བུད་མེད་སྒེར་ལངས་ཉིན་མོ་བུད་མེད་ཉིན་མོར་གཏན་འབེབས་གནང་བའི་གསལ་བཤད།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བུད་མེད་སྒེར་ལངས་ཉིན་མོ་གཞུང་འབྲེལ་ཉིན་མོར་ངོས་ལེན་མི་བྱེད་དགོས་དོན་ནི་ཚོགས་པ་གཞན་དག་གིས་ཀྱང་རིམ་གྱིས་གཞུང་འབྲེལ་ཉིན་མོར་ངོས་ལེན་དགོས་པའི་རེ་བ་འདོན་ཡོང་གི་ཡོད་པར་བརྟེན་བཀའ་ཤག་རིམ་པ་ནས་ལངས་ཕྱོགས་གཅིག་རང་བཟུང་སྟེ་ངོས་ལེན་གནང་གི་མེད་སྐོར་གསུངས་སོང་།

དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་ལྔ་པའི་སྔ་དྲོར། སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས་བུད་མེད་སྒེར་ལངས་ཉིན་མོ་བོད་ཀྱི་བུད་མེད་ཉིན་མོར་བཞག་པའི་སྐོར་ལ་བུད་མེད་ཚོགས་པའི་དབུས་རྒྱུན་ལས་སྲིད་སྐྱོང་དང་ཐུག་འཕྲད་གནང་འདུག་ན་ཡང་། སྲིད་སྐྱོང་གིས་བཤད་པ་དང་བུད་མེད་དབུས་རྒྱུན་ནས་བཤད་པ་གཉིས་གཏན་ནས་འདྲ་ཡི་མི་འདུག་ཅེས་དང་། ཡང་ད་ལན་གྱི་ནོར་འཁྲུལ་ཚང་མ་སྒང་ནས་འོག་ལ་བཀའ་བཏང་བ་མ་གཏོགས་འོག་ལ་སྐད་ཆ་མ་དྲིས་པའི་རྐྱེན་གྱིས་ཡིན་སྐོར་སོགས་བརྗོད་སོང་བ་དང་། དེ་བཞིན་གྲོས་ཚོགས་ཀྱི་ལས་ཉིན་གཉིས་པ་གསུམ་པ་ལའང་སྤྱི་འཐུས་མང་པོས་བོད་ཀྱི་བུད་མེད་ཉིན་མོ་གཏན་འབེབས་སྐོར་ལ་དགོངས་ཚུལ་མང་པོ་བརྗོད་ཡོད་སྟབས། དེ་རིང་སྲིད་སྐྱོང་མཆོག་ནས་བོད་ཀྱི་བུད་མེད་ཉིན་མོ་གཏན་འབེབས་ཀྱི་དགོས་པ་རྒྱུ་མཚན་སོགས་ཀྱི་སྐོར་ལ་གསལ་བཤད་གནང་སོང་།

