིམ་མི་ཚང་མ་མཉམ་དུ་འཛོམས་ནས་གུང་ཁྲན་ཏང་ལ་ཐུགས་རྗེ་ཆེ་ཞུ་དགོས་ལ་མོའི་ཀྲུའུ་ཞི་ལ་ཐུགས་རྗེ་ཆེ་ཞུ་དགོས་པ་རེད། སྤོ་ལགས་ནས་ང་ཚོ་ལ་སློབ་གསོ་གནང་བའི་སྐབས་སུ་ཁོའི་སྐད་ཆ་གཅིག་ཁོ་ན་ནི་ང་ཚོ་ཆུང་ཆུང་ཡིན་པའི་སྐབས་སུ་བཟའ་ཆས་མེད་པས་ངོ་དཀར་པོ་ཆགས་ཡོད་ལ་དེང་སང་ཁྱེད་ཚོ་ད་དུང་ཡང་འདོད་པ་མི་ཁེངས་སམ་ཞེས་པ་དེ་ཡིན།

སྤོ་ལགས་ནི་༡༩༣༠ ལོར་སྐྱེས་པའི་མི་རེད། ཆུང་ངུའི་དུས་སུ་གུང་ཁྲན་ཏང་འཛུགས་བསྐྲུན་ལ་ཞུགས་པ་དང་། ས་བདག་ལ་རྡུང་རྡེག ས་ཞིང་བཅོས་བསྒྱུར་སོགས་ལ་ཞུགས་པ་རེད། ཁོ་ཧ་ཅང་བསོད་ནམས་ཆེ་བ་འདུག སྤྱིར་ཧ་ཅང་དབུལ་བོའི་ཁྱིམ་ནས་སྐྱེས་ཀྱང་གུང་ཁྲན་ཏང་ལ་ཞུགས་ནས་ལས་བྱེད་ཆགས། ཁོ་ཨུ་རུ་མོ་ཆུའི་སློབ་གསོ་སྦྱོང་བར་བདམས། ཡི་གེ་ངོས་འཛིན་དང་སློབ་གྲྭར་འགྲིམས། ཕྱིར་ལོག་པ་དང་སློབ་གསོ་སྡེ་ཁག་ནས་དགེ་རྒན་གྱི་འགན་འཁུར། ལམ་སང་སྲིད་གཞུང་གི་དཔོན་པོ་ཆགས། ས་གནས་ཀྱི་གོ་གནས་ཇེ་མཐོར་སྤར། གུང་ཁྲན་ཏང་གིས་ཁོའི་མི་ཚེ་ཆ་ཚང་བར་འགྱུར་བ་བཏང་ཟིན།

བདག་གི་ཨ་ཕ་ལ་ཕུ་ནུ་མིང་སྲིང་བརྒྱད་ཡོད་ལ་ཚང་མ་ཏང་ཡོན་ཡིན། ཡིན་ཡང་ང་ཚོའི་མི་རབས་ལ་སླེབས་པའི་སྐབས་སུ། ང་ཚོས་ཁོ་ཚོས་བདམས་པའི་ལམ་ཁ་དེ་བདམས་མེད། ང་ཚོའི་ཁྱིམ་ཚང་ཆེན་པོ་འདིའི་ནང་ན་ཕུ་ནུ་མིང་སྲིང་བཅུ་གྲངས་ཡོད་མོད་ཏང་ཡོན་ནི་གཅིག་ཀྱང་མེད། ཕ་མས་སྔར་བཞིན་ང་ཚོས་རྒྱལ་ཁབ་ཀྱི་ལས་བྱེད་བྱ་རྒྱུར་རེ་བ་བཅངས་འདུག་ལ་ལྕགས་ཀྱི་ཕོར་བ་ཐོབ་པར་རེ་འདུག ཡིན་ཡང་ང་ཚོས་རེ་བ་དེ་ཚོ་ཅུང་ཙམ་སྟོང་ཟད་དུ་བཏང་བ་ཡིན། ང་ཚོའི་འཚར་ལོངས་ཀྱི་ཟིན་ཐོ་མི་འདྲ་བ་རེད། ང་ཚོས་གྲེ་ལྟོག་མྱངས་མེད་པས། ང་ཚོས་བསམ་བློའི་སྟེང་གི་དངོས་པོ་ཞིག་ལ་བརྩོན་པ་ནི་བྱེད་སྲིད་པ་ཞིག་རེད།

