བདག་གི་ཡུ་གུར་བའི་“མི་རིགས་རིང་ལུགས”ཀྱི་འདུ་ཤེས་ཅི་ལྟར་བྱུང་ངམ།

(དུམ་ཚན་གཉིས་པ།)

ཁུ་ཧྲོ་ཧྲི་ལིས་བརྩམས།
ལྷ་མོ་མཚོས་བོད་སྒྱུར་བྱས།

བདག་གི་ཆོས་ལུགས་ཀྱི་ལྟ་སྟངས་ཆགས་པ།

བདག་གི་ཕ་མ་གཉིས་བཟའ་འཐོར་བྱས་པ་དེས། བདག་གི་ཨ་མའི་སེམས་ནང་དཀའ་ངལ་མང་པོ་འཕྲད། དེའི་སྟེང་ལ་ཨ་མའི་ཨ་ཕ་འདས། ཨ་མ་ནི་མི་ཚེའི་འདིའི་ནང་སྡུག་གི་རྒྱ་མཚོ་ཟབ་ཤོས་དེར་ལྷུང་བ་དང་འདྲ། མོ་ཧ་ལམ་ཤང་ལེན་སོ་(རྒྱའི་རྩོམ་པ་པོ་ལོའུ་ཞུན་གྱི་སྨོན་འདུན་ཞེས་པའི་བརྩམས་སྒྲུང་ནང་གི་མི་སྣ་གཙོ་བོ་ཡིན་པ་དང་། ཁོ་མོའི་ཁྱོ་ག་འདས་ཏེ་གཡུག་ས་མ་ཆགས་པ་དང་བྱིས་པ་སྤྱང་གིས་ཟོས། སྤྱི་ཚོགས་ཀྱིས་མོ་རང་བཀྲ་མ་ཤིས་པ་ཞིག་ལ་ངོས་འཛིན་གྱིས་ཁོ་མོ་ཡང་གུ་དོགས་དང་རྨོངས་དད་ཀྱི་མནར་བས་སྡུག་མྱངས་པ་ཞིག་རེད། སྒྱུར་པ་པོའི་མཆན) དང་འདྲ་བར། ཉིན་ལྟར་ངུས་པ་དང་། མི་སུ་མཐོང་བ་དང་དེ་ལ་རང་གི་སྡུག་བསྔལ་བཤད་ནས་མཚམས་མི་འཇོག ལམ་སང་ཁོ་མོའི་གཟུགས་གཞི་སྐྱོ་བོ་ཆགས། སྐེད་པའི་སྒལ་ཚིགས་ལ་ཆུ་འབུར་ཐོན་པ་དང་། ཡར་ལངས་ཀྱང་མི་ཐུབ་པ་ཆགས་པས་ཤག་བཅོས་བྱས་ཏེ། སྒོར་ཁྲི་བཅུ་གྲངས་ཤིག་བཏང་བས་དཔལ་འབྱོར་སྟེང་ལ་གནོན་ཤུགས་ཆེན་པོ་སྤྲད། ༢༠༠༤ལོའི་དགུན་ཁར། བཤག་བཅོས་གྲུབ་རྗེས། ཨ་མ་གྲོང་གསེབ་ལ་ལུས་ཕུང་གསོ་བར་ཕྱིན། རྨོ་རྨོ་ཀྱང་མོ་ལ་བྱམས་སྐྱོང་གནང་།

དུས་དེ་ནས་བཟུང་ཨ་མ་ལགས་ནི་ཡུ་གུ་བའི་བུད་མེད་རྣལ་མ་ཞིག་ལ་འགྱུར། ཁོ་མོའི་མི་རབས་ཀྱི་མི་ཚང་མ་གཅིག་པ་ཡིན་ལ། བཟའ་བཏུང་ལས་གཞན་ཁ་ཆེ་མ་ཡིན་པ་ལས་ཁྱད་པར་ཏོག་ཙམ་ཡང་མེད། ཨ་མས་ཞེད་སྣང་ཆེ་བ་མང་པོ་མཐོང་། ཁོ་མོའི་ལུས་སྟོབས་ཅུང་སོས་པ་དང་མཉམ་ཏུ། རྨོ་ལགས་ཀྱིས་ཁོ་མོ་ཆོས་དཔོན་ཞིག་གི་སར་བློ་སྦྱོང་བྱེད་དུ་མངགས། དེའི་སྐབས་སུ་གཙོར་ཆེ་བ་ནི་ཁོ་མོའི་འཚོ་འདོད་ཀྱི་བློ་དེ་སླར་ཡང་བསྐྲུན་དགོས་པ་དེ་རེད།

ཤིན་ཅང་ནང་གི་ཆོས་ལུགས་ལ་བསམ་ཤེས་བྱེད་དགོས་པ་ཞིག་ཡིན། ཆོས་ལུགས་ངོ་མ་ཚིག་འགྲེལ་བྱེད་ཐུབ་པའི་ཆོས་པ་ནི་ཧ་ཅང་ཉུང་ཉུང་རེད། འདིའི་ནང་ན་ཧ་ལམ་སྲིད་གཞུང་གི་སྲིད་ཇུས་ལས་བོར་བརླག་ཕྱིན་པ་འདྲ། སྲིད་གཞུང་གིས་ཆོས་ལུགས་ཡོངས་སྟེངས་འཛིན་བྱེད་འདོད་པས་ཁ་ཆེ་ལྷ་ཁང་གི་ཆོས་དཔོན་མང་ཆེ་བ་ནི་ཆབ་སྲིད་པ་མཁྲེགས་པོར་གྱུར་ཡོད། ཤིན་ཅང་ལྷོ་ཕྱོགས་ཀྱི་ཁ་ཆེའི་ལྷ་ཁང་ཁ་ཤས་ཤིག་གི་ནང་དུ་ད་དུང་ཡང་རྒྱལ་དར་འགྲེང་དགོས་པ་དང་། མི་རིགས་མཐུན་སྒྲིལ། འཆར་ལྡན་བུ་སྐྱེས་སོགས་བཤད་དགོས་པ་རེད། འདི་ལྟར་གདན་དོན་བྱུང་བ་དེ་མི་མང་སྲིད་གཞུང་གིས་མངགས་པའི་ཆོས་པ་ལ་ཡིད་ཆེས་བརླག་པ་རེད། མུ་མཐུད་འདི་ལྟར་ཕྱིན་པ་ཡིན་ན། ཡུ་གུར་ལ་དཀའ་ངལ་མང་པོ་འཕྲད་སྲིད་པ་དང་སེམས་པ་ནི་སྟོང་པ་ཆགས་ངེས། རང་འགུལ་གྱི་ངོས་ནས་ཆོས་ལུགས་རམ་འདེགས་འཚོལ་དུས་ཅི་ཞིག་བྱ་དགོས་སམ། ཆོས་ལུགས་གྱི་མི་སྣ་བཟོ་གྲྭ་ཡོད་པ་རེད།