ཐོག་མར་སྲིད་སྐྱོང་མཆོག་ནས་དབུས་བུད་མེད་ལྷན་ཚོགས་ཀྱི་རྒྱུས་ལས་དང་ཐུག་འཕྲད་བྱུང་བའི་བརྒྱུད་རིམ་ངོ་སྤྲོད་དང་འབྲེལ་ཁོང་གིས། བུད་མེད་སྒེར་ལངས་ཉིན་མོ་དགོས་ཟེར་བའི་རྒྱུ་མཚན་གཅིག་ག་རེ་བགྲེང་ཡོང་གི་འདུག་ཅེས་ན། ཕྱི་ལོ་ ༡༩༥༩ ཟླ་༣ ཚེས་ ༡༢ ཉིན་བོད་ཀྱི་བུད་མེད་ཚོས་བོད་རྩ་དོན་གྱི་ཆེད་དུ་ཆབ་སྲིད་ཀྱི་ལས་འགུལ་ཤུགས་ཆེན་པོ་སྤེལ་བ་རེད་ལབ་ཀྱི་འདུག རྒྱུ་མཚན་དེ་གཅིག་པུ་ཡིན་ན། ཚོགས་པ་གཞན་ཞིག་གིས་ཀྱང་བོད་ཀྱི་རྩ་དོན་ཆེད་དུ་རང་སྲོག་བློས་གཏོང་མཁན་བརྒྱ་ཕྲག་མང་པོ་བྱུང་ཡོད་པ་རེད། ཚོགས་པ་དེའི་ཉིན་མོ་དེ་གཞུང་འབྲེལ་ཉིན་མོ་གནང་རོགས་གནང་ཞེས། ཕྱི་ལོ་ ༡༩༨༠ནས་སྙན་ཞུ་རིམ་པར་འབྱོར་ཡོད་པ་རེད། བཀའ་ཤག་ངོས་ནས་ཚོགས་པ་དེ་ལ་བུད་མེད་སྒེར་ལངས་ཉིན་མོར་བུད་མེད་བརྒྱ་ཕྲག་མང་པོས་སྲོག་བློས་བཏང་ཡོད་པ་རེད། ཡིན་ན་ཡང་། གཞུང་འབྲེལ་ངོས་ལེན་ཞུ་ཡི་མེད་ཅེས་ཞུས་པ་ཡིན། གལ་སྲིད་བུད་མེད་སྒེར་ལངས་ཉིན་མོ་གཞུང་འབྲེལ་ངོས་ལེན་ཞུ་དགོས་ན། ཚོགས་པ་གཞན་བུད་མེད་ཚོགས་པ་ལས་ཆེ་བ་དང་འཐུས་མི་མང་པོ་ཡོད་པ། དེ་དག་གིས་ཀྱང་རིམ་པས་དེ་ལྟར་ཞུས་ནས་སླེབས་ཡོང་གི་ཡོད་དུས་གཞུང་འབྲེལ་ཉིན་མོ་མང་པོ་ཞིག་ཆགས་འགྲོ་ཡི་ཡོད་པ་རེད། དེ་སྔོན་བུད་མེད་ལྷན་ཚོགས་ལ་ཐུག་འཕྲད་སྐབས་ཁོ་རང་ཚོར་དེ་ལྟར་རང་ཞུས་པ་ཡིན། ཁོ་རང་ཚོའི་ངོས་ནས་ཐུགས་རྗེ་ཆེ་གསལ་བོ་ཆགས་སོང་ལབ་བྱུང་། ཞེས་གསུངས་སོང་།

