ཆབ་སྲིད་ཀྱི་ངོ་བོ་ལྡན་པའི་སྒྲིག་འཛུཊ་ཤིག་ཡོད་པས་མི་སེར་ཐོབ་ཐང་ལེན་དགོས་པ་རེད་ཅེས་ཞུ་ཐུབ་ཀྱི་མི་འདུག

རྒྱ་གར་བོད་དོན་རྒྱབ་སྐྱོར་བ་སོགས་ཀྱིས་ད་ལྟ་བར་དཀའ་ལས་མང་པོ་བརྒྱབས་ཏེ་བོད་མི་ཚོར་སྐྱབས་བཅོལ་ལག་ཁྱེར་དང་ཕྱིར་སྐྱོད་ལག་ཁྱེར་སྤྲོད་ཀྱི་ཡོད་ཀྱང་ད་ལྟ་དེ་ཚོ་ཚང་མ་འཕྲོ་བརླགས་ཏུ་ཕྱིན་པ་ལྟ་བུར་མཐོང་ནས་བློ་ཕམ་ཡོང་གི་འདུག་སྐོར་བརྗོད་སོང་ཟེར། 
དེང་སང་བོད་མི་གང་འཚམས་ཤིག་གིས་རྒྱ་གར་གྱི་མི་སེར་ཐོབ་ཐང་ལེན་གྱི་ཡོད་པའི་སྐོར་ལ་གྲོས་ཚོགས་ནང་གླེང་སློང་བྱུང་བར་བརྟེན།
དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་ལྔ་པའི་སྔ་དྲོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། རྒྱ་གར་གྱི་ཁྲིམས་ནང་མི་སེར་ལེན་ཆོག་པའི་ཐོབ་ཐང་གསལ་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་གར་གྱི་མི་སེར་ཐོབ་ཐང་ལེན་ཆོག་གི་མ་རེད་ཅེས་ཞུ་ཡི་མེད་ཀྱང་། ང་ཚོར་ཆབ་སྲིད་ཀྱི་ངོ་བོ་དང་དགོས་མཁོ་ཆེ་བའི་བཙན་བྱོལ་བའི་སྒྲིག་འཛུགས་ཤིག་ཡོད་པས་མི་སེར་ཐོབ་ཐང་ལེན་དགོས་པ་རེད་ཅེས་ཞུ་ཐུབ་ཀྱི་མེད་སྐོར་གསུངས་སོང་།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་མི་རྒྱ་གར་སོགས་རྒྱལ་ཁབ་གཞན་གྱི་མི་སེར་ཐོབ་ཐང་ལེན་མཁན་ཚོའི་སྐོར་ལ་གསུངས་དོན། རྒྱ་གར་མི་སེར་ལག་ཁྱེར་དང་འབྲེལ་བའི་སྐོར་ལ་བཀའ་མོལ་མང་པོ་བྱུང་སོང་། ཐོག་མར་དབྱེ་མཚམས་བྱེད་དགོས་པ་གཙོ་བོ་ནི་བོད་ཀྱི་ཡུལ་མི་དང་བོད་མི་སྐྱབས་བཅོལ་བ་གཉིས་རེད། བོད་མི་སུ་ཞིག་གིས་རྒྱ་གར་གྱི་མི་སེར་ལག་ཁྱེར་ལེན་པའམ། ཨ་རིའི་མི་སེར། དེ་བཞིན། ཡུ་རོབ་ཀྱི་མི་སེར་སོགས་རྒྱལ་ཁབ་གང་གི་མི་སེར་གནང་བ་ཡིན་ན་ཡང་། ཁོང་ཚོ་བོད་ཀྱི་ཡུལ་མི་ཡིན་པ་དེ་རང་འཇགས་གནས་ཀྱི་ཡོད་པ་རེད། བོད་ཀྱི་ཡུལ་མི་ཞིག་ཡིན་ན་ཁོང་ཚོར་དཔྱ་ཁྲལ་ལག་དེབ་ཡོད་པ་མ་ཟད་འོས་ཤོག་ཀྱང་བླུག་ཆོག་གི་ཡོད་ལ། གྲོས་ཚོགས་ཀྱི་འཐུས་མི་དང་བཀའ་བློན། དེ་བཞིན། སྲིད་སྐྱོང་ལའང་བཞེང་ཆོག་གི་ཡོད་པ་རེད། གང་ཡིན་ཟེར་ན། ང་ཚོའི་བཅའ་ཁྲིམས་ཀྱི་ནང་དུ་ལུང་པ་གཞན་གྱི་མི་སེར་ལག་ཁྱེར་བཞེས་ཆོག་པ་འཁོད་ཡོད། གནད་དོན་གཙོ་བོ་ཐུག་ས་དེ་བོད་མི་སྐྱབས་བཅོལ་བའམ་སྐྱབས་བཅོལ་བོད་མི་ཞེས་པ་དེར་ཐུག་ཡོད་པ་རེད། ཅེས་དང་། ཕྱི་ལོ་ ༡༩༥༠ ནས་ ༡༩༨༧ བར་རྒྱ་གར་ནང་སྐྱེས་པའི་བོད་མི་སུ་ཡིན་རྒྱ་གར་གྱི་མི་སེར་ཡིན་པ་མ་ཟད། ཁོང་ཚོའི་ཕྲུ་གུའང་རང་བཞིན་གྱིས་རྒྱ་གར་མི་སེར་ཆགས་ཀྱི་ཡོད་པ་དེ་ཁྲིམས་ནང་གསལ་ཡོད་པས་བོད་མིའི་སྒྲིག་འཛུགས་ནས་དེ་ལ་དགག་བྱ་གང་ཡང་གནང་གི་མེད་ཀྱང་། ང་ཚོར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཤིག་ཡོད་པ་དང་། བཙན་བྱོལ་བའི་སྒྲིག་འཛུགས་ལ་ཆབ་སྲིད་ཀྱི་ངོ་བོ་དང་དགོས་མཁོ་ཞིག་ཡོད་སྟབས། བཀའ་ཤག་གི་ངོས་ནས་བོད་མི་ཚོར་རྒྱ་གར་གྱི་མི་སེར་བྱེད་དགོས་པ་རེད་ཅེས་ཞུ་ཐུབ་ཀྱི་མེད་སྐོར་གསུངས་སོང་།  