བདག་གི་ཡུམ་ནི་སྐལ་བ་དང་ལྡན་པས་ཆོས་དཔོན་ཡག་པོ་ཞིག་ལ་འཕྲད། ཆོས་དཔོན་འདི་ཚང་གི་མི་རབས་གོང་མ་དག་ཡང་ཆོས་ལུགས་ཆེད་མཁས་པ་རེད་ལ། རང་ལ་སློབ་གསོ་མཐོ་བོ་རེག་པ་མ་ཟད། ཕྱི་རྒྱལ་ལ་སློབ་གཉེར་བྱེད་དུ་ཕྱིན། མ་ཡུམ་གྱི་བསམ་བློ་རིམ་པས་འགྱུར་འགོ་བརྩམས། དཔེར་ན་`བཟོད་བསྲན་ནི་ཐབས་མཆོག་དང་མི་ཚེའི་སྙིང་བོ་ནི་བདེན་པ་ཡིན་ན་` འཚོ་བ་རྡུང་ལེན་བྱ་རྒྱུ་སོགས་བློ་སྦྱང་བ་རེད། མོས་ཀོ་རན་ཀློག་རྒྱུ་དང་ཕྱག་དང་མཆོད་འབུལ་བྱེད་སྟངས་སྦྱངས། དེའི་སྐབས་སུ་བདག་གིས་འདིའི་སྐོར་ཤེས་ཀྱི་མེད་ལ། ཁོ་མོ་གྲོང་གསེབ་ཏུ་ཕྱིར་ལོག་པའི་རྗེས་སུ། བདག་རྟག་པར་ཡུམ་གྱི་སར་སོང་བ་དང་ཉིན་ཁ་ཤས་དེར་བསྡད་པ་ཡིན། དེའི་སྐབས་སུ་ཕུ་བོ་སློབ་ཆེན་འགྲིམ་བཞིན་ཡོད། བདག་གློ་བུར་དུ་མ་ཡུམ་ནི་འགྱུར་ཚར་བ་ཚོར། ཁོ་མོས་ཨ་ཕ་ལ་བཟོད་བསྲན་དང་གུ་ཡངས་གནང་རྒྱུ་འགོ་བརྩམས་འདུག འཚོ་བའི་རྣམ་པ་ཡང་སྤྲོ་སྣང་ཅན་ཞིག་ཏུ་གྱུར་འདུག ཨ་ཕ་ནི་སྔར་བཞིན་སྲོལ་རྒྱུན་དང་ལྡན་པ་དང་། ཞེད་སྣང་དང་འཇིགས་སྣང་ཅི་ཡང་མེད་པ་རེད། རང་ཉིད་ལ་སྲུང་སྐྱོབ་བྱེད། རང་གིས་བདམས་པའི་ལས་ཀར་གདོང་ལེན་བྱེད་བཞིན་འདུག  མ་ཡུམ་ཉམས་ཐག་གི་ཁྲོད་ནས་ཡར་ལངས་རྒྱབ་པ་དང་བློ་སྤོབས་དང་དཔའ་ངར་ལྡན་པ་ཞིག་ཏུ་ཆགས་འདུག

མོས་བདག་ཀྱང་མོ་བཞིན་དད་མོས་བྱེད་དགོས་པར་གཏན་ནས་བཙན་ཚུགས་མི་བྱེད། བདག་མཐོ་འབྲིང་གཉིས་པའི་ལོའི་ཁ་ཆེའི་ས་ག་ཟླ་བ་ལ། གེར་ཏེ་འར་མཚན་མོ་(འདི་ནི་ཁ་ཆེའི་ཟླ་བ་དགུ་བའི་ནང་སྤེལ་བཞིན་པའི་ཆོ་ག་ཆེས་གལ་ཆེ་བ་ཞིག་རེད། མཚན་མོ་འདིར་ཁ་ཆེ་ཚོས་མཚན་ཕུད་ནས་གསོལ་བ་སྨོན་ལམ་དང་མཆོད་འབུལ་བྱེད་པ་རེད། འདི་ལ་གཟི་བརྗིད་ལྡན་པའི་མཚན་མོ་ཀྱང་ཟེར།སྒྱུར་པ་པོའི་མཆན།)་དེ་བདག་ལ་མཚོན་ན་གལ་ཆེ་ཤོས་ཤིག་ཡིན། ང་ཚོའི་ཆོས་ལུགས་ལྟར་ན། ཁ་ཆེ་གཙང་མ་ཞིག་ཡིན་ན་གེར་ཏེ་འར་མཚན་ལ་མཆོད་འབུལ་དང་། སྨོན་ལམ་འདེབས་རྒྱུ་ཧ་ཅང་གལ་ཆེ། དེའི་སྐབས་སུ་ཁྱད་མཚར་བ་ཞིག་ལ། བདག་གིས་ཡུམ་ལ་ངས་ཀྱང་ཁྱེད་དང་མཉམ་དུ་ཕྱག་འཚལ་སྟངས་སྦྱངས་ན་མི་ལེགས་སམ་ཟེར་བར། ཁོ་མོ་དགའ་ཐག་ཆོད་པ་དང་དེ་ནི་བདག་གིས་ཐེངས་དང་པོ་རང་འགུལ་གྱི་སྒོ་ནས་ཕྱག་འཚལ་མཆོད་འབུལ་བྱས་པ་དེ་ཡིན། རང་འགུལ་ནི་ཧ་ཅང་གལ་ཆེ་བ་དང་བཙན་ཐབས་ཀྱིས་མི་ལ་ངོ་ལོག་གི་ཚོར་བ་སྟེར་གྱིན་འདུག

ཞག་གཅིག་གི་སྨོན་ལམ། འཁྲུས་བྱས་པ། ཕྱག་འཚལ་རྗེས། བདག་ལ་གློ་བུར་དུ་སེམས་སུ་ཧ་ཅང་བདེ་སྣང་གི་ཚོར་བ་ཞིག་བྱུང་། ཞོགས་པར་སློབ་གྲྭར་འགྲོ་བའི་སྐབས་སུ་རང་ཉིད་ཀྱིས་རླབས་ཆེ་བའི་དམིགས་བསལ་གྱི་བྱ་བཞག་ཅིག་གྲུབ་ཟིན་པའི་ཚོར་བ་སྦྱིན།