བུད་མེད་ཉིན་མོ་ཟླ་༣ པའི་ཚེས་༡༢་ལ་འཇོག་དགོས་དོན་སྐོར་ལ་ཁོང་གིས། བུད་མེད་ཚོགས་པ་ཡོང་ནས་བུད་མེད་སྒེར་ལངས་ཉིན་མོ་དེ་གཞུང་འབྲེལ་ངོས་ལེན་གནང་ཐུབ་པ་ཡིན་ན་ཧ་ཅང་ཕན་ཐོགས་ཡོང་ས་རེད། ད་ལྟའི་ཆར་བུད་མེད་སྒེར་ལངས་ཉིན་མོར་མི་མང་གིས་ཆ་ཤས་ལེན་གྱི་མི་འདུག་ཅེས་མིག་ཆུ་དང་མཉམ་དུ་ཞུས་སོང་སྟབས། བཀའ་ཤག་ངོས་ནས་བསམ་བློ་བཏང་སྟེ་བུད་མེད་སྒེར་ལངས་ཉིན་མོ་གཞུང་འབྲེལ་ངོས་ལེན་ཞུ་ཐབས་མེད་དུས། བུད་མེད་སྒེར་ལངས་ཉིན་མོ་དེར་བོད་ཀྱི་རྩ་དོན་ཆེད་རང་སྲོག་བློས་གཏོང་མཁན་གྱི་བུད་མེད་ཚོ་གླེང་ཐུབ་པ་དང་མཉམ་དུ་བུད་མེད་ནུས་སྟོབས་གོང་སྤེལ་གཏོང་ཐུབ་པ་སོགས་ཐབས་ལམ་ཞིག་ཡོང་ན་སྙམ་སྟེ། ཕྱི་ཟླ་ ༣ པའི་ཚེས་༡༢ དེ་བོད་ཀྱི་བུད་མེད་ཉིན་མོར་བཞག་པ་ཡིན་ན་ཡག་པོ་འདུག་ཅེས་ཐབས་ལམ་བཙལ་བ་རེད། སྐབས་དེར་ང་ཚོས་ཐད་ཀར་ཞུས་པ་ཡིན། ཉིན་མོ་དེ་གཞུང་འབྲེལ་མཛད་སྒོ་ཡིན་དུས། མི་མང་མང་པོ་འཛོམས་ཡོང་གི་ཡོད་པ་རེད་ལ་གཞུང་འབྲེལ་ངོས་ནས་བཀོད་ཁྱབ་གཏོང་གནང་གི་རེད། སྡིངས་ཆ་དེའི་སྒང་ནས་ཉིན་མོ་དེར་བོད་ཀྱི་ལོ་རྒྱུས་ནང་དུ་མཛད་ཅན་གྱི་དཔའ་མོ་མང་པོའི་སྐོར་ནས་ག་རེ་གསུང་རྒྱུ་ཡོད་ན་གསུངས་རོགས་གནང་ཞེས་བཤད་པ་ཡིན། བཀའ་ཤག་ཡིན་ན་དེ་ག་རང་བཤད་ཀྱི་ཡོད་པ་རེད། མཛད་སྒོའི་སྐབས་ཡིན་ནའང་བཀའ་ཤག་ངོས་ནས་དེ་རིང་བུད་མེད་སྒེར་ལངས་ཉིན་མོ་རེད། བོད་ཀྱི་བུད་མེད་མང་པོ་ཞིག་གིས་རང་སྲོག་བློས་བཏང་གནང་ཡོད་པ་རེད་ཅེས་བརྗོད་ཡོད། ཉིན་མོ་དེར་ཁྲོམ་སྐོེར་སོགས་བྱས་ན་འགྲིག་གི་ཡོད་པ་རེད་ལ། ཕལ་ཆེར་ན་ནིང་ལོ་དེར་ལོ་རྒྱུས་ནང་དུ་བུད་མེད་སྒེར་ལངས་ཉིན་མོར་ཆ་ཤས་ལེན་མཁན་མི་འབོར་མང་ཤོས་ཆགས་ཡོད་པ་རེད། ཅེས་གསུངས་སོང་།

མཇུག་ཏུ་སྲིད་སྐྱོང་མཆོག་གིས་བཀའ་ཤག་ལ་བློ་ཕམ་གནས་ཚུལ་ག་རེ་ཡོད་ཞུས་ན། དབུས་རྒྱུན་ལས་སྲིད་སྐྱོང་ལ་ཐུག་འཕྲད་དུ་ཡོང་བ་རེད། དེ་ནས་ཁོ་རང་ཚོ་ཡར་སོང་ནས་ཚོགས་འདུ་ཚོགས་པ་ཡིན་ན་འགྲིག་གི་ཡོད་པ་རེད་ལ། ཚོགས་འདུ་ཚོགས་ནས་བཀའ་མོལ་འདི་འདྲ་བྱུང་སོང་ཞེས་ཞུས་པ་ཡིན་ན་འགྲིག་གི་ཡོད་པ་་རེད་དེ། དེ་འདྲ་རྩ་ནས་མི་འདུག ས་གནས་ཁག་ལ་བཀོད་ཁྱབ་བཏང་གནང་ནས་ས་གནས་ཁག་ལ་བཀའ་བློན་ཚོ་ཕེབས་དུས། དྷ་རམ་ས་ལ་ནས་ཁ་པར་སླེབས་ནས་བཀའ་བློན་ས་གནས་ལ་ཕེབས་ཀྱི་ཡོད་པ་རེད། ངེས་པར་དུ་ལངས་ནས་ཡི་གེ་དེ་ཀློག་དགོས་རེད་ཅེས་བཀའ་བཏང་འདུག དེ་འདྲ་གནང་དགོས་པ་མི་འདུག་བསམ་ཀྱི་འདུག བཀའ་ཤག་ལ་ཕེབས་པ་ཡིན་ན་ག་དུས་ཡིན་ནའང་སྒོ་ཕྱེ་ནས་ཡོད་པ་རེད། གྲོས་མོལ་བྱས་སྐད་ཆ་བཤད་ན་འགྲིག་གི་ཡོད་པ་རེད་དེ་ཡོང་གི་མི་འདུག ཅེས་གསུངས་སོང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༩/༢༣