བདག་གི་ཨ་ཕ་ནི་སྲིད་གཞུང་གི་ལས་བྱེད་དང་ཨ་མ་ནི་སློབ་ཆུང་གི་དགེ་རྒན་ཡིན། ཁོ་ཚོ་ཚང་མ་`མི་རིགས་ཡིག་རྒྱུགས་`དང་དེའི་དོན་དུ་གྲངས་ཉུང་མི་རིགས་ཀྱིས་མི་རིགས་རང་གི་སྐད་ཡིག་ལ་སློབ་སྦྱོང་བྱས་ཏེ་མཐོ་རྒྱུགས་ལ་ལཛུལ་ཞུགས་བྱས་པ་རེད་ལ། རྒྱ་ཡིག་མཐོ་རྒྱུགས་འདྲ་མཚུངས་ཡིན། ཁོ་ཚོའི་རྒྱ་ཡིག་གི་ཆུ་ཚད་དེ་འདྲའི་ཡག་པོ་མེད། ང་ཚོའི་ཁྱིམ་དུ་ཡུ་གུར་བའི་སྐད་བཤད་གྱིན་ཡོད། ཡིན་ཡང་མི་རིགས་གནད་དོན་གྱི་སྐོར་ཅུང་ཙམ་ཡང་གླེང་ཤེས་གྱིན་མེད། ཁོ་ཚོའི་མི་ཚེའི་ནང་རིག་གནས་གསར་བརྗེ་བརྒྱུད་པ་དང་འཚོ་བའི་ནང་ན་ཆོས་ལུགས་ཀྱི་བག་ཆགས་ཅི་ཡང་མེད། ཆོས་དད་བྱེད་རྒྱུ་དེ་དུས་སྟོན་བྱེད་པའི་སྐབས་སུ་ད་གཟོད་ལྷ་ཁང་ལ་འགྲོ་བ་རེད་ལ་སྡེ་མི་ཡོངས་ཀྱང་དེ་ལྟར་ཡིན། སྤོ་ལགས་ཀྱི་ཤུགས་རྐྱེན་འོག་ཏུ། དུས་ཚོད་མང་པོ་ཞིག་གི་ནང་ལ། ང་ཚོའི་ཁྱིམ་ཚང་ནི་གུང་ཁྲན་རིང་ལུགས་ལ་དད་འདུན་ཆེ་བའི་ཁྱིམ་ཚང་ཞིག་ཆགས་པ་ཡིན།

རྐང་རྩེད་སྤོ་ལོའི་རྒན་བདག་ནི་རྒྱ་མི་ཁོ་ན་བྱེད་དགོས།

ང་ཚོ་ཆུང་དུས་སུ། “སྐད་གཉིས་སློབ་གསོ”་ད་དུང་ལག་བསྟར་བྱས་མེད། ཡུ་གུར་ཁྱིམ་ཚང་གི་བྱིས་པ་ཚོ་སློབ་གྲྭར་འགྲིམས་པ་ལ་བདམས་གསེས་གཉིས་ཡོད་པའི་དཀའ་ངལ་ནི། རྒྱ་ཡིག་སློབ་གྲྭར་འགྲིམས་དགོས་སམ་ཡང་ན་ཡུ་གུར་སློབ་གྲྭར་འགྲིམ་རྒྱུ་དེ་ཡིན།

ངེད་ཚང་ན་བྱིས་པ་གཉིས་ཡོད་པ་དང་། ཕུ་བོ་ནི་”མི་རིགས་ཡིག་རྒྱུགས་”ཡིན། ཆུང་དུས་ནས་བཟུང་ང་ཕུ་བོ་དང་མཉམ་ཏུ་འགྲོ་གིན་ཡོད་ལ། ཁོས་ཅི་ཞིག་བྱས་ན་ངས་ཀྱང་དེ་ལྟར་བྱེད་བཞིན་ཡོད། དེ་བས་བདག་སློབ་གྲྭར་འགྲིམས་པའི་སྐབས་སུ་རྒྱ་ཡིག་སློབ་གྲྭར་ཨུ་ཚུགས་ཀྱི་འགྲོར་བཅུག།དེ་ནས་བཟུང་བདག་`རྒྱ་ཡིག་ཡིག་རྒྱུགས་`མཁན་ཞིག་ཆགས་པ་རེད། དེའི་དོན་ནི་གྲངས་ཉུང་མི་རིགས་ཀྱིས་རྒྱ་ཡིག་གི་ལམ་ནས་མཐོ་རྒྱུགས་ལ་འཛུལ་ཞུགས་བྱེད་བཞིན་པ་དེ་རེད།

སློབ་གྲྭར་འགྲོ་བའི་ཉིན་དང་པོ་དེར་ཁྱིམ་བདག་གིས་བསྐྱལ་དགོས། དེའི་སྐབས་སུ་བདག་གིས་རྒྱ་སྐད་ཚིག་གཅིག་ཀྱང་མི་ཤེས། རྒྱ་རིགས་སློབ་གྲོགས་འགའ་ཞིག་གིས་བདག་ལ་བལྟས་ནས་བགད་མོ་ཤོར་བ་དེ་བདག་གིས་ད་དུང་དྲན་སོས་ཀྱིན་འདུག ཁོ་ཚོས་བདག་གིས་མི་ཤེས་པའི་སྐད་ཆ་ཞིག་བཤད་པར། བདག་རྒྱུགས་ཐེངས་གཅིག་གིས་སོང་ནས་ཁོ་ཚོ་ལ་རྡུང་བ་ཡིན། དོན་དངོས་ཅི་ཞིག་བྱུང་བ་བདག་གིས་གསལ་བོ་དྲན་གྱི་མི་འདུག ཡིན་ཡང་བདག་མཐོ་འབྲིང་མཐར་ཕྱིན་པའི་སྐབས་སུ་བདག་གི་ཨ་ཕས་དོན་དེ་ད་རུང་ཁོའི་ལས་གྲོགས་ཚོ་ལ་བཤད་ཀྱིན་འདུག་ལ། ཚང་མ་དོན་དེ་ལ་ཧབ་ཆ་ཤོར་བཞིན་འདུག ཨ་ཕ་ནི་ང་རྒྱལ་སྐྱེས་པ་དང་ཁོའི་བསམ་པར་ཕོ་ཁྱོ་ག་མ་འགྲིག་ན་ཡར་ལངས་དགོས་པ་དང་། “བུ་ཆུང་”ངེས་པར་དུ་ང་རྒྱལ་དགོས་བསམ་བཞིན་འདུག