ང་ཚོའི་སློབ་གྲྭའི་ཉེ་སར་ཁ་ཆེ་ལྷ་ཁང་ཞིག་ཡོད། བདག་དང་གྲོགས་པོ་གཉིས་དེར་མཉམ་དུ་ཕྱིན་པ་ཡིན། ང་ཚོ་མཐོ་སློབ་ཡིན་པའི་སྐབས་སུ་ཕྱག་འཚལ་བ་ནི་ས་ཁུང་དུ་འཛུལ་དགོས་པ་ཡིན། གལ་སྲིད་སློབ་གྲྭས་ཤེས་ཚེ། སློབ་གསོ་སྡེ་ནས་རྙོག་གྲ་བཟོ་ངེས་དང་། ཆད་པ་ནན་མོ་དང་ཡང་ན་སློབ་གྲྭ་ནས་ཕྱིར་འབུད་ཀྱང་བྱ་སྲིད། (ཀྲུང་གོས་གཏན་འབེབས་ཀྱི་ཁྲིམས་ཡིག་ན་གསལ་བོར་བཀོད་ཡོད་པ་དེ་ནི་རང་ལོ་༡༨ མན་གྱི་མི་སུ་ལྷ་ཁང་ལ་འགྲོ་བར་བཀག་སྡོམ། དེ་ནི་གུང་ཁྲན་ཏང་གི་བསམ་བློའི་སྙིང་སྟོབས་གཞིར་བཞག་བྱས་པ་ཡིན། ༡༩༩༠ ལོ་ནས། ཤིན་ཅང་གི་ས་ཁུལ་མང་ཆེ་བར་ཁྲིམས་འདི་གཏན་འབེབས་དང་ལག་བསྟར་བྱས། ན་སོ་མ་དར་བ་དག་ཆོས་ཁང་ལ་འགྲོ་བ་དང་ཆོས་ལུགས་ཀྱི་ལས་འགུལ་ལ་ཞུགས་པར་བཀག་སྡོམ། སློབ་གྲྭའི་ནང་། མ་ཁེ་སེའི་རིང་ལུགས་ཀྱི་ལྷ་མེད་ལྟ་གྲུབ་ཀྱི་སློབ་གསོ་དྲིལ་བསྒྲགས་དང་སློབ་ཕྲུག་ཚོ་ལ་གཏིང་ཚུགས་པའི་འཛམ་གླིང་ལ་ལྟ་སྟངས་དང་། མི་ཚེའི་ལྟ་སྟངས་དང་རིན་ཐང་ལྟ་ཚུལ་གཙོར་འཛིན་གྱིས་སློབ་གསོ་སྦྱོང་བརྡར་དང་སྣེ་འཁྲིད་བྱ་དགོས་ཞེས་གཏན་འབེབས་བྱས། རྩོམ་སྒྲིག་པའི་མཆན)

སློབ་གྲྭའི་དགེ་རྒན་དག་གིས་རྟག་པར་ང་ཚོ་ལ་ཆོས་ལུགས་ནི་རྨོངས་དད་ཡིན་པར་བསླབ་བྱ་སྤྲོད་པ་དང་། ཧ་ལམ་འདི་ནི་སློབ་གྲྭའི་ལུགས་མཐུན་གྱི་ཆོས་ལུགས་ལྟ་བུ་ཞིག་ལ་ཆགས་ཡོད་ལ། ང་ཚོ་ལ་རླབས་ཆེ་བའི་ཚན་རིག་པ་དང་གུང་ཁྲན་ཏང་རྒྱུན་འཛིན་མཁན་མཁོ་བ་རེད་ཟེར། ཡིན་ཡང་ཆོས་དཔོན་གྱིས་ང་ཚོ་ལ་ཅི་ཞིག་གསུངས་པ་རེད་དམ། “བདུད་ནི་ཤེས་རབ་མེད་པའི་མི་བརྒྱ་ལྷག་ལ་ཡང་མི་ཞེད་ལ། བདུད་ནི་ཤེས་རབ་དང་ལྡན་པའི་གང་ཟག་གཅིག་ལ་ཞེད་པ་རེད་ཟེར།” “ཁྱེད་ཚོས་ངེས་པར་སློབ་གཉེར་གནངས་དགོས། ཤེས་རབ་འཚོལ་དགོས། སྟོན་པའི་གསུང་ཀོ་རན་ཡིན་ན་ཡང་འདྲ། ཚན་རིག་ཡིན་ཡང་འདྲ་ཚང་མ་སྦྱོང་བ་བྱེད་དགོས་”ཟེར། ཁོང་གིས་ད་དུང་དཔེར་མཚོན་དང་བཅས་ཏེ་གསུངས་རྒྱུར། ཁྱེད་ཀྱིས་སློབ་དཔོན་ཞིག་གིས་ལག་ལ་གྲི་བཟུང་ནས་ཁྲོམ་ནས་མི་ལ་གཞུ་བ་མཐོང་མི་ཐུབ་ལ། སློབ་དཔོན་གྱིས་སྲང་ལམ་ནས་གཅིན་སྐྱག་གཏོང་བ་ཡང་མཐོང་མི་སྲིད་ཟེར། བདག་གི་བསམ་པར། འེ། ཆོས་དཔོན་གྱིས་ང་ཚོ་ལ་སློབ་གཉེར་ཡག་པོ་བྱ་དགོས་པ་དང་། བྱ་ངན་མི་སྤེལ་བར་སྐུལ་བཞིན་འདུག འདི་ནི་རྨོངས་དད་ཞིག་ལ་བརྩིས་ན་འོས་སམ་སྙམ། དེའི་སྟེང་ལ་མ་ཡུམ་གྱི་འགྱུར་ལྡོག་ལས་ཆོས་ལུགས་ནི་བདག་གི་སེམས་སུ་གོ་གནས་ཧ་ཅང་མཐོན་པོར་ཕྱིན་སོང་།

ཡིན་ཡང་། ཤིན་ཅང་ལ་མི་མང་པོས་མི་ཚེའི་ལྟ་སྟངས་ལ་ཆོས་ལུགས་ཀྱི་ལྟ་སྟངས་ལས་ལྟ་བ་དང་། མི་གཞན་ལ་འདི་དང་དེ་མ་བྱེད། དེ་ཡང་མ་བྱེད་ཟེར་བ་དང་མི་ལ་བདེ་སྣང་མེད་པར་བཟོ་བཞིན་ཡོད། ཆོས་དཔོན་ལ་ཤས་ཀྱི་ཐ་ན་བརྙན་འཕྲིན་ཀྱང་བདུད་ལ་བརྩི། ཆོས་དཔོན་ལ་ཤས་ཀྱིས་གསུང་རབ་ཀོ་རན་བློ་འཛིན་བྱས་ཀྱང་། ཡིན་ཡང་། ཁོ་ཚོས་ཞིབ་འཇུག་ནན་མོ་བྱས་མི་འདུག གལ་སྲིད་ཁོ་ཚོའི་གསུང་རབ་ནང་གི་ཚིག་ཁ་ཤས་དྲིས་ཚེ་ཁོ་ཚོས་ལན་འདེབས་མི་ནུས། འདི་ལ་མཇུག་འབྲས་གཉིས་འོང་བཞིན་འདུག་ལ། གཅིག་ནི་དེས་མི་ལ་ཆོས་ལུགས་དང་ཡོངས་སུ་ཁ་འབྲལ་བར་བྱ་བ་དང་། ཡང་ན་དེས་མི་ལ་གུ་དོགས་དང་གཡོ་སྒྱུ་བྱེད་དུ་འཇུག་པས་འཇུག་སྡོམ་བསླབ་པར་འགྱུར་ངེས།