རྒྱ་གར་མི་སེར་ལག་ཁྱེར་གྱི་ཐོབ་ཐང་སྐོར་ཉེ་ལམ་གང་སར་ཁྱབ་བསྒྲགས་ཕྱིན་ཏེ་ཕྱི་རྒྱལ་ཁག་གི་བོད་མི་སྐྱབས་བཅོལ་བར་དོ་ཕོག་བྱུང་སྐོར་ཁོང་གིས།  བར་ལམ་ནས་རྒྱ་གར་མི་སེར་ལག་ཁྱེར་དེའི་སྐོར་ལ་ཁྱབ་བསྒྲགས་མང་པོ་ཞིག་ཕྱིན་ཡོད་པ་རེད། བོད་པར་ཤ་ཚ་ཡོད་པའི་རྒྱ་གར་གྱི་གནད་ཡོད་མི་སྣ་གལ་ཆེན་མང་པོ་ཞིག་ཡོད་པ་ཚོས་ང་ལ་གསུངས་དོན། ང་ཚོར་བོད་པ་ནང་བཞིན་རྒྱ་གར་ནང་སྐྱབས་བཅོལ་བ་མང་པོ་ཞིག་ཡོད། འོན་ཀྱང་། ཁོང་ཚོར་སྐྱབས་བཅོལ་ལག་ཁྱེར་(RC) དང་ཕྱིར་སྐྱོད་ཆོག་པའི་དེབ་སེར་པོ་ (IC) དེ་འདྲ་ཡོད་པ་མ་རེད། བོད་པའི་ཆེད་དུ་དམིགས་བསལ་གྱིས་དཀའ་ལས་མང་པོ་བརྒྱབས་ནས་ཆ་རྐྱེན་དེ་འདྲ་བསྐྲུན་ཡོད་ཀྱང་། བོད་པ་ཚོས་སྐྱབས་བཅོལ་ལག་ཁྱེར་དང་ཕྱིར་སྐྱོད་ལག་ཁྱེར་དེ་ཚོ་དགོས་ཀྱི་མི་འདུག་ཟེར་ནས་ཕྱིས་ལ་བཏོན་ནས་ཁྱབ་བསྒྲགས་བྱས་པ་དེས། ད་ལྟ་བར་དུ་ཤ་ཞེན་བྱས་ནས་དཀའ་ལས་བརྒྱབས་པ་ཚང་མ་འཕྲོ་བརླག་འགྲོ་བ་ལྟ་བུར་མཐོང་ནས་བློ་ཕམ་ཡོང་གི་ཟེར་གྱི་འདུག དེ་བཞིན། ཁོང་ཚོས་རྒྱ་གར་གཞུང་ལ་ཁྲིམས་ཧ་ཅང་གི་གཞི་རྒྱ་ཆེན་པོ་ཡོད་ཀྱང་ཨུ་ཚུགས་ཀྱིས་དེའི་བར་ནས་ཐབས་ལམ་བཙལ་ཏེ། བོད་པ་ཚོར་དམིགས་བསལ་གྱིས་རྒྱ་གར་ནང་སྡོད་ཆོག་པའི་སྐྱབས་བཅོལ་ལག་ཁྱེར་མ་ཟད། ཕྱིའི་རྒྱལ་ཁབ་ཁག་ཏུ་བསྐྱོད་ཆོག་པའི་ཕྱིར་སྐྱོད་ལག་ཁྱེར་སྤྲད་ཡོད་ལ། ད་དུང་སྐྱབས་བཅོལ་ལག་ཁྱེར་ལོ་ལྔ་རེའི་མཚམས་སུ་ཐེངས་གཅིག་མ་གཏོགས་བསྐྱར་གསོ་བྱེད་མ་དགོས་པ་དེ་འདྲའང་བཟོས་ཡོད་ཀྱང་། སྐྱབས་བཅོལ་ལག་ཁྱེར་དང་ཕྱིར་སྐྱོད་ལག་ཁྱེར་དེ་ཚོས་བོད་པ་ཚོ་གནོན་ཐབས་བྱེད་བཞིན་པ་ལྟ་བུར་ཚོར་གྱི་ཡོད་ས་རེད་གསུང་གི་འདུག