སློབ་ཆུང་ཆ་ཚང་བར། བདག་གི་སློབ་སྦྱོང་གི་གྲུབ་འབྲས་ཧ་ཅང་གཟེངས་སུ་ཐོན་པ་ཡོད། འཛིན་གྲྭའི་ནང་དུ་ནམ་ཡིན་ཡང་ཨང་གསུམ་པའི་སྔོན་ན་ཡོད། གླེང་རིན་ཡོད་པ་ཞིག་ནི་༡༩༩༧ ལོ་ཡིན་ལ།  དེ་དུས་སློབ་ཆུང་ལོ་རིམ་བཞི་བ་ཡིན། ལོ་དེ་ལ་ཅེན་ལིས་དོན་རྐྱེན་བྱུང་བ་རེད།(༡༩༩༧ ལོའི་ཟླ་བ་༢་པའི་ཚེས་༥ ནས་༨ བར་དུ་ཅེན་ལུས་ཧ་ས་ཁུ་མི་རིགས་རང་སྐྱོང་ཁུལ་གྱི་ཅེན་ལུས་གྲོང་ཁྱེར་ནང་། ཡུ་གུར་མི་སྐོར་ཞིག་གིས་རྙོག་གྲ་དང་ཟིང་བླངས་པ་རེད། ཐ་མ་དེར་དེ་ནི་བདུན་ལྔའི་སྔོན་གྱི་ཤིན་ཅང་ནང་གི་གཞི་རྒྱ་ཆེ་བའི་སྤྱི་ཚོགས་ཟིང་བླངས་པ་ཞིག་ཡིན) བདག་གིས་ད་ལྟ་ཡང་དོན་རྐྱེན་དེ་གཏན་ནས་བརྗེད་ཐབས་མི་འདུག དེ་ནས་བཟུང་ང་ཚོས་ངོ་ལོག་ལ་རྒོལ་བ་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་སྦྱོང་བའི་འགོ་ཚུགས་པ་ཡིན། འགས་གཏོར་དང་འཇིགས་སུ་རུང་བའི་པར་རིས་རྣམས་ང་ཚོར་ལྟ་རུ་བཅུག། དེའི་སྐབས་སུ་ང་ཚོས་ཅི་ཞིག་དྲན་བཞིན་ཡོད་དམ། དགེ་རྒན་གྱིས་ཅི་ཞིག་བཤད་ན་ང་ཚོས་དེ་ནི་བདེན་པར་སྙམ། བདག་ནི་ཞེད་སྣང་སྐྱེས་པ་དང་མི་རིགས་མཐུན་སྒྲིལ་གཏོར་བཤིག་གཏོང་མཁན་དེ་ཚོ་ལ་ཁོང་ཁྲོ་སྐྱེས། ཁོ་ཚོ་ནི་ཐབས་སྡུག་པ་དང་ཅིའི་ཕྱིར་འདི་འདྲ་བྱེད་དགོས་པ་ཡིན་ནམ་སྙམ།

སློབ་གྲྭའི་ངོས་ནས་ཀྱང་ང་ཚོ་ཡུ་གུར་སློབ་ཕྲུག་ཚོ་དང་ཡང་གཅིག་བཤད་ན་གྲང་ཉུང་མི་རིགས་ཀྱིས་རྒྱ་ཡིག་ཡིག་རྒྱུག་གཏོང་མཁན་ཚོ་ལ་ལོགས་སུ་བཀར་ནས་མི་རིགས་མཐུན་སྒྲིལ་དང་ངོ་ལོག་ལ་རྒོལ་བའི་སློབ་གསོ་སྤྲད། རྒྱ་རིགས་སློབ་ཕྲུག་ཚོ་འདིར་ཡོད་པ་མ་རེད། དུས་དེ་ནས་བཟུང་། ང་ཚོས་ཧ་ལམ་ང་ཚོ་ནི་`གྲངས་ཉུང་མི་རིགས་ཡིན་པའི་འདུ་ཤེས་ཡོད་པས། གཞན་དང་མི་འདྲ་བའི་`འདུ་ཤེས་ཤིག་གི་ནང་ཚུད་དུ་བཅུག་སོང་། ང་ཚོའི་ཁྱིམ་ཚང་ནང་མི་རིགས་ལྟ་ཚུལ་ལ་སློབ་གསོ་སྤྲོད་གྱིན་མེད་ལ། མི་རིགས་ཀྱི་ལྟ་བ་འདི་ལྟ་བུ་ནི་སློབ་གྲྭས་སྐྱེད་བསྲིངས་བྱས་ནས་ཡོང་པ་རེད།