ཤིན་ཅང་ནང་། ཚང་མས་ཆོས་ལུགས་གླེང་བ་དང་ཁ་ཅིག་ལ་ཆོས་ལུགས་ནི་རྒྱུན་འཛིན་དང་སྲོལ་རྒྱུན་གྱི་རྣམ་པ་ཡིན་དགོས་པ་ལས་དེང་རབས་ཀྱི་ཤེས་ཡོན་དང་འབྲེལ་མི་ཆོག་པར་བསམ་གྱི་འདུག གལ་སྲིད་ཆོས་དཔོན་ཚོ་ལ་འདི་ལྟར་དྲིས་ཚེ། ཅིའི་ཕྱིར་སྐད་ཆ་བཤད་སྟངས་དེ་འདྲ་ཞིག་ཡོད་པ་རེད་དམ་ཟེར། རྒྱུ་མཚན་ཁོ་ཚོ་རང་ཉིད་ནས་ཁ་ཆེའི་སྐོར་ལ་གོ་རྟོགས་ཧ་ཅང་ཞན། ཁོ་ཚོས་ཀོ་རན་གྱི་གསུང་རབ་ནང་ན་འདི་ལྟར་གསུངས་ཡོད་པ་རེད་ཁོ་ན་ཟེར་བ་དང་འདི་ན་ཅིའི་ཕྱིར་དྲིས་ཡོད་པ་མ་རེད་ཟེར། གལ་སྲིད་ཁྱེད་ཀྱིས་ད་དུང་དྲི་བ་མང་པོ་དྲིས་ཚེ། ཁོས་ལམ་སང་ཁྱེད་ལ་ཞ་མོ་གཡོགས་པ་དང་། སྐྱོན་བརྗོད་བྱ་ངེས། ཆོས་དཔོན་འདི་ཚོ་ལ་སྒེར་གཅོད་ཀྱི་འདུ་ཤེས་ཧ་ཅང་ཤུགས་ཆེན་པོ་ཡོད་པ་རེད། རང་དབང་གི་བསམ་བློ་ཡོད་པ་དང་ཉམས་ཐག་པ་མང་པོས་འདིར་ངོ་ལོག་བྱ་མི་ཐུབ་པས་རྗེས་སུ་འཇུག་རྒྱུ་ཁོ་ན་རེད། འདིའི་སྐབས་སུ་ཆོས་དཔོན་རང་འདོད་ཆེ་བ་ཞིག་དང་འཕྲད་ཚེ་ཁོས་ལས་སླ་བོ་ངང་ནས་མི་ཁྱུ་གཅིག་འཁྲིད་ནས་ཁོ་སླེབས་འདོད་པའི་དམུགས་ཡུལ་དེར་འཁྲིད་ངེས། འདི་ཡང་ཤིན་ཅང་ལ་གནད་དོན་མང་བའི་རྒྱུ་རྐྱེན་གཅིག་ཡིན། བདག་གིས་ཤེས་རྟོགས་ལྟར་ན། ཕྱོགས་གཅིན་ནས་ཤིན་ཅང་ནང་སྲོལ་རྒྱུན་ཡར་རྒྱས་སུ་གཏོང་བཞིན་ཡོད་མོད། ཕྱོགས་གཞན་ཞིག་ནས་ས་གནས་སྲིད་གཞུང་གིས་ཆོས་ལུགས་དོ་དམ་དང་རྡུང་རྡེག་ཚ་ནན་བྱེད་བཞིན་ཡོད། དེའི་སྟངས་ཀྱིས་ས་གནས་ཀྱི་དཔོན་པོའི་རུལ་སུངས་དང་། བྱ་བཞག་ཁྲོད་ཀྱི་རྒྱ་རིགས་ཕོན་ཆེན་གྱིས་རྒྱུ་རྐྱེན་འདྲ་མིན་དང་བསྟུན་ནས། སྲིད་གཞུང་གི་བཀོད་སྒྲིག་མེད་པའི་ཆོས་དཔོན་མང་པོ་ལ་མི་རིགས་འཐེན་འཁྱེར་དང་ཁ་ཆེའི་བསམ་བློའི་ཕྱོགས་ལྷུང་གི་ཕྱོགས་སུ་འཁྲིད་བཞིན་ཡོད། འོན་ཀྱང་བདག་གིས་བཤད་པའི་ཚད་བརྒལ་བསམ་བློ་དེ་ནི། གཙོ་བོར་ཁ་ཆེ་ཆོས་ལུགས་ལ་གོ་རྟོགས་གུ་དོགས་པ་དང་གོ་ནོར་ཐེབས་པ་དེ་རེད། འདི་ནི་བསམ་བློའི་འཇིག་སྐུལ་རིང་ལུགས་པ་སྤྱི་བཏང་བ་ཞིག་མ་རེད།

