བོད་མི་ཞིག་ཨ་རིའི་རྩེད་འགྲན་པའི་ནང་བདམས།

བོད་རིགས་ན་གཞོན་དབྱུག་རིལ་རྩེད་འགྲན་པ་བྱམས་པ་རིག་འཛིན་ལགས་ཨ་རིའི་རེ་ཌི་སོ་ཁི་སི་རྟགས་ཅན་གྱི་དབྱུག་རིལ་རྩེད་འགྲན་རུ་ཁག་ནང་བདམས་ཏེ་ཨ་སྒོར་ཆིག་ཁྲིའི་གན་རྒྱར་མིང་རྟགས་བཀོད་ཡོད་འདུག

ཁ་སང་ཨ་རིའི་དབྱུག་རིལ་སྤོ་ལོ་རྩེད་འགྲན་མཐུན་ཚོགས་ཀྱི་དྲ་ཚིགས་ (mlb.com) སྟེང་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་དབྱུག་རིལ་སྤོ་ལོ་རྩེད་འགྲན་མཐུན་ཚོགས་ (MLB) ཀྱིས། བོད་རིགས་ན་གཞོན་དབྱུག་རིལ་སྤོ་ལོ་རྩེད་འགྲན་པ་བྱམས་པ་རིག་འཛིན་ལགས་མཐུན་ཚོགས་དེའི་རེ་ཌི་སོ་ཁི་སི་ (Red Sox) རྟགས་ཅན་གྱི་དབྱུག་རིལ་རྩེད་འགྲན་རུ་ཁག་ནང་བདམས་ཏེ་ཨ་སྒོར་ ༡༠,༠༠༠ གན་རྒྱར་མིང་རྟགས་བཀོད་ཡོད་པ་དང་། དེ་ནི་ཨ་རིའི་དབྱུག་རིལ་རྩེད་འགྲན་གྱི་ལོ་རྒྱུས་ནང་བོད་རིགས་རྩེད་འགྲན་པ་ཞིག་བདམས་པ་ཐོག་མ་དེ་ཆགས་ཡོད་འདུག

ཨ་རིའི་རེ་ཌི་སོ་ཁི་སི་རྟགས་ཅན་གྱི་དབྱུག་རིལ་རྩེད་འགྲན་རུ་ཁག་གི་སྤྱི་ཁྱབ་འགན་འཛིན་རཱོ་མཱི་རཱོ་ (Romero) ཡིས་བརྗོད་དོན། བྱམས་པ་རིག་འཛིན་ལགས་ནི་དབྱུག་རིལ་རྩེད་འགྲན་པ་ཆུང་ཆུང་ཞིག་ཡིན་པ་མ་ཟད། ཁོ་རང་མི་རིག་རྒོད་ཅིག་ཡིན་པ་དང་། ང་ཚོའི་བར་མཛའ་བརྩེ་ཟབ་མོ་ཡོད། ཅེས་ཟེར།

གནས་ཚུལ་ལྟར་ན། བོད་རིགས་ན་གཞོན་དབྱུག་རིལ་རྩེད་འགྲན་པ་བྱམས་པ་རིག་འཛིན་ལགས་ད་ལྟ་རང་ལོ་ ༡༦ ཡིན་ཞིང་ཕ་ཡུལ་ལྷ་ས་ནས་ཡིན་པ་དང་། དབྱིན་སྐད་ནང་ཁོའི་མིང་ལ་རྗུ་སི་ཊེན་ (Justin) ཞེས་འབོད་ཀྱི་ཡོད་འདུག རང་ལོ་ ༦ ཙམ་ནས་ཁོས་དབྱུག་རིལ་རྩེད་མོར་སྦྱོང་བརྡར་བྱས་ཡོད་པ་དང་། ༢༠༡༡ ལོར་རྒྱ་ནག་རྒྱལ་ཡོངས་ན་ཆུང་དབྱུག་རིལ་རྩེད་འགྲན་རུ་ཁག་ནང་ཞུགས་ཏེ། ཁོའི་རུ་ཁག་ལ་རྒྱལ་ཁ་ཐོབ་པ་མ་ཟད། ཁོང་ལ་དབྱུག་རིལ་སྤོ་ལོ་གཡུག་མཁན་རྩེ་ཕུལ་གྱི་བྱ་དགའ་ཡང་ཐོབ་ཡོད་འདུག ཕྱི་ལོ་ ༢༠༡༥ ལོར་བྱམས་པ་རིག་འཛིན་ལགས་ཨ་རིའི་དབྱུག་རིལ་རྩེད་འགྲན་མཐུན་ཚོགས་ཀྱིས་རྒྱ་ནག་ནན་ཅིན་ (Nanjing) གྲོང་ཁྱེར་དུ་བཙུགས་པའི་དབྱུག་རིལ་རྩེད་འགྲན་སྦྱོང་བརྡར་སློབ་གྲྭའི་ནང་བདམས་ཡོད་པ་དང་། ད་ལོའི་ཕྱི་ཟླ་ ༧ ནང་ཁོང་ཨ་རིའི་བྷོ་སི་ཊོན་ (Boston) གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་སྙན་གྲགས་ཅན་གྱི་རེ་ཌི་སོ་ཁི་སི་རྟགས་ཅན་གྱི་དབྱུག་རིལ་རྩེད་འགྲན་རུ་ཁག་ནང་བདམས་ཏེ་ཨ་སྒོར་ཆིག་ཁྲིའི་གན་རྒྱར་མིང་རྟགས་བཀོད་ཡོད་འདུག