བདག་རྐང་རྩེད་སྤོ་ལོ་ལ་ཧ་ཅང་དགའ། ལམ་སང་རྐང་རྩེད་སྤོ་ལོའི་རུ་ཁག་ལ་འཛུལ་ཐུབ་པ་བྱུང་། ང་ཚོའི་སློབ་གྲྭ་ནི་རྒྱའི་སློབ་གྲྭ་ཡིན་པ་དང་། “མི་རིགས་རྒྱུགས་སྤྲོད་”ཀྱི་སློབ་མའི་ཚད་ཅུང་དམའ། ཡིན་ན་ཡང་རྐང་རྩེད་སྤོ་ལོའི་རུ་ཁག་ན་གཙོ་མི་༡༡ ཡོད་ལ། དེའི་ནང་གི་བརྒྱད་ཡུ་གུར་དང་གཉིས་ནི་ཧེ་ཧེ་ཡིན། གཅིག་རྒྱ་མི་ཡིན། ང་ཚོའི་མི་རིགས་འདི་ད་དུང་ཐོ་འར་ཅུར་མི་རིགས་ཀྱི་ཁྲག་ཚ་བོ་དང་གཤིས་ཀ་བཟུང་ཡོད་པས། རྐང་རྩེད་སྤོ་ལོ་རྩེ་བར་ཆ་རྐྱེན་གྲུབ་ཡོད། རྒྱུ་མཚན་སྤོ་ལོ་རྩེ་བར་མཆོངས་རྒྱུག་དང་གདོང་གཏུགས་བྱེད་དགོས་པ་དང་འདི་ནི་ང་ཚོའི་ལེགས་ཆ་ཡིན།

གནད་དོན་ནི་ང་ཚོས་སྤོ་ལོ་རྩེ་བ་བཟང་མིན་ལ་མ་ལྟོས་པར་རྒྱའི་སློབ་གྲོགས་གཅིག་པུ་དེ་ནི་རྒན་བདག་ཡིན། དགེ་རྒན་གྱིས་འདི་ལྟར་ཐག་བཅད་པ་རེད། སྤྱིར་ཡིན་ན་སློབ་ཕྲུག་ཁོས་སྤོ་ལོ་རྩེ་བ་ནི་སྤྱིར་བཏང་ཙམ་རེད། ང་ཚོ་ནར་སོན་པ་དང་ཤེས་པ་ནི། ས་ཁུལ་ནང་ཡུ་གུར་མི་རིགས་ཀྱི་མང་ཉུང་ལ་མ་ལྟོས་བར་ཐ་ན་དྲུང་ཡིག་ཀྱང་རྒྱ་མི་ཡིན། ཀྱེ། དོན་དག་འདི་ཚོ་གསལ་བོ་མཁྱེན་གསལ་རེད།

 བདག་རྒྱའི་རིགས་གནས་ལ་ལྟ་སྟངས་སླེབས།

སློབ་ཆུང་མཐར་ཕྱིན་ལ་ཉེ་བའི་སྐབས་སུ། བདག་གི་ཁྱིམ་ལ་རྐྱེན་ངན་བྱུང་། བདག་ལོ་རིམ་ལྔ་པ་ཡིན་པའི་སྐབས་སུ། ཨ་ཕ་ལགས་གཞུང་གི་དཔོན་པོར་གྱུར་བ་དང་གོ་གནས་སྤར། སྤྱིར་ཕ་ལགས་ནི་སྨན་པ་ཡག་པོ་ཞིག་དང་ཕ་ཡག་པོ་ཞིག་ཡིན།

ལྷག་པར་དུ་ནང་མི་མཉམ་དུ་འདུག་པར་ཧ་ཅང་དགའ། གློ་བུར་དུ་གོ་གནས་འཕར་བའི་རྗེས་སུ། ཆང་དང་འདུ་འཛོམས་མང་སར་ཕྱིན་པས་རྟག་པར་ཆང་འཐུང་། ཨ་ཕས་ག་ལེར་ཨ་མ་དང་མཉམ་དུ་གླེང་མོལ་མང་པོ་མི་བྱེད་ལ། བྱ་བ་ལ་ཁ་གཡར་ནས་ཕྱི་ནས་སྡོད་པ་དང་ཁྱིམ་ལ་ལོག་མི་ཡོང་། བདག་དམའ་རིམ་གཉིས་པའི་ལོར། ༢༠༠༡ལོའི་ཟླ་བ་༩བའི་ཚེས་༡༧ཉིན་བདག་གི་ཕ་མ་གཉིས་བཟའ་ཐོར་བྱས། ཁྲིམས་ཁང་གི་ཐག་གཅོད་ལྟར། ཕུ་བོ་ཨ་མར་སྤྱར་བ་དང་། བདག་ཨ་ཕར་སྤྱར། དུས་དེ་ནས་བཟུང་ང་ཚོ་ཁྱིམ་ཚང་གཉིས་སུ་གྱེས་པ་རེད།