དྭངས་གཙང་གི་ཆོས་པ་ཞིག་གིས་ཇི་ལྟར་ཁྲོ་སེམས་མངོན་ནམ།

སྔོན་ཆད་ཤིན་ཅང་གི་ཆོས་ལུགས་ཀྱི་ཁོར་ཡུག་ནི་འདི་ལྟ་བུ་ཡོད་པའི་འོག། ཆོས་པ་མང་པོ་ཞིག་གིས་ཆོས་ལུགས་ལ་གོ་བ་བླངས་པའི་ཚད་དེ་ག་འདྲ་ཞིག་ལ་སླེབས་ཡོད་དམ། ཕྱིས་སུ་བདག་ཧ་ཅང་དགོད་བྲོ་བའི་དོན་རྐྱེན་ཞིག་དང་འཕྲད། སློབ་ཆེན་ལོ་རིམ་བཞི་བའི་གསབ་སྦྱོང་ཞིག་གི་སྐབས་སུ། ཐེངས་ཤིག་ལ་བདག་དང་གྲོགས་པོ་གཉིས་དྲ་ཁང་ལ་རྩེ་བར་ཕྱིན། ཏོའུ་ཆོད་ཀྱི་ཉེ་འགྲམ་ན་ཡུ་གུར་བའི་མི་ཞིག་གིས་དྲ་ཁང་ཡག་པོ་ཞིག་སྒོ་ཕྱེས་འདུག་ལ། ཆ་རྐྱེན་ཧ་ཅང་ཡག་པོ་འདུག གློག་ཀླད་ཏོག་ཙམ་བཀོལ་བ་དང་བདག་གཅིན་པ་གཏོང་དུ་སོང་བ་ཡིན། ལས་བྱེད་དེས་བདག་ལ་ཁ་ཕྱོགས་ཤིག་མཛུབ་གུས་བསྟན་སོང་། བདག་ཀྱང་དེའི་ཕྱོགས་སུ་ཕྱིན་པ་ཡིན། འོན་ཏེ་དེ་དུས་གློག་འོད་ཏོག་ཙམ་ལས་མེད་པས་ནག་ཤོས་ཆེ། བདག་མུ་མཐུད་སོང་བ་དང་སྒོ་ནང་དུ་འཛུལ་བའི་སྐབས་སེམས་ཆུང་མ་བྱས་པར་རྐང་པ་དངོས་པོ་ཞིག་ལ་ཐོག ལྟོས་ཡོང་དུས་བརླག་འདུག། མི་ཞིག་གིས་གདན་བཏང་སྟེ་ཕྱག་འཚལ་བཞིན་འདུག སྒོའི་ནང་ན་ཡུ་གུར་བའི་ཕོ་གསར་ཞིག་གིས་ཕྱག་འཚལ་གྱིན་འདུག།

མི་ངན་གྱིས་ཆོས་བྱེད་ལ་གཏོར་བརླག་བྱེད་པ་དང་དེ་ནི་མི་གཞན་གྱི་ “ནག་ཉེས་”ཡིན་པ་རེད། ཡིན་ན་ཡང་། བདག་གི་དགོངས་དག་གི་ཚིག་གཅིག་བཤད་དབང་མེད་པར། ཕོ་གསར་ཞིག་མཆོངས་ཡོང་ནས་བདག་གི་གདོང་པར་བཞུས་པ་དང་བདག་ས་ལ་འགྱེལ། ངས་སྐད་ཆ་བཤད་དབང་མེད་པར། ཁོ་གཟུགས་མཐོ་ལ་སྟོབས་ཆེ། དྲག་རྩལ་མངོན་པ་ནང་བཞིན་བདག་གི་མིག། སྣ་ཁ་གང་སར་རྡུང་ནས་ཕྱིར་འབུད་བཏང་། ད་དུང་བདག་ལ་ཁྱེད་ཀྱི་ཀླད་པ་ན་སྐྱོན་ཡོད་དམ། བདག་གིས་འདི་ན་ཕྱག་འཚལ་བཞིན་ཡོད་པ་མ་རེད་དམ་ཞེས་སྡུག་དམོད་བྱས།

བདག་འཁྲུས་ཁང་དུ་ཕྱིན་ནས་མེ་ལོང་ལ་ལྟ་དུས། བདག་གི་ཁ་སྐྲང་བ་དང་སྣ་ཁྲག་བཞུར་གྱིན་འདུག མིག་ཡང་སྔོ་ནག་ཏུ་གྱུར་འདུག བདག་གིས་གདོང་པ་བཀྲུས་རྗེས་ཁ་ཚུར་འཁོར་ནས་ཁོ་བཙལ་ནས་གནས་ལུགས་བཤད་དགོས་བསམ་མོད། ཁོ་དང་སྤྱིན་བདག་གཉིས་ཀྱིས་བདག་ལམ་སང་ཕྱི་ལ་ཕུད་སོང་། བདག་ལ་གནས་ལུགས་བཤད་པའི་གོ་སྐབས་སྤྲད་མ་སོང་། བདག་གིས་ཐད་ཀར་དྲ་ཁང་གི་ཕྱི་ནས་ཨ་ཁུ་ལ་ཁ་པར་བཏང་བ་དང་། ཨ་ཁུ་ནི་ས་གནས་ཀྱི་ཉེན་རྟོག་པའི་དཔོན་པོ་ཡིན། བདག་གིས་ཨ་ཁུ་ལ་བདག་ལ་མིས་རྡུང་བ་དང་། ཁོ་ཚོས་ད་དུང་བདག་ལ་གནས་ལུགས་བཤད་རྒྱུའི་གོ་སྐབས་སྤྲོད་ཀྱི་མི་འདུག ཁྱེད་ཀྱིས་བདག་ལ་རོགས་བྱས་ཏེ་དོན་རྐྱེན་ཐག་གཅོད་རོགས་ཤེས་བཤད་པ་ཡིན།

ཨ་ཁུས་དེ་མུར་ཉེན་རྟོགས་ཁང་གི་ཚོགས་གཙོ་དང་ཉེན་རྟོགས་པ་གཉིས་འཁྲིད་ནས་སླེབས་སོང་། ཨ་ཁུས་ཕོ་གསར་དེ་དམ་པོར་བཟུང་ནས་འོངས་པ་དང་། འཇིགས་སྣང་གི་ཚུལ་གྱིས་ “མི་ལ་རྡུང་ཕོད་དམ། ཁྱེད་རང་ཚོ་འདི་ན་ཁྲིམས་ཟེར་བ་ཚིག་ཡོད་ས་མ་རེད། ས་ཆ་འདི་ག་རེ་རེད། དྲ་ཁང་། རྩེ་མོ་རྩེད་ས་སོགས་ནས་ཕྱག་འཚལ་ན་འགྲིག་གམ། ཁྱེད་ཚོའི་བྱེད་ལས་དད་པ་ལོག་སྤྱོད་རེད། ཤེས་སོང་ངམ་” ཟེར་བར་སྤྱིན་བདག་དང་ཕོ་གསར་དེ་གཉིས་ཞེད་ཐག་ཆོད་སོང་། ནག་ཉེས་འདི་སྤྱད་ནས་ཁོ་ཚོའི་དྲ་ཁང་ཡང་མེད་པར་བཟོས་ཆོག་པ་རེད།

ཨ་ཁུས་བདག་ལ་ཁུ་སུམ་སུམ་ངང་ཁྱེད་ཀྱིས་ཐག་གཅོད་ཅི་ལྟར་བྱ་རྒྱུ་ཡིན་ཞེས་དྲིས་སོང་། ཁོས་ཁྱེད་ཀྱིས་ཕོ་གསར་འདི་ལ་རྡུངས། དེ་ནས་ཁོ་ཉེན་རྟོགས་པས་བཟུང་ནས་ཉེན་རྟོགས་ཁང་ནས་ཉིན་༡༠ ལ་བཀག་ཆོག་ཟེར། བདག་གིས་དེ་འདྲ་རྩ་བ་ཉིད་ནས་མི་དགོས། ཨ་ཁུ། ཁྱེད་རང་གོ་ནོར་ཐེབས་པ་རེད། བདག་གིས་ཁོ་ཚོར་བདག་གི་གནས་ལུགས་བཤད་རྒྱུ་དེ་ཁོ་ན་ཡིན་མོད། ཁོ་ཚོས་བདག་ལ་གོ་སྐབས་མ་སྤྲད་པ་རེད་ཟེར་བ་ཡིན།