དེ་ལྟར་ཁྱབ་བསྒྲགས་བྱེད་མཁན་བོད་མི་རེ་ཟུང་གིས་བྱས་ཡོད་པ་མ་གཏོགས། བོད་མི་ཚང་མས་དེ་ལྟར་བྱས་ཡོད་པ་མ་རེད། འོན་ཀྱང་། ཁྱབ་བསྒྲགས་དེ་ལ་བརྟེན་ནས་ཁོང་རྣམ་པས་བོད་མི་ཚང་མས་དེ་ལྟར་བྱས་པ་ལྟར་ཚོར་འདུག དེ་འདྲ་རྩ་བ་ཉིད་ནས་མ་རེད་ཅེས་ང་ཚོས་འགྲེལ་བརྗོད་བྱས་པ་ཡིན། རྒྱ་གར་བོད་དོན་རྒྱབ་སྐྱོར་བ་དང་བོད་ལ་ཤ་ཞེན་ཡོད་མཁན་ཚོས་ང་ཚོ་བོད་པ་ཚོ་རྒྱ་གར་ནང་དུ་རྩ་དོན་རྩོད་པར་ཡོང་བ་ཞིག་ཡིན་པ་ལས། རྒྱ་གར་གྱི་མི་སེར་ལག་ཁྱེར་ཞུ་བར་ཡོང་བ་ཞིག་མ་རེད། བོད་མི་རང་ལུས་མེར་སྲེག་གནང་མཁན་ཚོས་རྩ་དོན་གྱི་ཆེད་རང་སྲོག་བློས་བཏང་གནང་བ་ཞིག་རེད་ཅེས་གསུང་གི་འདུག གལ་ཏེ་རྒྱ་གར་གྱི་མི་སེར་ལག་ཁྱེར་ཞུ་བ་ཡིན་ཡང་ངེས་པར་དུ་ཁྱབ་བསྒྲགས་ཤུགས་ཆེན་པོ་དེ་འདྲ་བྱེད་དགོས་དོན་ཡོད་དམ་གསུང་གི་འདུག རྒྱ་གར་གྱི་མི་སེར་ལག་ཁྱེར་ཞུ་བ་ལ་བརྟེན་ནས་ཕྱི་རྒྱལ་དུ་མི་སེར་ལག་ཁྱེར་ཞུ་མཁན་ཚོར་དོ་ཕོག་ཡོང་གི་ཡོད་པ་རེད། ཉེ་ལམ་ཁོང་ཁེ་ཎ་ཌར་ཡོད་པའི་སྐབས་སུ་ས་གནས་ཁྲིམས་རྩོད་པ་ཁ་ཤས་ཤིག་དང་ཐུག་ཕྲད་བྱས་ཡོད་པ་དང་། རྒྱ་གར་གཞུང་གིས་བོད་མི་ཚོར་མི་སེར་ལག་ཁྱེར་གནང་གི་ཡོད་སྟབས། དེང་སང་གནས་སྐབས་རིང་ཁེ་ཎ་ཌར་ཡོད་པའི་བོད་མི་སྐྱབས་བཅོལ་ཞུ་མཁན་ཚོ་བཀག་བཞག་འདུག གང་ཡིན་ཟེར་ན། ཁེ་ཎ་ཌའི་ཁྲིམས་དཔོན་མང་པོ་ཞིག་གི་ལག་ཏུ་ཁྱབ་བསྒྲགས་ཀྱི་ཡི་གེ་དེ་སོན་ཡོད་པ་དང་། སུད་སི་རྒྱལ་ཁབ་ཏུའང་བོད་པར་དམ་དྲག་བྱས་པའི་རྒྱུ་མཚན་དེར་ཐུག་ཡོད་པ་མ་ཟད། དེ་དང་དེ་བཞིན་གྱི་རྒྱལ་ཁབ་གཞན་དུའང་དཀའ་ངལ་དེ་རིགས་འཕྲད་སྲིད་ཀྱི་རེད་སྐོར་གསུངས་སོང་།