ངས་རང་ཉིད་ལ་མཐོང་ཆུང་བྱེད་འགོ་བརྩམས་པ་དང་། མ་ཟད་ཧ་ཅང་ཁེར་རྐྱང་དུ་ཆགས། ཉམས་ཆུང་ན་གཞོན་གྱི་བསམ་པ་ཡོད་ཚད་ཕྱི་ལ་མངོན་པར་འོང་། སློབ་སྦྱོང་སེམས་སུ་མི་འགྲོ། སློབ་འཁྲིད་སྐབས་སུ་གཉིད་ཁུག སློབ་ཁྲིད་ཚར་རྗེས་རྐང་རྩེད་སྤོ་ལོ་རྩེ་བར་མགོ་འཁོར། ཧ་ལམ་འཛམ་གླིང་ཧྲིལ་པོས་རང་ཉིད་གཡུག་ཚར་བ་དང་མཚུངས། བདག་གི་བསམ་པར་ཕ་མ་གཉིས་ཁ་འཐོར་བྱས་པས། གཞན་གྱིས་རང་ཉིད་མིག་ནང་དུ་འཇོག་གི་མེད་པའི་ཚོར་སྣང་བྱུང་། ཧ་ཅང་ངོ་གནོངས་པའི་ཚོར་བ་སྐྱེས་འགོ་བརྩམས།

བདག་དམའ་རིམ་གསུམ་པ་འཛུལ་བའི་ལོ་དེར། “སྐད་གཉིས་སློབ་གསོ་”ལག་བསྟར་བྱས།(དུས་སྐབས་དེ་ནས་བཟུང་། ཤིན་ཅང་གིས་གཞི་རྒྱ་ཆེན་པོའི་སྒོ་ནས་སློབ་གྲྭ་ཆུང་འབྲིང་བར་གསུམ་དུ་སྐད་གཉིས་སློབ་གསོ་སྤེལ་འགོ་བརྩམས། གཞི་རྩའི་ཚན་རིག་དང་འདྲེས་པའི་སློབ་ཚན་སྟེ་དཔེར་ན་ཨང་རྩིས་དང་རྫས་འགྱུར། སྐྱེས་དངོས་ལ་སོགས་པ་ནི་རྒྱའི་སྐད་ཡིག་ཡིན་ལ། ཕྱི་རྒྱལ་སྐད་ཡིག་ལས་གཞན་ཆབ་སྲིད་ལ་སོགས་པ་རྒྱ་ཡིག་ཡིན། སློབ་ཚན་གཞན་མི་རིགས་སྐད་ཡིག་དང་ལུས་སྦྱོང་། སྒྱུ་རྩལ་སོགས་མི་རིགས་སྐད་ཡིག་གི་ལམ་ནས་སྦྱོང་དགོས། སློབ་ཆུང་ལོ་རིམ་དང་པོ་ནས་བཟུང་རྒྱ་ཡིག་དང་མི་རིགས་སྐད་ཡིག་གཉིས་འགོ་ཚུགས་ཡོད། བདུན་ཕྲག་གཅིག་ལ་རྒྱ་ཡིག་གི་སློབ་ཐུན་བདུན་དང་མི་རིགས་སྐད་ཡིག་སློབ་ཐུན་ལྔ་ཡོད།རྩོམ་སྒྲིག་པའི་མཆན) ཡུ་གུར་དང་རྒྱའི་སློབ་གྲྭ་མཉམ་འབྲེལ་ཆེན་པོ་བྱས། སྔོན་ཡུ་གུར་སློབ་གྲྭ་ཡིན་པའི་སློབ་གྲོགས་ཚོ་རྒྱ་ཡིག་འཛིན་གྲྭ་དང་མཉམ་བསྲེས་བྱེད་དགོས། ཡུ་གུར་སློབ་གྲོགས་དེ་ཚོ་ཡོངས་གྲགས་ཀྱི་”སྐད་གཉིས་སློབ་གསོ་”ཡི་གྲས་ཆགས་ཚར་བ་རེད།

སྐད་གཉིས་སློབ་གསོ་མཉམ་བསྲེས་བྱས་རྗེས། འཛིན་གྲྭ་སྙོམས་སྒྲིག་བྱ་དགོས། བདག་གི་ཨ་ཕས་ལམ་སང་ཡར་མར་འབྲེལ་བ་བྱས་པ་དང་། ཁོང་གིས་བདག་འཛིན་གྲྭ་རྩེ་མོ་ཞིག་ལ་ཚུད་དུ་བཅུག ཁོང་གི་རེ་བ་ལ་བདག་གིས་འབད་པ་ཆེན་པོས་ངང་མཐོ་སློབ་རྩེ་གྲས་ཤིག་ལ་ཡིག་རྒྱུགས་ཚུད་པའི་རེ་བ་བྱས་འདུག འོན་ཏེ་དེའི་སྐབས་སུ་བདག་གི་ཤེས་ཚད་ཧ་ཅང་ཞན། འཛིན་གྲྭ་རྩེ་མོ་དེ་འགོ་བརྩམས་པ་དང་བདག་གི་རྒྱའི་རིག་གཞུང་ལ་ལྟ་སྟངས་ཀྱང་བྱུང་འགོ་བརྩམས། བདག་གིས་བསམ་པ་ལ་རྒྱུགས་འབྲས་ཀྱི་ཨང་ཀི་ནི་ཡོད་ཚད་ཡིན་པས་དཔེ་ཆ་གླེན་པ་ཞིག་གསོ་སྐྱོང་བྱེད་བཞིན་འདུག་སྙམ་པ་བྱུང་། དེ་དང་མཉམ་དུ་ཡི་གུར་མི་རིགས་ཀྱི་སྤྲོ་སྣང་གི་རིག་གནས་དང་བསྡུར་ན། རྒྱའི་རིག་གནས་`མིའི་བརྩེ་དུང་`ཅུང་ཙམ་འདང་མེད་པ་ཚོར།