Leave a Reply

4 thoughts on “བུད་མེད་སྒེར་ལངས་ཉིན་མོ་བུད་མེད་ཉིན་མོར་གཏན་འབེབས་གནང་བའི་གསལ་བཤད།

  1. ༄༅། བེུད་སྒེར་ལངས་ཀྱི་ཉིན་མོ་དེ་བེུད་ཀྱི་ཉིན་མོར་ངོས་འཛིན་བྱས་ན་འགྲིགས་ཀྱི་མི་འདུག་
    བུད་མེད་སྒེར་ལངས་ཉིན་མོ་འདི་ནི་ཆབ་སྲིད་ཀྱི་གནད་དོན་ཞིག་རེད། བོད་ཀྱི་ལོ་རྒྱུས་ནང་བསྲུབ་
    ཐབས་དང་ཡལ་སྟབས་མེད་པའི་གནད་དོན་ཞིག་རེད། ཉ་དང་ཉུང་མ་བསྲེས་ན་རྩ་བ་ནས་འགྲིགས་
    ཀྱི་མ་རེད་ཅེས་ཞུ་རྒྱ་ཡིན།

  2. གཞུང་པ་ཚེ་དབང་བསོད་ནམས་ཡ

    ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་ཁྲིམས་བཟོའི་ལས་དོན་གལ་ཆེན་སྲིད་སྤྱིའི་འོས་སྒྲིག་ལ་བསྐྱར་བཅོས་གནང་རྒྱུ་དང་བཅའ་ཁྲིམས་དོན་ཚན་བརྒྱད་པའི་ནང་གསེས་བཞི་པའི་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ཁྲིམས་ལུགས་གཏན་འབེབས་གནང་རྒྱུ་དང་བཅའ་ཁྲིམས་དོན་ཚན་གསུམ་པ་ཆབ་སྲིད་ཀྱི་རང་བཞིན་ཟེར་བའི་ནང་གསལ་བའི་ཡུལ་མིའི་རྒྱལ་ཁབ་ (REPUBLIC) ཟེར་བའི་མང་གཙོའི་ལྟ་སྒྲུབ་དང་མཐུན་པའི་ཁྲིམས་མཐུན་གྱི་ཐ་སྙད་དེ་སྤྱི་འཐུས་གྲོས་ཚོགས་སྐབས་བཅོ་ལྔ་ནས་ཡུལ་མིའི་སྲིད་སྐྱོང་ཟེར་བའི་ཐ་སྙད་གསར་གཏོད་ལ་ཁ་ཕྱོགས་པ་འདི་དག་མང་གཙོ་སྤྱིའི་ལྟ་སྒྲུབ་ལ་ང་ཚོའི་འགན་འཁུར་ནས་ཚད་ལྡན་གྱི་ཐ་སྙད་ཡུལ་མིའི་རྒྱལ་ཁབ་ ( REPUBLIC ) ལ་བསྐྱར་བཅོས་དགོས་པ་དེ་མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་འོག་ང་ཚོ་འཛམ་གླིང་མི་མང་གི་མདུན་འཚོ་དགོས་པ་དེ་འདས་པའི་བོད་ཀྱི་ལོ་རྒྱུས་ལ་ཕྱི་མིག་བལྟ་སྐབས་རྗེས་ལུས་ནས་ཡང་ལུས་དུ་ང་ཚོ་ནམ་ཡང་ལྷག་མི་ཉན་ནོ་།

