དགོན་སྡེ་ཁག་གིས་ཐུགས་གཟབ་གནང་རོགས།

འབར་མའི་རཱོ་ཧིན་གྷ་ཡ་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་རྩོད་རྙོག་དང་འབྲེལ་ཏེ། བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱིས་བཙལ་བྱོལ་ནང་གི་བོད་ཀྱི་དགོན་སྡེ་ཁག་ནས་ཐུགས་གཟབ་གནང་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་གནང་འདུག

ཟླ་འདིའི་ཚེས་  ༡༩ ཉིན་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱིས་ཆོས་རིག་ལས་ཁུངས་བརྒྱུད་དེ། འབར་མའི་རཱོ་ཧིན་གྷ་ཡ་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་རྩོད་རྙོག་དོན་རྐྱེན་དང་འབྲེལ་ཏེ། རྒྱ་གར་ནང་རྙོག་དྲ་འབྱུང་སྲིད་པའི་ཉེན་ཁ་སྔོན་འགོག་ཆེད་བཙན་བྱོལ་ནང་ཡོད་པའི་བོད་ཀྱི་དགོན་སྡེ་ཁག་གི་འདུ་ཁང་ཚོགས་ཁང་སོགས་དང་། གྲྭ་བཙུན་རྣམས་ཕྱོགས་ཕེབས་སྐབས་ཐུགས་གཟབ་གནང་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་འདུག

དེ་ཡང་བདེ་སྲུང་ལས་ཁུངས་ཀྱི་གསལ་བསྒྲགས་དེའི་ནང་དུ། ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༧ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༥།༡༥ སྟེང་གནས་ཆེན་རྡོ་རྗེ་གདན་གྱི་མཆོད་རྟེན་གྱི་ཕྱི་ནང་དུ་འབར་རྫས་འགས་ཐོར་གྱི་དོན་རྐྱེན་བྱུང་བ་ལྟར། ད་ཆ་འབར་མའི་ནང་དྲག་པོའི་རྩོད་རྙོག་གི་རྐྱེན་པས་དོན་རྐྱེན་འབྱུང་མི་སྲིད་པའི་ངེས་པ་མེད་སྟབས།  ཆོས་རིགས་ལས་ཁུངས་ཀྱི་ཁྱབ་ཁོངས་དགོན་སྡེ་ཁག་གི་ཕྱག་མཛོད་དང་། ལས་ཀྱི་སྣེ་མོ་བ་རྣམས་ནས་སོ་སོའི་ཁྱབ་ཁོངས་འདུ་ཁང་དང་། གྲྭ་ཚང་། གྲྭ་ཤག  སློབ་ཁང་སོགས་ཀྱི་ཁང་ཁུངས་དང་།  ས་ཁྱོན་ཡོངས་ནང་རྣམ་ཀུན་འབྲེལ་མེད་རྒྱུས་མེད་ཀྱི་མི་སྣའི་རིགས་དང་།  ལྷག་པར་དུ་དོགས་ཡོད་ཅན་རིགས་ནང་འཛུལ་མི་འབྱུང་བའི་དོ་ནན་གཟིགས་ཞིབ་ངེས་གནང་དང་། དེ་བཞིན་དགེ་འདུན་པ་རྣམས་ཕྱོགས་ཕེབས་སྐབས་ངེས་པར་དུ་སྤྱང་གྲུང་གནང་དགོས་པ་འདུག་ན་དེ་ལུགས་དགོངས་འཇགས་ཞུ། ཞེས་བཀོད་འདུག

ད་ལྟ་འབར་མའི་ནང་གི་རཱོ་ཧིན་གྷ་ཡ་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་དཀའ་རྙོག་དེ་ཤུགས་ཆེ་རུ་ཕྱིན་ཏེ་རྒྱལ་སྤྱི་རང་བཞིན་ཅན་གྱི་དཀའ་ངལ་ཞིག་ཆགས་ཡོད་པ་དང་།  འབར་མ་རྒྱལ་ཁབ་ཀྱི་སློབ་སྟོན་པ་ལྕམ་ཨང་སེན་སུའུ་སྐྱིད་ལ་ཁ་ཆེ་དང་ཡེ་ཤེ་ཆོས་ལུགས་མང་སའི་ནུབ་ཕྱོགས་རྒྱལ་ཁབ་མང་པོས་སྐྱོན་བརྗོད་བྱེད་ཀྱིན་ཡོད་པ་མ་ཟད།  རྒྱལ་སྤྱིའི་སྒང་མིང་གྲགས་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་དང་གཙུག་ལག་སློབ་གཉེར་ཁང་སོགས་མང་པོ་ནས་དེ་སྔོན་ལྕམ་ཨང་སན་སུའུ་སྐྱིད་ལ་ཕུལ་བའི་གཟེངས་རྟགས་མང་པོ་ཞིག་ཕྱིར་འཐེན་བྱ་དང་བྱེད་མུས་རེད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༧/༠༩/༢༡