བདག་གིས་ཕོ་གསར་དེ་འཁྲིས་ཀྱི་ཁང་པ་ཞིག་གི་ནང་ལ་འཁྲིད་ནས། བདག་གིས་ཁྱེད་ཀྱི་ཕྱག་འཚལ་བར་བར་ཆད་བྱས་པར་བདག་འགྲིག་མ་སོང་། དེར་དགོངས་འགལ་མེད་པར་ཞུ། ཡིན་ཡང་ཁྱེད་རང་བདག་གི་སྟེང་ལ་འདི་འདྲའི་ཧོལ་རྒྱུག་བྱ་མི་དགོས་སྙམ། བདག་ཅག་གི་ཆོས་ལུགས་ནི་བྱམས་པ་དང་བཟོད་བསྲན་གྱི་ཆོས་ལུགས་ཤིག་ཡིན། དྲག་སྤྱོད་ནི་ཁ་ཆེའི་ཆོས་ལུགས་དང་མི་མཐུན་པ་ཡིན་ཞེས་ཁོ་ལ་ཉིན་ཕྱེད་རིང་ཁ་བརྡ་བྱས་མོད། ཁོ་ད་དུང་ཧ་ཅང་ཞེད་སྣང་སྐྱེས་བཞིན་འདུག འདི་ལྟ་བུའི་མི། ལྟོས་ཚོད་དུ་ཆོས་དད་ཆེ་ལ་ནན་ཏན་ངང་ཕྱག་འཚལ་བཞིན་ཡོད་ཀྱང་། སྟོན་པའི་གསུང་རབ་ལ་གོ་བ་ཏོག་ཙམ་ཡང་རྙེད་མི་འདུག བདག་གིས་ཉིན་ཕྱེད་རིང་བཤད་པ་དང་ཁོས་ཤེས་ལ་མ་ཤེས་པའི་ཚུལ་ལྟར་མགོ་བོ་ལྡེམ་སོང་།

བདག་གིས་ཨ་ཁུ་དང་ཉེན་རྟོགས་ཚོ་ཕྱིར་ལོག་ཏུ་བཅུག་པ་ཡིན་ལ། ཚོགས་གཙོ་དེས་ཨ་ཁུ་ལ་རྩེད་མོའི་ཚུལ་དུ་ང་ཚོ་སྐད་བཏང་ནས་བྱ་རྒྱུ་གཅིག་ཀྱང་མི་འདུག་ཟེར། ཁྱེད་ཀྱི་ཚ་བོ་ཁོ་ནི་ “སྐྱེས་ཆེན་” ངོ་མ་ཞིག་རེད་ཟེར། རྗེས་སུ་དྲ་ལམ་དེའི་སྤྱིན་བདག་གིས་ཨ་ཁུ་ལ་ཁ་པར་བཏང་ནས། ཁོ་རང་གི་ཕོ་གསར་དེས་མི་ལ་རྡུང་བ་དེར་ཐག་གཅོད་ནན་མོ་བྱ་དགོས་པ་དང་ཁོས་ཀྱང་བཟོད་དཀའ་བར་འདུག་ཟེར་སོང་།

ཤིན་ཅང་དུ། མི་མང་པོ་ཞིག་གིས་སྟོན་པའི་གསུང་དཔེའི་གོ་དོན་ནི་ད་དུང་དུས་རབས་བཅུ་གཅིག་པའི་མཚམས་ན་བསྡད་ཡོད་པ་དང་། དེའི་སྟེང་ལ་གལ་སྲིད་ཀླད་པ་དྲང་མོ་མི་ཧོལ་རྒྱུག་ཅན་ཞིག་ཡིན་ཚེ་ལས་སླ་བོར་མི་ལ་གསེག་འདྲི་ངེས། བྱ་བ་གནད་འགག་སྒྲུབ་དགོས་པ་དང་གནས་ལུགས་གཏིང་ཟབ་མོ་གཏོང་བ་ལ། ཁོ་ཚོ་ལ་ཧ་ལམ་ཡང་དག་པའི་ཆོས་ལུགས་ལ་ནན་ཏན་ངང་སློབ་གཉེར་བྱ་བའི་ལམ་ཁ་མི་འདུག་ལ་དེང་རབས་ཀྱི་སྤྱི་ཚོགས་དང་ཡང་མི་མཐུན་པར་འདུག

སྤྱི་ཡུ་གུ་བའི་མི་རིགས་ཀྱིས་ཐོ་འར་ཅུར་ནི་འཛམ་གླིང་སྟེང་ཆེས་ཐོག་མར་ཞིང་ལས་རིག་གནས་དང་གྲོང་ཁྱེར་རིག་གནས་མངོན་འགྱུར་བྱེད་མཁན་ཞིག་ཡིན། ཐོ་འར་ཅུར་གྱི་རིག་གནས་གཞན་དང་བསྡུར་ན། ང་ཚོ་ནི་ཆེས་ཞི་འཇམ་ཡིན་ཞེས་བཤད་ཆོག། མ་ཟད་སྔོན་ཐོན་རིག་གནས་དང་བྱ་དངོས་གསར་པ་ལ་འབྲེལ་འདྲིས་བྱས་ཡོད། ང་ཚོ་ནམ་ཡང་དེ་དག་དང་ལེན་བྱེད་པར་སྤྲོ་སྣང་ཡོད། དེ་དང་འབྲེལ་ནས་ཆོས་ལུགས་ལ་ཡང་དེ་ལྟ་བུའི་འགྱུར་བ་དགོས་པ་རེད། ང་ཚོས་སྔ་གཞུག་ཏུ་ཤ་མན་ཆོས་ལུགས། ནང་ཆོས་དང་ཁ་ཆེའི་ཆོས་སོགས་ཐོབ་པར་བྱས་པ་རེད། ང་ཚོ་ནི་ལྟ་བ་མཁྲེགས་འཛིན་གྱི་མི་རིགས་ཤིག་མིན།

