ས་མཚམས་རྩོད་རྙོག་གིས་ཕྱོགས་གཉིས་ལ་གྱོང་རག་པ་ལས་གཞན་གང་ཡང་མེད།

བོད་དང་རྒྱ་དཀར་ནག་སྐོར་གྱི་ཚོགས་འདུའི་ཐོག་རྒྱ་ནག་གཞུང་གིས་ལུང་པ་མང་པོ་ཧམ་བཟུང་བྱས་ཏེ་ས་མཚམས་ཁག་ལ་རྩོད་རྙོག་སློང་བཞིན་ཡོད་པ་དེར་མཐའ་མཇུག་ཁེ་ཕན་ཅི་ཡང་མེད་པ་གསལ་བོ་ཡིན་སྐོར་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་གྱི་ཆུ་ཚོད་ ༣ དང་ཕྱེད་ཀའི་སྟེང་དྷ་ས་མེག་གྷན་ཡོངས་གླིང་སློབ་གྲྭའི་ཚོགས་ཁང་དུ། ཧི་མ་ལ་ཡའི་ཁྱིམ་ཚང་ཚོགས་པ་ཞེས་པའི་བོད་དང་རྒྱ་དཀར་ནག་གཉིས་ཀྱི་བརྗོད་གཞིའི་ཐོག་གཏམ་བཤད་བགྲོ་གླེང་ཞིག་གནང་སོང་བ་དང་། ཚོགས་འདུའི་སྐུ་མགྲོན་གཙོ་བོར་རྒྱ་གར་(RSS)ཚོགས་པའི་སློབ་སྟོན་པ་ཨིན་ཌིར་ཞི་ཀུ་མར་(Indresh Kumar)ལགས་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཅྱར་ཡེ་ཤེས་ཕུན་ཚོགས་ལགས། ཧི་མ་ཅལ་མངའ་སྡེའི་བློན་ཆེན་ཟུར་པ་སྐུ་ཞབས་དྷོ་མཱལ་(Dhumal)ལགས་བཅས་ཀྱི་གཙོའི་དྷ་ས་གཡས་གཡོན་གྱི་བོད་མི་དང་རྒྱ་གར་བ་བཅས་ཁྱོན་མི་གྲངས་ ༣༠༠ ལྷག་ཅིག་འཛོམས་འདུག ཚོགས་འདུའི་ཐོག་མར་ཡོངས་གླིང་སློབ་གྲྭའི་སློབ་ཕྲུག་ཁག་ཅིག་དང་རྒྱ་གར་གྱི་སློབ་ཕྲུག་ཁག་ཅིག་ནས་བོད་དང་རྒྱ་གར་གྱི་གཞས་སྣ་འཁྲབ་སྟོན་དང་། ཧི་མ་ལ་ཡའི་ཁྱིམ་ཚང་ཚོགས་པའི་ངོས་ནས་བོད་པ་དང་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་ཅིག་ལ་ཆེ་བསྟོད་གཟེངས་རྟགས་གནང་སོང་།

དེའི་རྗེས་དམིགས་བསལ་སྐུ་མགྲོན་ཨཅྱར་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་བོད་དང་རྒྱ་དཀར་ནག་གཉིས་ཀྱི་སྐོར་ལ་གཏམ་བཤད་གནང་དོན། ཕྱི་ལོ་ ༡༩༥༩ ནས་བོད་པ་ཚོ་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་དགོས་འཁེལ་ཡོད་ན་ཡང་། རྒྱ་གར་གྱི་མགོ་འཁྲིད་དང་མི་མང་ནས་བོད་མི་ཚོར་གནས་ཚང་གཡར་སྟབས། བོད་པ་ཚོས་རང་གི་རིག་གཞུང་དང་མི་རིགས་ཀྱི་ངོ་བོ་མ་བརླགས་པར་མུ་མཐུད་ཉར་ཐུབ་ཡོད་པ་རེད། ཅེས་གསུངས་སོང་།