ཨང་གིས་ཡོད་ཚད་ཐག་གཅད་པས། འཛིན་ཁང་ནང་དུ་ཡིག་རྒྱུགས་ཨང་གི་མཐོ་དམའ་ལྟར་འདུག་ས་བགོ་དགོས། བདག་ནམ་ཡང་ཆེས་མཐའ་མ་དེར་བསྡད་ཡོད། ཚང་མས་ཡིག་རྒྱུགས་དང་ཡིག་རྒྱུགས་འབྲི་བཞིན་འདུག་ལ། བདག་གི་སློབ་གྲོགས་ཤིག་བཙལ་བ་དང་ཁོ་ལས་བཤུ་འབྲི་བྱས་པ་ཡིན། དམའ་འབྲིང་གི་རྒྱུགས་འབྲས་ཀྱང་སྔར་བཞིན་སྐྱོ་མོད། སྤྱིར་བཏང་གི་སློབ་གྲྭ་ཞིག་ལ་ཚུད་ཐུབ་པ་བྱུང་། ཡིན་ཡང་། བདག་གི་ཨ་ཕ་གང་སར་རྒྱུགས་པས་ས་ཁུལ་གྱི་མཐོ་སློབ་གཙོ་གྲས་ཤིག་ལ་ཚུད། ང་ཚོས་མཐོ་སློབ་ནི་གཙོ་གྲས་ཤིག་ཡིན་པས། ཤིན་ཅང་ཡོངས་སུ་སྐད་གྲགས་ཆེ། ལོ་རེ་ལ་ཀྲུང་གོའི་མིང་གྲགས་ཡོད་པའི་སློབ་ཆེན་ལ་ཚུད་པ་མི་ཉུང་བ་ཡོད།

ང་ཚོའི་ལོ་རིམ་ལ་རྒྱའི་འཛིན་གྲྭ་བཞི་དང་སྐད་གཉིས་འཛིན་གྲྭ་བཞི་ཡོད། ཚོགས་ཁང་རེ་ན་ཕྱེད་ཀ་རེ་བྱས་ནས་བསྡད་ཡོད། སྐད་གཉིས་འཛིན་གྲྭའི་ཕལ་ཆེ་བ་ཡུ་གུར་བའི་སློབ་གྲོགས་ཡིན། བདག་ནི་ཐོག་མར་རྒྱ་ཡིག་གཙང་མའི་ཁོར་ཡུག་ནང་ཡོང་བ་དང་། ཐེངས་དང་པོར་མི་རིགས་སློབ་གྲོགས་མང་པོ་དང་འབྲེལ་བའི་གོ་སྐབས་བྱུང་། དམའ་འབྲིང་གི་སྐབས་སུ། བདག་ལ་ཆེས་བཟང་བའི་སྤུན་གྲོགས་གཉིས་ཡོད་པ་ལས་གཅིག་ནི་ཡུ་གུར་བ་དང་གཞན་དེ་ནི་ཧེ་ཧེ་ཡིན། ཡིན་ཡང་ང་ཚོས་མཉམ་དུ་རྒྱ་སྐད་བཤད་ཀྱིན་ཡོད། མི་རིགས་ཡིག་རྒྱུགས་ཀྱི་སློབ་གྲོགས་ལ་ཤས་ཀྱིས་ཁྱིམ་ན་ཡི་གུར་བའི་སྐད་བཤད་གྱིན་མེད་པས་རང་གི་ཕ་སྐད་ཏོག་ཙམ་ཡང་བཤད་ཤེས་ཀྱི་མེད།

མཐོ་སློབ་ཀྱི་སྐབས་སུ་བདག་གི་གྲོགས་པོ་ཡག་ཤོས་གསུམ་ནི་ཡི་གུར་མི་ཡིན། གཅིག་ནི་ཐ་མར་པེ་ཅིང་མཁའ་ལམ་འགྲུལ་འགྲུད་སློབ་ཆེན་དུ་སློབ་གཉེར་བྱེད་པར་ཕྱིན། ཁོ་རང་ཧ་ཅང་འཁེང་སེམས་སྐྱེས་ས་ཞིག་ཡོད་པ་དེ་ནི། ཆ་རྐྱེན་ཚང་མ་འདྲ་མཚུངས་ངང་ཚང་ཡོད་ཀྱང་། རྒྱ་རིགས་སློབ་ཕྲུག་ཅིག་ཡོད་པའི་གནས་སྟངས་འོག་ཁོ་ལ་སྣང་ཆུང་དང་།མཁའ་ལམ་ཁ་ལོ་ཆེད་ལས་པ་ལ་བདམས་གསེས་བྱས་མེད་པ་དེ་རེད།

