ཨོ་གླིང་གི་རྒྱང་སྒྲོག་བརྙན་འཕྲིན་ཁང་ཆེན་པོ་ཞིག་གིས་བོད་སྐད་ལེ་ཚན་རྒྱང་སྲིང་བྱ་རྒྱུ་རེད།

ཨོ་སི་ཊོ་ལི་ཡའི་རྒྱང་སྒྲོག་བརྙན་འཕྲིན་ཁང་ཆེ་ཤོས་ཀྱི་གྲས་དམིགས་བསལ་རྒྱང་སྒྲོག་བརྙན་འཕྲིན་ཁང་ནས་བོད་སྐད་རྒྱང་སྲིང་ལེ་ཚན་ཞིག་གསར་འཇུག་གནང་རྒྱུ་ཡིན་འདུག

ཟླ་འདིའི་ཕྱི་ཚེས་༢༢ ཉིན་ཨོ་སི་ཊི་རི་ལེ་ཡའི་དམིགས་བསལ་རྒྱང་སྒྲོག་བརྙན་འཕྲིན་ཁང་(Special Broadcasting Service)གིས་གསལ་བསྒྲགས་གནང་བ་ལྟར་ན། མི་རིང་བར་རྒྱང་སྒྲོག་བརྙན་འཕྲིན་ཁང་དེའི་ལེ་ཚན་ནང་སྐད་ཡིག་བདུན་གསར་སྣོན་བྱ་རྒྱུ་ཡིན་པ་དང་། དེའི་ནང་དུ་བོད་སྐད་རྒྱང་སྲིང་གི་ལེ་ཚན་ཞིག་ཀྱང་གསར་འཇུག་བྱ་རྒྱུ་ཡིན་འདུག

སྐད་ཡིག་གསར་བ་དེ་དག་ནི་བོད་སྐད་དང་རྒྱ་གར་གྱི་ཊེ་ལེ་གྷོ(Telugu)། འབར་མ་སོགས་ཀྱི་ནང་ཡོད་པའི་ལོ་རྒྱུས་ཐོག་བོད་དང་འབྲེལ་བ་ཡོད་པའི་གྲངས་ཉུང་མི་རིགས་ཁ་རེན(Karen)གྱི་སྐད་དང་། དེ་བཞིན་འབར་མའི་ཧཱ་ཁཱ་ཆེན(Hakha Chin)། རོ་ཧེན་གྷ་ཡཱ(Rohingya)སྐད། སོག་པོའི་སྐད(Mongolian)། ཨ་ཧྥེ་རི་ཁའི་ཀེ་རེན་དྷེ(Kirundi)སྐད་བཅས་ཡིན་པ་དང་། སྐད་ཡིག་དེ་དག་བརྙན་འཕྲིན་དང་རླུང་འཕྲིན། དྲ་ལམ་བཅས་བརྒྱུད་དེ་རྒྱང་སྲིང་བྱ་རྒྱུ་ཡིན་འདུག

རྒྱང་སྒྲོག་ཁང་དེས་ཕྱི་ལོ་༢༠༡༦ ཟླ་༡༡ པའི་ཚེས་༡༤ ནས་ཟླ་༡༢པའི་ཚེས་༡༡་བར་མི་མང་དང་ཚོགས་སྒེར་ཁག་ལ་སྐད་ཡིག་གང་ཞིག་གསར་སྣོན་དགོས་པའི་ཐད་མི་མང་དང་ཚོགས་སྡེ་ཁག་གི་ནང་བསམ་ཚུལ་བསྡུ་ལེན་བྱས་པ་བརྒྱུད། སྐད་ཡིག་ ༨༥ ནས་ཡིན་པའི་འཐུས་ཚབ་མི་སྣ་༦༠༠ ལྷག་གིས་སྙན་ཞུ་ཕུལ་ཡོད་པ་དང་། རྒྱང་སྒྲོག་ཁང་གི་མཐའ་མའི་ཞིབ་འཇུག་འོག་སྐད་ཡིག་བདུན་དེ་བདམས་ཡོད་འདུག

རྒྱང་སྒྲོག་བརྙན་འཕྲིན་ཁང་དེའི་རླུང་འཕྲིན་དང་སྐད་ཡིག་ཚན་པའི་འགན་འཛིན་མཱན་དྷེ་ཝེ་ཁི་སི་(Mandi Wicks)ལགས་ཀྱིས། ཨོ་སི་ཊོ་ལི་ཡའི་(Australia)ནང་དབྱིན་སྐད་ཕུད་པའི་སྐད་ཡིག་གཞན་བཤད་མཁན་མང་པོ་ཡོང་གི་ཡོད་པ་དང་། གཅིག་ནས་ང་ཚོས་དེ་དག་ལ་ཞབས་ཞུ་དང་རོགས་རམ་བྱ་རྒྱུའི་ཆེད་དུ་ཡིན་ལ། གཉིས་ནས་ན་ནིང་ལོ་ནས་ང་ཚོས་སྐད་ཡིག་མང་པོ་ཞིག་ལ་ཞིབ་འཇུག་བྱེད་དུས་སྐད་ཡིག་ཁག་ཅིག་བཤད་མཁན་གྱི་གྲངས་འབོར་གང་འཚམས་ཡོད་ན་ཡང་། གནས་སྟངས་མང་པོ་ཞིག་གིས་སྐད་ཡིག་ཁ་ཤས་ཤིག་དེང་རབས་དང་མཐུན་པའི་བཀོལ་སྤྱོད་གནས་བབ་ཧ་ཅང་སྐྱོ་བོ་ཡིན་སྐོར་བརྗོད་ཡོད་འདུག