ཡང་ཁོང་གིས་རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་མ་ཟད། མུ་མཐུད་བོད་ནང་གི་བོད་མི་ཚོར་གདུག་རྩུབ་མནར་གཅོད་དང་རྒྱ་གར་གྱི་ས་མཚམས་ལ་ཡང་རྩོད་རྙོག་སློང་བཞིན་ཡོད་པ་རེད། ཉེ་སྔོན་བཙོན་གྲོལ་ཐོབ་མ་ཐག་སྐུ་འདས་གྲོངས་སུ་སོང་བའི་རྒྱ་ནག་གི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་སྐུ་ཞབས་ལུའོ་ཞོ་པོ་ཁོ་རང་རྒྱ་མི་རིགས་ཡིན་ན་ཡང་། རྒྱ་ནག་གིས་ཁོང་བཙོན་ཁང་ནས་སྐུ་གྲོངས་སྐབས་མ་གཏོགས་གློད་གྲོལ་མ་བཏང་བར་གདུག་རྩུབ་དང་མནར་གཅོད་བཏང་བར་བལྟས་ན། བོད་པ་ཚོ་ལ་སྤེལ་བཞིན་པའི་གདུག་རྩུབ་མནར་གཅོད་དེ་གསལ་བོ་ཤེས་ཡོང་བ་ཞིག་ཡིན་སྐོར་གསུངས་སོང་།

དེའི་རྗེས་དམིགས་བསལ་སྐུ་མགྲོན་དྷོ་མཱལ་ལགས་ཀྱིས་རྒྱ་ནག་དང་རྒྱ་གར་བར་ལ་འབྲོག་ལམ་ནས་རྩོད་རྙོག་བྱུང་ན་ཡང་། མཐའ་མར་ཕྱིར་འཐེན་བྱ་དགོས་བྱུང་གི་ཡོད་པ་རེད། རྒྱ་ནག་གིས་སྔོན་ཆད་ནས་ས་མཚམས་ཁག་ལ་ལྕགས་ལམ་འཐེན་ཚར་བ་རེད། རྒྱ་གར་ལ་མཚོན་ན་སྔོན་ཆད་ས་མཚམས་ཁག་ལ་མེ་འཁོར་ལྕགས་ལམ་སོགས་མེད་ན་ཡང་། དེང་སང་རྒྱ་ནག་དང་དམག་འཁྲུག་བྱུང་བ་ཡིན་ན་མཚོན་ཆ་དབོར་འདྲེན་བྱེད་སའི་ལམ་དང་མཐུན་རྐྱེན་ཚང་མ་ཡོད་པས་སྔོན་ཆད་ལྟར་མ་རེད། ཅེས་གསུངས་སོང་།

མཇུག་ཏུ་སྐུ་མགྲོན་གཙོ་བོ་ལགས་ཀྱིས་རྒྱ་གར་དང་པ་ཀི་སི་ཐན་གཉིས་ལ་མཚོན་ན། ལོ་ངོ་བདུན་བཅུ་ལྷག་ལ་ས་མཚམས་རྩོད་རྙོག་བསླངས་པ་རེད། ཡིན་ན་ཡང་། ཕྱོགས་གཉིས་ལ་གྱོང་རག་པ་ལས་གཞན་གང་ཡང་མེད་པ་རེད། དེ་བཞིན་རྒྱ་ནག་ལ་མཚོན་ན་ལུང་པ་མང་པོ་ཞིག་མངའ་འོག་ལ་བཅུག་ནས་ཡོད་པ་དང་། ས་མཚམས་ཁག་ལ་རྩོད་རྙོག་སློང་བཞིན་ཡོད་ན་ཡང་མཐའ་མ་ཁེ་ཕན་ཅི་ཡང་མེད་པ་གསལ་བོ་རེད་ཅེས་གསུངས་སོང་།

ཡང་ཁོང་གིས། རྒྱ་ནག་དམར་ཤོག་གཞུང་ཡིན་ན་ཡང་མི་མང་གི་མངོན་འདོད་དེ་དམངས་གཙོ་ཡིན་པ་དང་། དྲུག་བཞིའི་དོན་རྐྱེན་སྐབས་སློབ་ཕྲུག་སྟོང་ཕྲག་མང་པོས་དམངས་གཙོའི་ཆེད་དུ་ཡར་ལངས་བྱས་ཡོད་ཀྱང་། རྒྱ་ནག་དམར་ཤོག་གཞུང་གིས་སློབ་ཕྲུག་དེ་དག་དམར་གསོད་བཏང་ཡོད་སྟབས། དེ་དག་ནི་གཏན་ནས་བརྗེད་ཐབས་མེད་སྐོར་སོགས་གསུངས་སོང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༩/༢༢

Leave a Reply