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༩/༢༣

Leave a Reply

5 thoughts on “ཆབ་སྲིད་ཀྱི་ངོ་བོ་ལྡན་པའི་སྒྲིག་འཛུཊ་ཤིག་ཡོད་པས་མི་སེར་ཐོབ་ཐང་ལེན་དགོས་པ་རེད་ཅེས་ཞུ་ཐུབ་ཀྱི་མི་འདུག

  1. དོན་གྲུབ་བཟང་པོ།

    བོད་པ་ཚོས་སྐྱབས་བཅོལ་ལག་ཁྱེར་དང་ཕྱིར་སྐྱོད་ལག་ཁྱེར་དེ་ཚོ་དགོས་ཀྱི་མི་འདུག་ཟེར་ནས་ཕྱིས་ལ་བཏོན་ནས་ཁྱབ་བསྒྲགས་བྱས་པ་དེས། ད་ལྟ་བར་དུ་ཤ་ཞེན་བྱས་ནས་དཀའ་ལས་བརྒྱབས་པ་ཚང་མ་འཕྲོ་བརླག་འགྲོ་བ་ལྟ་བུར་མཐོང་ནས་བློ་ཕམ་ཡོང་གི་ཟེར་གྱི་འདུག དེ་བཞིན། ཁོང་ཚོས་རྒྱ་གར་གཞུང་ལ་ཁྲིམས་ཧ་ཅང་གི་གཞི་རྒྱ་ཆེན་པོ་ཡོད་ཀྱང་ཨུ་ཚུགས་ཀྱིས་དེའི་བར་ནས་ཐབས་ལམ་བཙལ་ཏེ། བོད་པ་ཚོར་དམིགས་བསལ་གྱིས་རྒྱ་གར་ནང་སྡོད་ཆོག་པའི་སྐྱབས་བཅོལ་ལག་ཁྱེར་མ་ཟད། ཕྱིའི་རྒྱལ་ཁབ་ཁག་ཏུ་བསྐྱོད་ཆོག་པའི་ཕྱིར་སྐྱོད་ལག་ཁྱེར་སྤྲད་ཡོད་ལ། ད་དུང་སྐྱབས་བཅོལ་ལག་ཁྱེར་ལོ་ལྔ་རེའི་མཚམས་སུ་ཐེངས་གཅིག་མ་གཏོགས་བསྐྱར་གསོ་བྱེད་མ་དགོས་པ་དེ་འདྲའང་བཟོས་ཡོད་ཀྱང་། སྐྱབས་བཅོལ་ལག་ཁྱེར་དང་ཕྱིར་སྐྱོད་ལག་ཁྱེར་དེ་ཚོས་བོད་པ་ཚོ་གནོན་ཐབས་བྱེད་བཞིན་པ་ལྟ་བུར་ཚོར་གྱི་ཡོད་ས་རེད་གསུང་གི་འདུག