རྒྱ་གར་ནང་གི་རཱོ་ཧིན་གྷ་ཡ་ཁ་ཆེ་བ་ཁྲི་བཞི་ཙམ་ཕྱིར་འཕུད་གཏོང་རྒྱུ་རེད།

རྒྱ་གར་གཞུང་གིས་རཱོ་ཧིན་གྷ་ཡ་ཁ་ཆེ་བ་ཞིག་གིས་རྒྱ་གར་ནང་ཟིང་འཁྲུག་ཚོགས་པ་རྩ་འཛུགས་བྱས་ཏེ་དྲག་སྤྱོད་སྤེལ་བཞིན་ཡོད་པ་ཤེས་རྟོགས་བྱུང་ཡོད་སྐོར་བརྗོད་འདུག

དེ་རིང་རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོས་རྒྱལ་སྤྱིའི་སྲིད་གཞུང་དང་ཚོགས་སྡེ་ཁག་མང་པོས། འབར་མ་གཞུང་དང་ལྕམ་ཨང་སན་སུའུ་སྐྱིད་ཀྱིས་རཱོ་ཧིན་གྷ་ཡ་ཁ་ཆེ་བའི་དཀའ་ངལ་སེལ་ཐབས་དགོས་པའི་འབོད་སྐུལ་བྱེད་བཞིན་ཡོད་ཀྱང་། ཁ་སང་རྒྱ་གར་ནང་སྲིད་བློན་ཆེན་རཱ་ཇི་ནཱ་ཐི་སིན་(Rajnath Singh)ལགས་ཀྱིས། རཱོ་ཧིན་གྷ་ཡ་ཁ་ཆེ་གྲངས་ཉུང་མི་རིགས་ནི་ཁྲིམས་འགལ་གྱི་ཕྱི་མི་གནས་སྤོར་བ་ཞིག་ཡིན་པ་ལས་སྐྱབས་བཅོལ་བ་མིན་སྟབས། རྒྱ་གར་ནང་ཁྲིམས་མེད་ལུགས་མེད་ཐོག་འབྱོར་ཡོད་པའི་རཱོ་ཧིན་གྷ་ཡ་ཁ་ཆེ་གྲངས་ཉུང་མི་རིགས་ ༤༠༠༠༠ ཙམ་ཡོད་པ་དང་། དེ་ནི་རྒྱ་གར་གྱི་བདེ་འཇགས་ལ་ཉེན་ཁ་ཡོད་པ་ཞིག་ཆགས་ཡོད་པས་ཚང་མ་ཕྱིར་འཕུད་གཏོང་རྒྱུ་ཡིན། ཞེས་བསྒྲགས་ཡོད་པ་རེད།

རྒྱ་གར་དུས་བབ་ཀྱི་གནས་ཚུལ་ནང་། ཟླ་འདིའི་ཕྱི་ཆེས་ ༡༩ ཉིན་རྒྱ་གར་ཉེན་རྟོག་པས་རྒྱལ་ས་ལྡི་ལིར་མིང་ལ་སཱ་མཱིན་རཱ་མན་(Samiun Rahman)ཟེར་བའི་མི་ཞིག་འཛིན་བཟུང་བྱས་ཏེ།  མི་དེས་རྒྱ་གར་གྱི་ས་གནས་ཁག་མང་པོའི་ནང་གསང་བའི་རྩ་འཛུགས་བཙུགས་ཏེ། རྒྱ་གར་ནང་རཱོ་ཧིན་གྷ་ཡ་ཁ་ཆེ་གྲངས་ཉུང་མི་རིགས་དང་འབྲེལ་ཏེ་ཟིང་འཁྲུག་སློང་བའི་ལས་གཞི་སྤེལ་བཞིན་ཡོད་པ་མ་ཟད།  ཁོ་ནི་དབྱིན་ཇིའི་ལག་ཁྱེར་ཡོད་པའི་བྷང་ལཱ་ཌི་ཤིའི་ཁ་ཆེ་མི་སེར་ཞིག་ཡིན་པ་དང་། ཐཱ་ལི་བྷན་འཇིགས་སྐུལ་ཚོགས་པས་མི་དེ་རྒྱ་གར་ནང་ཆེད་མངགས་ཀྱིས་རྒྱ་གར་དང་། འབར་མའི་སྲིད་གཞུང་ལ་ཁ་གཏད་གཅོག་པའི་གསང་མྱུལ་བ་ཞིག་ཡིན་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་སྐོར་བརྗོད་འདུག

