འཇར་མན་སྲིད་དོན་མཉམ་འབྲེལ་ཚོགས་པར་རྒྱལ་ཁ་ཐོབ།

འཇར་མན་གྱི་སྐབས་ ༡༩ པའི་གྲོས་ཚོགས་འཐུས་མི་འོས་བསྡུའི་ཁྲོད་ལྕམ་མིར་ཁིལ་མཆོག་གིས་སྣེ་ཁྲིད་པའི་སྲིད་དོན་མཉམ་འབྲེལ་ཚོགས་པར་འོས་གྲངས་བརྒྱ་ཆ་ ༣༣ ཟིན་ཏེ་རྒྱལ་ཁ་ཐོབ་ཡོད་འདུག

ཁ་སང་བྷི་བྷི་སི་དང་སི་ཨན་ཨན་གསར་འགྱུར་བརྒྱུད་ལམ་དུ་སྤེལ་བའི་གནས་ཚུལ་ལྟར་ན། ཕྱི་ཚེས་ ༢༤ ཉིན་འཇར་མན་གྱི་སྐབས་ ༡༩ པའི་རྒྱལ་ཡོངས་གྲོས་ཚོགས་འཐུས་མི་འོས་བསྡུ་གནང་ཡོད་པ་དང་། གྲོས་ཚོགས་ཀྱི་ཞབས་བཀྱག་ ༧༠༩ ནས་ལྗང་ཁུ་ཚོགས་པར་ (GP) ཞབས་བཀྱག་ ༦༧ དང་། གཡོན་ཕྱོགས་ཚོགས་པར་ (LP) ཞབས་བཀྱག་ ༦༩། རང་དབང་དམངས་གཙོ་ཚོགས་པར་ (FDP) ཞབས་བཀྱག་ ༨༠། གཡས་ཕྱོགས་རྒྱལ་ཞེན་ཚོགས་པར་ (AfD) ཞབས་བཀྱག་ ༩༤། སྤྱི་ཚོགས་དམངས་གཙོ་ཚོགས་པར་ (SPD) ཞབས་བཀྱག་ ༡༥༣ དང་། སྲིད་དོན་མཉམ་འབྲེལ་ཚོགས་པར་ (CDU/CSU) ཞབས་བཀྱག་ ༢༤༦ བཅས་ཐོབ་སྟེ། འཇར་མན་སྲིད་བློན་ལས་ཐོག་ལྕམ་ཨན་ཇི་ལ་མིར་ཁིལ་མཆོག་(Angela Merkel)གིས་སྣེ་ཁྲིད་པའི་སྲིད་དོན་མཉམ་འབྲེལ་ཚོགས་པར་ (CDU/CSU) གྲོས་ཚོགས་ཀྱི་ཞབས་བཀྱག་བརྒྱ་ཆ་ ༣༣ ཟིན་ཡོད་པ་རེད།

སྲིད་དོན་མཉམ་འབྲེལ་ཚོགས་པར་རྒྱལ་ཁ་ཐོབ་པར་བརྟེན་ལྕམ་མིར་ཁིལ་མཆོག་ནས་འཇར་མན་སྲིད་བློན་སྐབས་ ༤ བའི་ལས་འཁུར་གནང་རྒྱུ་ཡིན་པར་ཚོད་དཔག་བྱེད་ཀྱི་ཡོད་ཀྱང་། སྲིད་བློན་ལས་འཁུར་ཞུ་བར་ལྕམ་མིར་ཁིལ་གྱི་སྲིད་དོན་མཉམ་འབྲེལ་ཚོགས་པར་གྲོས་ཚོགས་ཀྱི་ཞབས་བཀྱག་བརྒྱ་ཆ་ ༥༠ འཐོབ་དགོས་ཀྱི་ཡོད་སྟབས། སྲིད་དོན་ཚོགས་པ་གཞན་དག་དང་ཟླ་སྒྲིལ་གཏོང་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་འདུག

ལྕམ་མིར་ཁིལ་མཆོག་གིས་བྷིར་ལེན་གྲོང་ཁྱེར་ནང་ཐེངས་འདིའི་གྲོས་ཚོགས་འོས་བསྡུ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག འཇར་མན་གཞུང་སྔར་ལས་བརྟན་ལྷིང་ཡོང་དགོས་སྟབས། མོས་འཇར་མན་གྱི་སྲིད་དོན་ཚོགས་པ་ཁག་ཟླ་སྒྲིལ་ཡོང་ཐབས་ལ་འབད་བརྩོན་བྱ་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད།

ཉེ་བའི་ལོ་ཤས་ནང་ཡུ་རོབ་རྒྱལ་ཁབ་ཁག་ནང་འཛམ་གླིང་ཤར་ནུབ་ཀྱི་སྐྱབས་བཅོལ་བ་ས་ཡ་མང་པོ་སླེབས་པའི་དཀའ་རྙོག་འོག འཇར་མན་སྲིད་བློན་ལྕམ་མིར་ཁིལ་ལགས་ཀྱིས་འཇར་མན་ནང་སྐྱབས་བཅོལ་བ་ས་ཡ་གཅིག་ལྷག་བླངས་ཡོད་སྟབས། ཐེངས་འདིའི་འཇར་མན་གྲོས་ཚོགས་འོས་བསྡུའི་སྐབས། གཡས་ཕྱོགས་རྒྱལ་ཞེན་ཚོགས་པ་ (AfD) གཙོས་པའི་སྲིད་དོན་ཚོགས་པ་ཁག་ཅིག་གིས་ལྕམ་ཨན་གྷི་ལ་མིར་ཁིལ་ལགས་ཀྱི་སྐྱབས་བཅོལ་སྲིད་ཇུས་དང་ཡུ་རོབ་མཉམ་འབྲེལ་སྲིད་ཇུས་བཅས་ལ་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱིན་ཡོད་པ་རེད།

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༩/༢༦

Leave a Reply