  3. རྒྱུད་གྲྭ་བློ་བཟང་དབང་འདུས།

    ང་ཚོ་བཙན་བྱོལ་གཞུང་ཕོ་མོ་དབྱེར་མེད་ཀྱི་གཞུང་གཅིག་རེད་པ། སུམ་བཅུ་དུས་འདྲན་གྱི་མ་སྒྲིག་པ་ག་རེད་ཡོད། ༣/༡༠ དུས་འདྲན་དེ་ ཕོ་ཡི་བྱེད། ༣/༡༢ དུས་འདྲན་དེ་མོ་ཡི་ ཁ་ཁ་ཆགས་ཀྱི་ཡོད་རེད་པས། ཡོངས་ཚམས་ཞིག་ནས་བསྟན་སྲུང་དང་བླངས་དམག ཆུ་བཞི་སྒང་དྲུག ཆབ་སྲིད་བཙོན་པ། རང་ལུས་མེར་སྲེག འདིའི་གང་ལ་ དུས་རྒྱུན་ ངན་པ་དགུ་འཛོམ། བཟང་པོ་བཅུ་འཛོམ་དུས་ཆེན་སོགས། དེ་ནི་ལོ་གཅིག་ནང་ གཟའ་སྤེན་པ་་་ཉི་མ། ཨོ་ཧོ། བོད་གཞུང་སྒོ་ཕྱེ་མོ་གོ་པ་རེད་འདུག་ག ལས་བྱེད་པ་ཚོ་སྐྱིད་ཤང་བྱེད་ནས་གླ་ཕོགས་ལེན་ནི་བསྡོད་རྒྱུ་རེད་འདུག་ག ཧ། ཧ། སྐྱིད་པ་ལ། མདོ་སྟོད་ཆུ་བཞི་སྒང་དྲུག་ཡིན་རུང་། བུད་མེད་སྒེར་ལངས་ཡིན་རུང་ སུ་ལ་སྡུག་ཡུལ་བཤེས་ཀྱི་ཡོད་རེད། འདི་སྔོན་བཞུས་ཚར་པ་ཡིན། རྒྱ་གར་ལ་ Jhansi Ki Rani, Kittur ki Rani, ཉེ་བའི་ཆ་ལ་ Kalpana Chawla, Kiran Bedi སོགས་དུ་མ་བྱུང་ཡོད། 15 August གཅིག་རེད། 26 January གཅིག་རེད་ཏོ།

  4. གཞུང་པ་ཚེ་དབང་བསོད་ནམས་ཡ

    བུད་མེད་སྒེར་ལངས་ཟེར་ན་ཡང་རེད་བསྟན་སྲུང་དམག་གི་སྒྲིག་འཛུགས་ཟེར་ན་ཡང་རེད་དོན་དངོས་བོད་ཆོལ་ཁ་གསུམ་གྱི་དཔའ་བོ་དཔའ་མོ་ཚོར་ང་ཚོའི་རྗེས་དྲན་ཞུས་ནས་ཁོང་རྣམ་པའི་མཆོད་སེམས་དང་དམིགས་ཡུལ་དགོས་འདུན་དེ་ང་ཚོ་མི་རབས་གསར་པ་ཚོའི་མཁྱེན་པའི་ཐོག་ནས་ནུས་ལྡན་གྱི་ལས་འགུལ་སྤེལ་དགོས་པ་ལས་འདས་པའི་དཔའ་བོ་དཔའ་མོ་ཚོའི་མིང་ཁྱེར་ནས་དུས་ཆེན་དང་དུས་དྲན་ཟེར་ནས་ཁ་སྟོང་ལག་སྟོང་གི་ཆབ་སྲིད་བཙན་བྱོལ་སྤྱི་ཚོགས་མ་ཁྲབ་ན་ལག་ལེ་མ་རེད་དམ་?