དེར་མ་ཟད་ཡུ་གུར་མི་རིགས་ཁ་ཆེའི་ཆོས་ལུགས་ལ་བསྒྱུར་བའི་སྐབས་སུ་རང་གི་རིག་གཞུང་མང་པོ་ཉེར་ཚགས་ཆེན་པོ་བྱས་ཡོད། དཔེར་ན་ང་ཚོ་ལ་མེ་ཤུ་ལ་ཕོ་(Meshrep) ཡོད་ལ། དེ་ནི་ཕོ་མོ་གཉིས་ཀ་མཉམ་ཞུགས་བྱ་ཆོག་པའི་གཞས་དང་ཞབས་བྲོའི་འདུ་འཛོམས་ཆེན་པོ་ཞིག་ཡིན། དེའི་ནང་དུ་ད་དུང་སྙན་ཚིག རོལ་རྩེད། སློབ་གསོ་ལ་སོགས་པ་ཡོད། འདི་ནི་ཡུ་གུ་བའི་རིག་གནས་ལྷད་མེད་པ་ཞིག་ཡིན། ཨ་རབ་ཀྱི་རིག་གནས་དང་ཁྱད་པར་ཆེན་པོ་ཡོད། ང་ཚོ་ལ་ཨ་རབ་ནང་བཞིན་རིག་གནས་གཅིག་པ་མེད་ལ། དེ་ལས་བཟློག་ཏེ། ང་ཚོས་ཁ་ཆེའི་རིག་གནས་ལ་རང་ཉིད་ཀྱི་བྱས་རྗེས་བཞག་ཡོད། ཐ་ན། སློབ་གྲྭའི་འཁྲིས་སུ་ཡོད་པའི་ཁ་ཆེའི་ཀྲོ་མ་ལྷ་ཁང་ནི་བདག་མཐོ་སློབ་ཡིན་པའི་སྐབས་སུ་བདག་གིས་རང་འགུལ་ངང་སློབ་གཉེར་བྱ་སའི་འཛིན་ཁང་ཞིག་ཡིན། ཕྱིས་སུ་བདག་གིས་ཆོས་དཔོན་དེ་ནི་དམིགས་བསལ་གྱི་ཡག་པོ་ཡིན་པར་ཤེས། ཁོས་ཏེ་ཧྥེ་ལེ (Tehranདབྱི་ལང་གི་རྒྱལ་ས་དང་དབྱི་ལང་ནང་ཆེས་ཆེ་བའི་གྲོང་ཁྱེར་ཅིག་ཡིན།སྒྱུར་པ་པོའི་མཆན།) ནས་ཆོས་ལུགས་ལ་སློབ་གཉེར་བྱས་ཏེ་ཚུར་ལོག་པ་རེད། ཁོས་ང་ཚོ་ལ་རྒན་རབས་བརྩི་བཀུར་དང་། སྲོག་མི་གཅོད་པ་ལ་སོགས་སློབ་འཁྲིད་གནང་སོང་། བདག་ལས་དེ་ནས་བདེན་པའི་སྟོབས་སྐྱེས་པ་དང་བྱམས་པ་དང་སེམས་བཟང་གི་བྱ་བ་སྒྲུབ་རྒྱུ་དང་སྤྱིན་པ་གཏོང་རྒྱུ་སོགས་བསླབ་པ་ཡིན། ལོ་གཉིས་རིང་ལ། ལྷ་ཁང་དེའི་ནང་ལ་མི་ཇེ་མང་ནས་ཇེ་མང་དུ་ཕྱིན། ལྷ་ཁང་ནང་ལ་མིས་ཁེངས་པ་མ་ཟད་ཕྱིའི་ཁྲོམ་ལམ་དུ་ཡང་མིས་ཁེངས། མི་ཇེ་མང་ལ་ཕྱིན་པ་དེས་སྲིད་གཞུང་དངངས་སྐྲག་སྐྱེས་སུ་བཅུག བདག་མཐོ་གསུམ་མཐར་ཕྱིན་ལ་ཉེ་དུས། སྲིད་གཞུང་གིས་ཆོས་དཔོན་དེར་གནད་དོན་ཡོད་པར་ཁ་གཡར་ནས་ཁོ་ལ་ཆོས་གསུང་དུ་བཅུག་མ་སོང་།

ཆོས་དཔོན་དེ་ལ་ནོར་འཁྲུལ་ཅི་ཞིག་ཡོད་དམ། སྲིད་གཞུང་གི་བཀའ་ལྟར་སྲིད་གཞུང་གི་སྲིད་ཇུས་ལ་སྣེ་འཁྲིད་སོགས་དྲིལ་བསྒྲགས་མ་བྱས་པར། ཁོས་རང་དབང་ངང་རང་གི་སྟོན་པའི་གསུང་དཔེ་ལ་ངེས་ཤེས་རྙེད་པ་ལྟར་ཆོས་གསུངས་པས་ལན་ནམ། བདག་གིས་ངེས་ལེན་བྱེད་ཐུབ་པ་ཞིག་ལ། ཁོས་རྩ་བ་ཉིད་ནས་སྲིད་གཞུང་ལ་ངོ་ལོག་བྱེད་རྒྱུའི་སྐད་ཆ་ཚིག་གཅིག་ཀྱང་གསུངས་མ་སོང་། ཆབ་སྲིད་ཀྱི་སྐད་ཆ་རྩ་བ་ཉིད་ནས་མི་འདུག ཁོས་ཀུན་སྤྱོད་དང་བདེན་པའི་ལམ་ཁོ་ན་གསུང་བཞིན་འདུག་ལ། ཁོང་གིས་མིའི་ཀུན་སྤྱོད་དང་མི་ཚེའི་ལམ་སྟོན་གསུང་བཞིན་འདུག

བདག་གསར་དུ་བསྐོས་པའི་ཆོས་དཔོན་དེའི་གསུང་ལ་ཉན་དུ་ཕྱིན་པ་ཡིན། ཁོ་ལ་དམིགས་བསལ་ཅི་ཡང་མི་འདུག  ཧ་ལམ་གསུང་རབ་ཀློག་པ་དང་དུས་ཚོད་ཐོན་པ་དང་བྲེལ་མྱུལ་ངང་ཚོགས་གྲོལ་རྒྱུ་དེ་རེད། བདག་གིས་བསམ་པ་ལ། བྱེད་སྟངས་འདིས་མི་ལ་སྡུག་བསྔལ་སྤྲོད་བཞིན་འདུག་སྙམ། དེ་ནི་ “རང་དང་རིགས་མི་མཐུན་པར། སེམས་པ་གཅིག་ལ་མི་མཐུན་”ཟེར་བ་དེ་རེད། ཡུ་གུར་བའི་དཔོན་པོ། ཡང་ན་ཤེས་ཡོན་པ། ཆོས་ལུགས་མི་སྣ་སུ་ཡིན་ཡང་ཡུ་གུར་བའི་མི་རིགས་ཀྱི་སེམས་པ་ཡོད་བསྡད་པ་དེ་ཚོ་ལ། སྲིད་གཞུང་གིས་ཧ་ལམ་ཁ་འདྲ་མིན་གཡར་ནས་ཁོ་ཕྱིར་འབུད་བྱ་རྒྱུ་དེ་རེད། འདི་ལྟ་བུའི་དཔེ་མཚོན་མང་པོ་ཡོད་པ་རེད། བདག་གི་ཕ་རྒན་ནི་གཞུང་ཞབས་རེད་ལ། བློ་གཅིག་སེམས་གཅིག་གིས་བྱ་བ་སྒྲུབ། ཡིན་ཡང་། གང་ལྟར་ཀྱང་ཚོགས་པའི་ནང་དུ་ཡིད་ཆེས་སླེབས་ཐུབ་ཀྱིན་མི་འདུག ཡིད་རྟོན་གྱི་གནད་དོན་ནི་ཆེས་མཐའ་མའི་ཆགས་ས་ཞིག་རེད་འདུག