Leave a Reply

3 thoughts on “དགོན་སྡེ་ཁག་གིས་ཐུགས་གཟབ་གནང་རོགས།

  1. གཞུང་པ་ཚེ་དབང་བསོད་ནམས་ཡ

    འབར་མའི་དོན་རྐྱེན་དེའི་རང་རེའི་ཆོས་སྒར་དང་དགེ་འདུན་ཙམ་མ་ཟད་བོད་མི་མང་ཚོགས་ལའང་ཞོར་དུ་དཀའ་ངལ་མི་འཕྲད་པའི་ངེས་པ་མེད་ན་བོད་མིའི་གཞིས་སྒར་ཁག་དང་སློབ་གྲ་ལྷག་པར་དུ་དེང་སྐབས་དགུན་དུས་བལ་ཚོང་འགོ་འཛུགས་ལ་སོང་གནས་ཡུལ་ལུང་པའི་གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་དང་ས་ཁུག་ལུང་ཁུག་ཚང་མའི་ནང་བོད་མི་མ་སླེབས་པ་མེད་ན་རང་མགོན་རང་གི་བྱས་ནས་དོགས་ཟོན་གནང་དགོས་པའི་བརྡ་ཁྱབ་གནང་རྒྱུ་དེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཐུགས་འགན་ཡིན་པ་མ་ཟད་འབར་མའི་གྲངས་ཉུང་མི་རིགས་རོང་གྷ་མི་རིགས་ལ་འཕྲད་པའི་དཀའ་ངལ་ལ་གདུང་སེམས་མཉམ་སྐྱེད་ཀྱི་སེམས་གསོའི་གྲོས་ཆོད་བཞག་དགོས་པ་དེ་སྤྱི་འཐུས་གྲོས་ཚོགས་ཀྱི་ཐུགས་འགན་ཞིག་ཡིན་པ་ནང་པ་སངས་རྒྱས་པའི་ཆོས་ཀྱི་སྙིང་པོ་གཞན་ཕན་བྱང་ཆུབ་སེམས་མཆོག་རིན་པོ་ཆེ་ཟེར་བ་དེ་མ་ཡིན་པ་ཡིན་ནམ་?

  2. བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱི་འགོ་ལས་ཡོངས་ནས་ཐུགས་འཁུར་ཆེ་བཞེས་ཀྱིས་ཆོས་རིག་ལས་ཁུངས་སུ་དྲན་བསྐུལ་སྔོན་བརྡ་གནང་བར་རྗེས་སུ་ཡི་རང་དང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྔོན་འགོག་ནི་ཧ་ཅང་གལ་ཆེན་ཆགས་ཡོད། གོང་གསལ་བཀོད་ཁྱབ་དེ་དང་འབྲེལ་ནས་བསམ་ཚུལ་ཞིག་འབྲི་འདོད་བྱུང་། འབར་མའི་ནང་ཁ་ཆེ་དང་ནང་པའི་རྩོད་རྙོག་དེ་བྱུང་ནས་ཡུན་རིང་སོང་པ་མ་ཟད་དེང་སྐབས་རྒྱལ་སྤྱིའི་གནས་ཚུལ་ལ་གྱུར་ཡོད་ཀྱང་། ད་བར་ཆོས་རིག་ལས་ཁུངས་ནས་ཁྱབ་ཁོངས་ལས་ཁུངས་ཁག་ལ་སྔོན་འགོག་བརྡ་ཐོ་ཞིག་ཅིའི་ཕྱིར་མ་བཏང་པ་ཡིན་ནམ། ཆོས་རིག་ལས་ཁུངས་སུ་ཁྱབ་ཁོངས་དགོན་སྡེ་ཚང་མའི་ཁ་བྱང་དང་། འབྲེལ་གཏུགས་བྱ་ས་ཡོད་ནའང་། ད་བར་བདེ་སྲུང་ལས་ཁུངས་ནས་དྲན་བསྐུལ་མ་བཏང་པར་བཞག་པ་དེ་ནི་དྲི་བ་ཆེན་པོ་རེད། ངས་ཆོས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་འགོ་ལས་ཡོངས་ལ་སྐྱོན་བརྗོད་པ་བྱས་པ་མིན་ཀྱང་སླད་ཕྱིན་ཐུགས་འཁུར་ཆེ་བཞེས་གནང་རོགས་ཞུ་རྒྱུ་ཡིན། དཔལ་ལྡན་བདེ་སྲུང་ལས་ཁུངས་སུ་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

  3. རྒྱུད་གྲྭ་བློ་བཟང་དབང་འདུས།

    ལྕམ་ཨང་སན་ སཱུ་ཅི་ལ ཕུལ་བའི་གཟེངས་རྟགས་དེ་ཕྱིར་བསྡུད་བྱ་དགོས་ན་ སྔོན་ལ་ རོང་གི་ཡའི་ཁྲིམ་མེད་ལུངས་མེད་ཚོ་ལ་རྒྱབ་སྐྱོར་བྱེད་མཁན་ཚོའི་ རྐུབ་སྟེགས་ཕྱིར་བསྡུད་བྱ་དགོས། ཁ་སང་རང་རྒྱ་གར་གྱི་ནང་སྲིད་བློན་ཆེན་ Rajnath Singh ནས་ རོང་གི་ཡ་ཚོ་ Refugee མ་རེད། Asylum མ་རེད། illegal རེད་གསུངས་པ་རེད། ཡིན་ནས་ཟབ་ཟབ་བྱ་དགོས། དངུལ་ཤུག་རྒྱ་གསུམ་གྱིས་བདེན་པ་བརྩི་མེད་རེད། འཛམ་གླིང་འདིའི་ནང་ཀླ་ཀློའི་རྒྱལ་ཁབ་འགའ་ཤས་ཞིག་གིས་ དམག་ཁྲུག་ལ་འཚོ་ཐབས་བྱེད་ཀྱི་ཡོད་ངེས་ཡིན།