མཐོ་རིམ་གཉིས་པའི་སློབ་སྐབས་རེའི་ཟླ་བ་རེར་ཟླ་རྒྱུགས་ཡོད་པ་དང་། གྲུབ་འབྲས་ཡག་ཤོས་དེ་ནི་སྐད་གཉིས་སྡེ་ཁག་གི་ཡུ་གུར་བའི་སློབ་གྲོགས་ཤིག་ཡིན་པ་དང་། ཁོ་ལ་ཨང་གི་༡༠༠ཐོབ་ཡོད་པ་རེད། སྐད་གཉིས་འཛིན་གྲྭ་དེའི་རྫས་འགྱུར་དགེ་རྒན་རྒྱ་མི་ཡིན་ལ། ང་ཚོའི་འཛིན་གྲྭར་འཁྲིད་ཀྱི་ཡོད། ཁོས་འཛིན་གྲྭ་འཁྲིད་པའི་སྐབས་སུ་`མི་རིགས་སློབ་མས་ཀྱང་ཨང་གི་༡༠༠ཐོབ་ན། ཁྱེད་རང་ཚོ་ཅི་ཞིག་བྱུང་བ་ཡིན་ནམ་`ཟེར།

སྐད་ཆ་དེ་བཤད་ཚར་བའི་མཇུག་འབྲས་སུ། བདག་གི་འཁྲིས་སུ་བསྡད་ཡོད་པའི་རྒྱའི་སློབ་གྲོགས་ཚོ་ཧབ་ཆ་རྒྱབ་པ་དང་། ད་དུང་དགོད་བཞིན་དུ་`འོ། ཁྱེད་རང་ཚོས་ཨང་གི་༡༠༠ལེན་ཐུབ་ན། ང་ཚོས་ངེས་བར་དུ་ཤུགས་རྒྱག་དགོས་པ་རེད་`ཟེར། དེའི་སྐབས་སུ་བདག་གི་བསམ་པ་ལ། ཁྱེད་ཚོས་མིའི་བློ་རིག་ལ་མཐོང་ཆུང་བྱེད་ཀྱིན་འདུག་བསམ་སོང་། བདག་གིས་དེའི་སྐབས་སུ་བདག་ལ་རྩེད་མོ་རྩེ་བའི་མི་དེ་ཚོར་ཚིག་རྩུབ་པོ་ཚིག་བཙོག་བཤད་ནས་ཁ་སྐྱེངས་པར་བཟོས་པ་ཡིན། ཡིན་ཡང་། སྤྱིར་ཁོ་ཚོ་འཛིན་གྲྭའི་ནང་གི་བདག་ལ་ལྷག་ཡོད་པའི་གྲོགས་པོ་ཁ་ཤས་ཡིན།

འཛིན་གྲྭ་གྲོལ་མ་ཐག་བདག་དགེ་རྒན་གྱི་ལས་ཁུངས་སུ་རྩོད་པ་བྱེད་དུ་ཕྱིན་པ་ཡིན་ལ། བདག་གིས་”དགེ་རྒན། ཁྱེད་ཀྱིས་ད་སྔ་བཤད་པའི་སྐད་ཆ་དེ་ནི་ངོ་མ་འགན་མེད་པ་ཞིག་རེད། ཁྱེད་ཀྱི་ཤེས་གསལ་ལྟར་ཁྱེད་ཀྱིས་སྐད་ཆ་བཤད་ཚར་རྗེས་སློབ་གྲོགས་ཚོས་ང་ལ་ཧབ་ཆ་ག་འདྲ་ཅིག་རྒྱབ་སོང་། ཧ་ལམ་ང་ཚོ་མི་རིགས་ནི་སྔར་ནས་བླུན་པོ་ཡིན་པ་ལྟ་བུར་ཧབ་ཆ་རྒྱབ་སོང་།” ཟེར་བར། དགེ་རྒན་གྱིས་ལམ་སང་”མེད་མེད། ང་ལ་དེ་འདྲའི་དོན་མེད། ཁྱེད་གོ་ནོར་ཐེབས་པ་རེད”་ཟེར།

རྫས་འགྱུར་དགེ་རྒན་གྱི་འཛིན་གྲྭ་རྗེས་མ་འཁྲིད་པའི་སྐབས་སུ་སློབ་གྲོགས་ཚོ་ལ་གསལ་བཤད་བྱས་པ་ནི། “མི་རིགས་སློབ་མས་རང་གི་མ་སྐད་མ་ཡིན་པའི་སྐད་ཡིག་འཛིན་གྲྭ་ཉན་བཞིན་ཡོད་པ་རེད་མོད། ད་དུང་ནོར་འཁྲུལ་མི་འབྱུང་བ་རེད། བདག་གིས་ཁྱེད་ཚོར་སྐུལ་མ་བྱེད་ཆེད་དུ་ཡིན་པས། བདག་གི་སྐད་ཆར་གོ་ནོར་མ་ཐེབས་རོགས་”ཟེར་བར། དེའི་སྐབས་སུ་བདག་ལ་ཧབ་ཆ་རྒྱབ་པའི་སློབ་གྲོགས་ཚོས་”ཨེ་ཡིན་ནམ། ཡར་འེར་ཁུན། ང་ཚོས་ཁྱེད་ལ་ཀུ་རེ་རྩེས་པ་ཡིན། ཁྱེད་རང་འདི་འདྲའི་ནན་ཏན་ཅན་ཞིག་”ཟེར་སོང་། ད་ལྟ་བསམ་བློ་བཏང་ན། བདག་གིས་འདི་ལ་ཨ་ལན་ཅི་ཞིག་སྤྲད་པ་མི་དྲན་མོད། ཧ་ལམ་དེ་ནས་བཟུང་། བདག་ལ་རང་གི་མི་རིགས་ཀྱི་འདུ་ཤེས་ལ་བདག་པོ་རྒྱག་དགོས་བའི་ཚོར་བ་བྱུང་།

