བོད་ནང་ཡུལ་སྐོར་སྤྲོ་འཆམ་པ་བཀག་སྡོམ་བྱ་རྒྱུ་རེད།

ཕྱི་ཟླ་ ༡༠ པའི་ཚེས་ ༡༨ ནས་ ༢༨ བར་ཕྱིའི་ཡུལ་སྐོར་སྤྲོ་འཆམ་པ་བོད་ནང་འགྲོ་འོང་བྱེད་པར་བཀག་སྡོམས་བྱ་དགོས་པའི་བཀའ་རྒྱ་བསྒྲགས་འདུག

རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་བཅུ་དགུ་པ་བདེ་ལེགས་ངང་འཚོགས་ཐུབ་པའི་ཆེད་དུ། འཆར་ཟླ་ ༡༠ ཚེས་ ༡༨ ནས་ ༢༨ བར་བོད་ཁུལ་དུ་ཕྱིའི་ཡུལ་སྐོར་སྤྲོ་འཆམ་པ་བཀག་སྡོམ་དང་། ཕྱི་ཟླ་ ༡༠ ཚེས་ ༡༧ སྔོན་ལ་རྒྱ་ནག་ནང་ལོགས་ཀྱི་ཡུལ་སྐོར་སྤྲོ་འཆམ་པ་ཚོ་རྒྱ་ནག་ནས་ཕྱིར་འཐོན་དགོས་པའི་བཀའ་རྒྱ་བསྒྲགས་ཡོད་འདུག

ཁ་སང་ཨ་རིའི་ (News18) གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་འདིའི་ཟླ་མགོ་ཙམ་ལ་རྒྱ་ནག་གཞུང་གིས་ཡུལ་སྐོར་སྤྲོ་འཆམ་ཀྱི་ལས་ཁུངས་སོ་སོར་བཀོད་ཁྱབ་བཀྲམ་ཏེ། འཆར་ཟླ་ ༡༠ ཚེས་ ༡༨ ནས་ ༢༨ བར་བོད་ཁུལ་དུ་ཕྱིའི་ཡུལ་སྐོར་སྤྲོ་འཆམ་པ་འགྲོ་འོང་བྱེད་པར་བཀག་སྡོམ་བྱ་དགོས་པ་།  ད་ལྟ་རྒྱ་ནག་ནང་ཡོད་པའི་ཕྱིའི་ཡུལ་སྐོར་སྤྲོ་འཆམ་པ་ཚོ་འཆར་ཟླ་ ༡༠ ཚེས་ ༡༧ སྔོན་ལ་རྒྱ་ནག་དང་ཁ་འབྲལ་དགོས་སྟབས།  ལས་དོན་དེ་ས་ཁུལ་སོ་སོའི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ནས་ལག་བསྟར་དོན་འཁྱོལ་ཡོང་བ་བྱེད་དགོས་སྐོར་དང་།  བྱ་འགུལ་དེའི་དགོས་དམིགས་གཙོ་བོ་ནི། ཟླ་རྗེས་མར་འཚོགས་འཆར་ཡོད་པའི་ཏང་གི་ཚོགས་ཆེན་ཐེངས་ ༡༩ པའི་བདེ་འཇགས་ཆེད་དུ་ཡིན་ལུགས་སོགས་བརྗོད་ཡོད་འདུག

རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༡༩  པ་དེ་ཕྱི་ཟླ་ ༡༠ ཚེས་ ༡༨ ཉིན་པེ་ཅིན་དུ་འཚོགས་འཆར་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་ཐོག དམར་ཤོག་ཚོགས་པའི་གནད་ཡོད་དཔོན་རིགས་ཚོ་འཕོ་འགྱུར་འགྲོ་རྒྱུ་ཡིན་སྟབས། རྒྱལ་ཁབ་ཕྱི་ནང་གི་འབྲེལ་ཡོད་སྲིད་དོན་པ་ཚོས་དོ་སྣང་ཤུགས་ཆེན་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༩/༢༡

Leave a Reply