རྒྱ་གར་ནང་མི་ཁག་ཅིག་གིས་རཱོ་ཧིན་གྷ་ཡ་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་སྲུང་དགོས་སྐོར་བརྗོད་ཀྱི་ཡོད་པའི་ཐད་ལ་སྐུ་ཞབས་རཱ་ཇི་ནཱ་ཐི་སིན་ལགས་ཀྱིས། རྒྱ་གར་ནང་འགྲོ་བ་མིའི་ཐོབ་ཐང་ཁ་ལ་ཁྱེར་ཏེ་རཱོ་ཧིན་གྷ་ཡའི་ཐོབ་ཐང་སྲུང་དགོས་སྐོར་བརྗོད་མཁན་དེ་ཚོས་ཐོག་མར་རྒྱ་གར་མི་མང་རང་གི་ཐོབ་ཐང་ལ་བསམ་གཞིགས་གཏོང་དགོས་ཡོད། རྒྱ་གར་གྱི་ཆབ་དཔལ་རིག་གསུམ་གང་གི་ཐོག་ཐོབ་ཐང་རག་དགོས་མཁན་དང་པོ་དེ་རྒྱ་གར་མི་མང་རང་ཆགས་ཡོད་པ་ལས་ཁྲིམས་འགལ་གྱི་ཕྱི་མི་གནས་སྤོར་བ་ཚོ་ཆགས་མེད།  ཅེས་བརྗོད་ཡོད་པ་རེད།

ཡང་རྒྱ་གར་གྱི་སྐྱབས་བཅོལ་བའི་སྲིད་ཇུས་ལ་འགྱུར་བ་མེད་སྐོར་ཁོང་གིས།  རྒྱ་གར་ནི་རྩ་ཁྲིམས་ལྡན་པའི་སྲིད་གཞུང་ཞིག་ཡིན་སྟབས། ང་ཚོས་བཅའ་ཁྲིམས་ཀྱི་རྩ་དོན་གཞིར་བཞག་ཐོག རཱོ་ཧིན་གྷ་ཡ་གྲངས་ཉུང་མི་རིགས་ཚོ་ཕྱིར་ལོག་གཏོང་རྒྱུ་ཡིན་པ་ལས་རྒྱ་གར་གྱིས་ཁེངས་དྲགས་འཁྱེར་ཏེ་ཁོང་ཚོ་ལ་དཀའ་ལས་བཟོ་འདོད་མེད།  དེ་ཡང་ཕྱི་ལོ་ ༡༩༥༡ ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བའི་གྲོས་ཆོད་དང་རྒྱལ་སྤྱིའི་སྲིད་གཞུང་ཁག་གི་སྐྱབས་བཅོལ་བའི་སྲིད་ཇུས་གང་ལའང་ང་ཚོས་རྡོག་རོལ་བཏང་མེད།  ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱིས་འབར་མའི་ནང་གི་སྐྱབས་བཅོལ་བའི་དཀའ་རྙོག་དེ་ཞི་འཇགས་གཏོང་རྒྱུ་ཡིན་སྐོར་བརྗོད་པ་ལྟར། ངས་ཀྱང་འབར་མ་སྲིད་གཞུང་གིས་རཱོ་ཧིན་གྷ་ཡ་གྲངས་ཉུང་མི་རིགས་ལ་བཟང་ཕྱོགས་ཀྱི་ལམ་ཁ་སྟོན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ཅེས་བརྗོད་འདུག

རཱོ་ཧིན་གྷ་ཡ་ཁ་ཆེ་གྲངས་ཉུང་མི་རིགས་ནི་ཕྱི་མི་གནས་སྤོར་བ་ཡིན་པ་དོན་དངོས་ཙམ་མ་ཟད། ཁོ་ཚོར་ས་གནས་གང་དུ་གནས་སྤོར་བྱས་ཀྱང་། རྒྱལ་སྤྱིའི་འགྲོ་ལུགས་ལྟར་སྐྱབས་བཅོལ་ཐོ་འགོད་དང་། གཞུང་གང་དེའི་སྒྲིག་ཁྲིམས་བརྩི་སྲུང་མེད་པར་རང་དགར་ཐོག་ཧམ་འཛུལ་བྱེད་ཀྱིན་ཡོད་པ་རེད་འདུག

གསར་འགོད་པ།  སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༧/༠༩/༢༢

Leave a Reply