མཐོ་གསུམ་གྱི་སྐབས་སུ། རྒྱ་ཡིག་དགེ་རྒན་ནི་རྒྱ་ཡིན། ཐེངས་གཅིག་ལ་ཁོ་འཛིན་གྲྭར་འོང་ནས་བཤད་པའི་སྐད་ཆ་དེ་བདག་གིས་ནམ་ཡང་བརྗེད་ཐབས་མི་འདུག།ཁོས་བྱིས་པ་ཚོ། བདག་གིས་ཡང་བསྐྱར་ཁྱེད་ཚོའི་རྒྱ་ཡིག་རྒྱུགས་འབྲས་ལས་དབྱིན་ཡིག་གི་རྒྱུགས་འབྲས་མཐོ་བ་མཐོང་བྱུང་། དེ་ནི་ཕལ་ཆེར་ཁྱེད་ཚོའི་འཛིན་གྲྭའི་དགེ་རྒན་ནི་དབྱིན་ཇིའི་དགེ་རྒན་ཡིན་པས་ཡིན་སྲིད། འོན་ཏེ་ངས་ཁྱེད་རང་ཚོ་ལ་སེམས་གཏམ་ཞིག་བཤད་འདོད། མ་འོངས་པར་ཁྱེད་ཚོ་གང་དུ་སོང་ཡང་། གཞན་གྱི་སྐད་ཡིག་དེ་འདྲའི་ཡག་པོ་ཤེས་ཡང་། རང་གི་མ་སྐད་མ་ཤེས་ཚེ་མིས་ཁྱེད་རང་མིག་ནང་དུ་འཇོག་གི་མ་རེད་ཟེར།

སྐད་ཆ་འདིས་བདག་ལ་རྡུང་རྡེག་ཚད་མེད་བྱས། བདག་གིས་རང་གི་མ་སྐད་རྩ་བ་ཉིད་ནས་ཤེས་ཀྱི་མེད། མཐོ་གསུམ་བར་དུ། བདག་གི་ཡུ་གུ་བའི་སྐད་ཉན་ཤེས་པ་ལས། འབྲི་ཀློག་ནི་གཅིག་ཀྱང་མི་ཤེས་པས་ཡིག་རྨོངས་ཤིག་དང་ཁྱད་པར་མེད། དགེ་རྒན་དེས་ཚང་མས་རྒྱ་ཡིག་ལེགས་པར་སློབ་དགོས་པའི་སྐུལ་མ་བྱེད་བཞིན་ཡོད་པ་དང་། ཁོས་འཛིན་གྲྭའི་ནང་ན། ད་དུང་བདག་ལྟ་བུའི་མི་རིགས་སློབ་ཕྲུག་ཅིག་ཡོད་པ་ཚོར་ཀྱི་མི་འདུག ཁོའི་སྐད་ཆ་དེ་ཚོ་ཕྱིས་སུ་བདག་གིས་རང་གི་མ་སྐད་རང་སྐྱོང་བྱེད་པའི་སྐུལ་ཤུགས་ཆེ་ཤོས་ཤིག་ཏུ་ཆགས་སོང་།

བདག་གི་མཐོ་སློབ་འདི་ལྟར་རྫོགས་སོང་། མཐོ་རྒྱུགས་ཀྱི་གྲུབ་འབྲས་ཀྱང་དེ་ཙམ་ཞིག་རེད། ཡིན་ན་ཡང་། བདག་ཀྲུང་གོའི་སློབ་ཆེན་ཞིག་ལ་ཚུད། བདག་ལྷོ་ཕྱོགས་ཀྱི་སློབ་ཆེན་ཞིག་ནས་ངེས་ལེན་བྱས། སློབ་ཆེན་དེས་རྒྱལ་ཡོངས་ཀྱི་ག་ས་གང་ནས་སློབ་མ་བསྡུ་བཞིན་འདུག ཤིན་ཅང་གི་ས་ཁུལ་མང་པོའི་སློབ་མ་ཚོ་ལས་གྲུབ་འབྲས་གཟེངས་ཐོན་མེད་པ་དང་། ཡང་ན་ཁྱིམ་ལ་སྒོར་མོ་ཡོད་མཁན་ཚོས་བྱིས་པ་རྣམས་བདམས་ཏེ་གཏོང་བཞིན་ཡོད་པ་རེད།

མ་ཡིག་གི་དྲ་ཐག https://cn.nytimes.com/china/20140703/cc03mystory/?mcubz=0

མུ་འགོད།

བསྐྱར་བཅོས།: ༢༠༡༧/༠༩/༢༠

Leave a Reply