གལ་སྲིད་གཞུང་ཞབས་པ་ཡིན་ན་ཡང་ཚད་མཐོའི་རྡུང་རྡེག་བྱ་དགོས་ལ། ཆོས་ལུགས་ཀྱི་མཛད་སྒོ་རྒྱུན་ལྡན་ལ་ཡང་མུ་མཐུད་རྡུང་རྡེག་བྱ་དགོས། བདག་གི་སེམས་སུ་འགལ་ཟླ་ལ་རྡུང་རྡེག་ཇི་ལྟར་བྱས་ན་ཚོར་བ་ནི་དེ་ལྟར་ཇེ་ཆེར་འགྱུར། རྡུང་རྡེག་འདིས་ཐ་ན་ཆེས་སྲོལ་རྒྱུན་འཇིག་རྟེན་རང་བཞིན་གྱི་ངོ་བོ་དང་ཁ་ཆེའི་སྤྱི་ཚོགས་ཆགས་འཇིག་གི་སར་སྐྱེལ་འདུག དཔེར་ན་`གོས་ནག་`གི་རྣམ་འགྱུར་ཏེ་དེ་ནི་སྤྱིར་ཁ་ཆེའི་བུད་མེད་ཚོའི་སྲོལ་རྒྱུན་གྱི་གྱོན་གོས་ཤིག་རེད། སྤྱི་ཚོགས་ཉམས་ཐག་པར་གྱུར་བའི་རྒྱུ་དང་བསྟུན་ནས་`གོས་ནག་`གིས་རྣམ་འགྱུར་ལས་དད་འདུན་མཚོན་འོང་བ་རེད།

ད་ལྟ་མི་ཚང་མའི་སེམས་སུ། མི་རིགས་གནད་དོན་ཡོད་པ་རེད་ཟེར། བདག་གི་ཚོར་སྣང་ལ་དེ་ནི་གློག་ཀླད་དང་འདྲ། དེའི་ངོ་བོ་བརླག་པ་དང་ཁྱེད་ཀྱིས་དེའི་སྙོམས་སྒྲིག་བྱེད་མི་ཐུབ་ལ།  དེ་ནི་ནམ་ཡིན་ཡང་ཁའ་(ཁ པར་སོགས་ཀྱི་བྱང་བུའི་དོན་) ལྟ་བུ་རེད། ཁའ་མི་འདྲ་བ་མང་པོ་ཡོད་ཀྱང་དེར་འགྲོ་ཐབས་མེད། འདི་ནི་མི་ལ་ཆེས་སུན་སྣང་སྟེར་བའི་དོན་ཅིག་རེད།

མུ་འགོད།

བསྐྱར་བཅོས།: ༢༠༡༧/༠༩/༢༣

Leave a Reply

One thought on “བདག་གི་ཡུ་གུར་བའི་“མི་རིགས་རིང་ལུགས”ཀྱི་འདུ་ཤེས་ཅི་ལྟར་བྱུང་ངམ།

  1. ནམ་ཡང་ཡིད་ཆེས་མ་གནང་།

    བོད་རིགས་བུ་མོ་རྣམ་པ།།
    རང་ཚུགས་བརྟན་པོ་བཞུགས་རོགས།།
    ཆ་རྒྱུས་མེད་པའི་མི་ལ།།
    ནམ་ཡང་ཡིད་ཆེས་མ་གནང་།།

    རྒྱ་མི་ཁ་ཆེ་དེ་ཚོས།།
    ཁ་མཁས་ཚིག་སྙན་ཐོག་ནས།།
    ཨམ་སྐད་ཐར་ཐོར་རྒྱག་གིན།།
    བོད་རིགས་ཡིན་མདོག་བྱེད་གི།

    དང་པོ་བྱམས་པོ་བྱེད་ནས།།
    སྒོར་མོ་མང་སྤྲད་གི།
    མཐའ་མར་མནར་གཅོད་བཏང་ནས།།
    མི་ཚེ་གཡོག་མོ་བཟོས་སོང་།།

    མཉམ་དུ་མ་འགྲོ་སྔོན་ལ།།
    བསམ་བློ་ཡག་པོ་གཏོང་རོགས།།
    རྗེས་སུ་འགྱོད་པ་སྐྱེས་དུས།།
    ངུ་དང་མ་ངུས་མི་འདུག།

    རྩོམ་པ་པོ། བོད་ཁྲག
    ཕྱི་ལོ་ 2017 ཟླ་ 9 ཚེས་ 25 ཉིན།

    ཚིག་འདི་གཞས་གཏོང་མཁན་སུ་ཡོད་ན་འབུལ་རྒྱུ་ཡིན།

    དེང་སང་གྲོང་གསེབ་དང་རོང་འབྲོག་གི་བོད་རིགས་བུ་མོ་མང་པོ་ཞིག རྒྱ་ཁ་ཆེ་སོགས་ཀྱིས་ཁ་མཁས་ཚིག་སྙན་གྱི་གཡོ་སྒྱུར་འོག མནའ་མར་འགྲོ་དང་དགའ་མོ་དང་སྐྱིད་པོ་ཡོད་རབས་ལུང་པ་གང་བཤད་དུས། གོ་རྟོགས་དང་ཤེས་ཡོན་སློབ་སྦྱོང་མེད་པའི་བུ་མོ་རྣམས་མགོ་སྐོར་ཐེབས་ནས། མཐའ་མར་བྲན་གཡོག་ལས་སྡུག་པའི་དཀའ་སྡུག་ཚད་ལས་བརྒལ་བ་མྱོངས་མཁན་མང་པོ་ཞིག་ཡོད་པ་གོ་ཐོས་བྱུང་བས་སེམས་ཀྱིས་མ་བཟོད་ནས་བྲིས་པའོ།།

    བརྒྱུད་བསྐུར་གང་མང་གནང་རོགས།