གསར་འགོད་པ། པདྨ་རྒྱལ་གྱིས་སྒྱུར་སྒྲིག་བྱས།

བསྐྱར་བཅོས།: ༢༠༡༧/༠༩/༢༢

Leave a Reply

3 thoughts on “བོད་མི་ཞིག་ཨ་རིའི་རྩེད་འགྲན་པའི་ནང་བདམས།

 1. གཞུང་པ་ཚེ་དབང་བསོད་ནམས་ཡ

  བོད་མི་རིགས་ཀྱི་རིག་གཞུང་དང་འབྲེལ་བ་མེད་པའི་ཕྱི་མིའི་རྩེད་རིགས་ལ་དབྱུག་རིལ་ཟེར་ན་ཡང་འདྲ་རྒྱུགས་རྩེད་ཟེར་ན་ཡང་འདྲ་གང་ལྟར་མིང་ག་འདྲ་རྟགས་ཀྱང་ཁྱད་པར་ཨ་ཡོད་།

  1. གཞུང་བ་ཚེ་དབང་བསོད་ནམས་ལགས།

   དངོས་པོ་གཅིག་ལ་མིང་མི་འདྲ་བ་ལོས་ཡོད་ཆོག འོན་ཀྱང་ཕྱིའི་སྐད་ཡིག་གམ་རིག་གནས་ནང་དུ་ལེན་དགོས་ན་མིང་ནས་ཚིག་དང་། ཚིག་ནས་དོན་གྲུབ་པ་ལས་སྐར་ཆ་གཅིག་གི་ནང་དུ་ལེན་ཐུབ་པའི་རིག་གནས་ཤིག་ཡོད་མི་སྲིད། བོད་རང་ཉིད་ཀྱི་ལོ་ངོ་སྟོང་གི་སྐད་དང་ཡི་གེ་ཡིན་ནའང་ཆོལ་ཁ་དང་ཡང་ན་ལུང་ཚན་ཕྱེ་ཕྲག་པའི་བར་ལ་དེང་དུས་ད་དུང་སྐད་བརྡ་མི་འཕྲོད་པའི་དེས་མིང་དང་ཚིག་གཅིག་གྱུར་ཞིག་མེད་པ་མཚོན་གྱིན་ཡོད་པ་མ་ཡིན་ནམ། དེ་བས་ན་ཁང་བ་ཞིག་ཡིན་ན་རྨང་གཞི་གཙོ་བོ་ཡིན་པས། བོད་སྐད་ཡིག་གོང་འཕེལ་གཏོང་འདོད་ཡོད་ན་བོད་ཀྱི་མཁས་དབང་རྣམས་ཀྱིས་བརྩམས་པའི་ཐ་སྙད་གསར་བ་ཡོད་བཞིན་དུ་ཅི་ཕྱིར་བེད་སྤྱོད་མི་གཏོང་བ་ཡིན་ནམ། མིང་ལ་ཁྱད་པར་ལས་ཡོད། མིང་ཚིག་བརྗོད་པ་ཀུན་གྱི་གཞི་ཟེར་བ་མ་ཡིན་ནམ། དཔེར་ན། ངས་ཁྱེད་ལ་རྒྱུགས་རྩེད( ཁྱེད་ཀྱི་མིང་ཚིག་གཡེར་བ་ཡིན)་གཅིག་ཉོས་ནས་ཤོག་ཟེར་ན་ཁྱེད་ཀྱིས་དེ་གང་ཡིན་པ་གོ་ཐུབ་བམ། འཛམ་གླིང་གི་རྩེད་མོ་(་དབྱུག་གྲུག དྲ་གྲུག ལག་གྲུག་གམ་ལག་རྩེད་སྤོ་ལོ། འཇོང་གྲུག་གམ་རྐང་གྲུག )་མང་ཤོས་རྒྱུག་པའི་རྩེད་མོ་རེད།

 2. གསར་འགོད་པ་ལགས།

  དབྱུག་རིལ་ཟེར་ན་དབྱུག་པ་རིལ་རིལ་གཅིག་བུ་ཡི་དོན་ཡིན་པས། ལྒང་ལིའམ། སྤོ་ལོ། གྲུ་གུ་ལ་མི་གོ་བའི་རྒྱུན་ཚན་གྱིས། མདོ་དབུས་ཁམས་གསུམ་ཀྱི་མཁས་དབང་ལྔ་བཅུ་ལྟག་གིས་བཟོས་པའི་( རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱན་བཀོལ་རིས་འགྲེལ་མིང་མཛོད་། ཡོངས་གྲགས་ལ་མཁན་ཆེན་ཚིག་མཛོད། )་ལས་དེ་ལ་དབྱུག་གྲུག་ཟེར། བོད་སྐད་ཡིག་ལ་འབྲེལ་བ་ཡོད་པ་ཚང་མས་དབྱུག་གྲུག་ཟེར་བས་དེ་ལྟར་བྲིས་ན་བོད་ཕྱི་ནང་གཉིས་ཆར་བོད་སྐད་ཡིག་ཅིག་གྱུར་ཡོང་བའི་ཕན་པ་ཆེ་བར་བསམ།