ཨོ་སི་ཊོ་ལི་ཡའི་སྤྱི་མཐུན་ཚོགས་པའི་གྲངས་ཉུང་མི་རིགས་ལྟ་སྐྱོང་ལྷན་ཁང་གི་ཚོགས་གཙོ་ཇོ་སི་ཧྥི་ཀཱ་ཕོ་ཐོ་(Joseph Caputo)ལགས་ཀྱིས། རྒྱང་སྒྲོག་བརྙན་འཕྲིན་ཁང་དེ་ལ་མི་མང་དེ་དག་གི་ཆེད་དུ་མུ་མཐུད་ཁོ་ཚོའི་སྐད་ཡིག་ཐོག་གནས་ཚུལ་རྒྱང་སྲིང་བྱ་རྒྱུ་གལ་ཆེན་པོ་ཡིན་སྐོར་བརྗོད་ཡོད་པ་རེད།

གནས་ཚུལ་ལྟར་ན། རྒྱང་སྒྲོག་བརྙན་འཕྲིན་ཁང་དེས་རྒྱང་སྲིང་བྱེད་བཞིན་པའི་རྒྱ་གར་ཀར་ནཱ་ཀྲ་ཀཱ་དང་། ནོར་ཝེ། སོ་ཊོབ། ལྷོ་ཞི་བདེ་རྒྱ་མཚོའི་ཁུལ་དུ་ཡོད་པའི་རྒྱལ་ཁབ་ཆུང་ཆུང་ཧྥེ་ཇན(Fijian)་བཅས་ཀྱི་སྐད་ཡིག་དང་། གཞན་ཡང་། ཨ་ཧྥི་རི་ཁའི་ལེ་ཚན་ཞེས་པའི་དབྱིན་སྐད་སོགས་མེད་པ་བཟོ་རྒྱུ་ཡིན་པ་དང་། དེ་དག་གི་ཚབ་ལ་ཨ་ཧྥི་རི་ཁ་རང་གི་སྐད་ཡིག་༦ གསར་སྣོན་བྱ་རྒྱུ་ཡིན་འདུག

ཨོ་སི་ཊོ་ལི་ཡའི་དམིགས་བསལ་རྒྱང་སྒྲོག་བརྙན་འཕྲིན་ཁང་དེ་ཕྱི་ལོ་ ༡༩༧༥ ཟླ་༡ ཚེས་༡ ཉིན་ནས་དབུ་འཛུགས་གནང་སྟེ། ད་ལྟའི་ཆར་ཡན་ལག་གསར་འགྱུར་ཁང་བཞི་དང་། སྐད་རིགས་མི་འདྲ་བ་ ༧༤ ནང་གནས་ཚུལ་རྒྱང་སྲིང་བྱེད་བཞིན་ཡོད་འདུག  རྒྱང་སྒྲོག་བརྙན་འཕྲིན་ཁང་དེ་ནི་ཨོ་སི་ཊོ་ལི་ཡའི་རླུང་འཕྲིན་ཁང་ཆེ་ཤོས་ལྔ་ཡི་ནང་གི་གཅིག་ཡིན་འདུག

རྒྱང་སྒྲོག་བརྙན་འཕྲིན་ཁང་དེས་སྐད་ཡིག་མི་འདྲ་བ་མང་པོའི་ནང་གནས་ཚུལ་རྒྱང་སྲིང་གནང་བཞིན་ཡོད་པའི་དམིགས་ཡུལ་ནི། མི་རིགས་དང་སྐད་ཡིག་སྣ་མང་གིས་གྲུབ་པའི་ཨོ་སི་ཊོ་ལི་ཡའི་སྤྱི་ཚོགས་ཁྱོན་ཡོངས་ལ་རང་ཉིད་ཀྱི་སྐད་ཡིག་གི་སྒང་ནས་གནས་ཚུལ་ཤེས་རྟོགས་དང་ཤེས་ཡོན་གོང་སྤེལ་གཏོང་བའི་ཆེད་དུ་ཡིན་པ་དང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༩/༢༣

Leave a Reply

One thought on “ཨོ་གླིང་གི་རྒྱང་སྒྲོག་བརྙན་འཕྲིན་ཁང་ཆེན་པོ་ཞིག་གིས་བོད་སྐད་ལེ་ཚན་རྒྱང་སྲིང་བྱ་རྒྱུ་རེད།