རྩིས་ལེན་མ་ཐུབ་པའི་བོད་སློབ་ཁག་ ༡༤ མི་འགྱངས་བར་རྩིས་སྤྲོད་གནང་འཆར་འདུག

ཤེས་རིག་བཀའ་བློན་མཆོག་གིས་འདི་ལོར་བོད་པའི་སློབ་གྲྭ་ཁག་ ༨ ནས་སློབ་ཕྲུག་གློ་ནད་ཀྲི་བི་ནད་པ་ ༡༩ བྱུང་ཡོད་ཀྱང་ད་ལྟ་ཚང་མ་དྲག་སྐྱེད་བྱུང་ཟིན་ཡོད་སྐོར་གསུངས་སོང་།

དེ་རིང་གྲོས་ཚོགས་ལས་ཉིན་བདུན་པའི་སྔ་དྲོར་བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་ནས་བོད་པའི་གཏན་སློབ་ཁག་རྩིས་ལེན་གྱི་གནས་སྟངས་གང་འདྲ་ཞིག་ལ་བསླེབ་ཡོད་པ་དང་། སློབ་དུས་འཐུས་ཤོར་ཆགས་ཀྱི་ཡོད་པ་དེར་ཐབས་ལམ་གང་འདྲ་འཚོལ་གྱི་ཡོད་མེད་སྐར་རྟགས་ཅན་གྱི་དྲི་བ་ཕུལ་བར་ཤཻས་རིག་བཀའ་བློན་དངོས་འགྲུབ་ཚེ་རིང་མཆོག་གིས། ད་བར་བོད་སློབ་འཛིན་ཚོགས་ནས་སྔོན་འགྲོ་སློབ་གྲྭ་ཁག་ ༣༣ དང་གཞི་རིམ་འོག་མ་༩།  གཞི་རིམ་བར་མ་ ༥ བཅས་ཁྱོན་སློབ་གྲྭ་ཁག་ ༤༧ རྩིས་ལེན་རྩིས་སྤྲོད་ཟིན་ཏེ་ཧུར་ཐག་བྱེད་བཞིན་ཡོད་པ་དང་། ད་དུང་སློབ་གྲྭ་ཁག་ ༡༤ ལྷག་བསྡད་ཡོད་པ་དེ་ཕྱི་ལོ་༢༠༡༨ ཟླ་༣ ནང་ཚུད་རྩིས་སྤྲོད་གནང་རྒྱུའི་ཞལ་བཞེས་ཡོད་པ་དང་། བར་བརྒལ་གྱི་དུས་ཚོད་འདིའི་རིང་སློབ་ཕྲུག་རྣམས་ལ་བརྡབ་གསིག་འཐུས་ཤོར་སོང་བར་ཤེས་རིག་ལས་ཁུངས་ལ་བཅོས་མིན་སེམས་འཚབ་ཤུགས་ཆེན་ཡོད་པ་ལྟར། སྲིད་སྐྱོང་མཆོག་གི་དབུས་བཀའ་བློན་དང་དྲུང་ཆེ། ལྡི་ལི་སྐུ་ཚབ་དོན་གཅོད་བཅས་ནས་སྔ་ཕྱིར་རྒྱ་གར་དབུས་ཤེས་རིག་བློན་ཆེན་མི་འདྲ་བ་ ༥ དང་། དྲུང་ཆེ་༤།  དབུས་སློབ་འཛིན་ཚོགས་ཀྱི་ཚོགས་གཙོ་མི་འདྲ་བ་ ༥།  དབུས་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་མི་འདྲ་བ་ ༦ བཅས་འཕོ་འགྱུར་རིམ་བྱུང་ལ་ཐེངས་ ༧༦ ཙམ་མཇལ་འཕྲད་གནང་བ་དང་། ཡིག་ངག་གཉིས་ཐོག་ནས་འབོད་སྐུལ་མཇུག་སྐྱོང་གནང་ཡོད་པ་མ་ཟད། རྒྱ་གར་ཕྱི་སྲིད་ལས་ཁུངས་དང་རྒྱ་གར་བློན་ཆེན་སོགས་གནད་ཡོད་ངོ་ཤེས་མི་སྣ་བརྒྱུད་དངོས་ཤུགས་བརྒྱུད་གསུམ་ནས་ཐབས་ཤེས་ཞུས་ཡོད་དང་། དེ་བཞིན་གནས་སྟངས་ཇེ་སྡུག་ཏུ་མི་འགྲོའི་ཆེད་བོད་སློབ་ཁག་ལ་ཆེད་བཅར་གྱིས་དགེ་རྒན་རྣམ་པར་མུ་མཐུད་འཁུར་བསྐྱེད་ཡོང་བའི་འབོད་སྐུལ་ཞུས་དང་ཞུ་བཞིན་ཡོད་པ་དང་། དགེ་རྒན་ས་སྟོང་ཐོན་རིགས་འཕྲལ་བསྐོ་ཡོང་བ་དབུས་བོད་ཚོགས་ལ་འབྲེལ་བ་ཞུས་པ། འཛིམ་རིམ་༡༢ ཀྱི་སློབ་མ་རྣམས་ལ་ཟུར་སྦྱོང་གོ་སྒྲིག་དང་། སྐབས་རེར་སློབ་ཚན་དམིགས་བསལ་ཐོག་ཤེས་རིག་ནས་དགེ་རྒན་འཕར་བསྐོ་ཞུས་པ་སོགས་ཐབས་ཤེས་གང་ཐུབ་ཞུ་མུས་ཡིན་སྐོར་གསུངས་སོང་།

ཡང་ཤེས་རིག་བཀའ་བློན་མཆོག་གིས་སྤྱི་འཐུས་ཁག་ཅིག་གི་དྲི་བར་ལན་འདེབས་གནང་སྐབས། སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སློབ་གྲྭ་ཁག་དང་། བོད་སློབ་འཛིན་སྐྱོང་ཚོགས་པ་ནས་རྩིས་བཞེས་གནང་བའི་སློབ་གྲྭ་ཁག་གི་ནང་རྒྱ་གར་གྱིི་ཡུལ་མི་ཡིན་པ་སློབ་ཕྲུག་ག་ཚོད་ཡོད་མེད་སྐོར་ལ་ཁོང་གིས། ཤེས་རབ་དགའ་ཚལ་གླིང་དང་སྦིར་ཉིན་སློབ། པུར་ཝ་ལ།  བྷན་ད་ར་ཉིན་སློབ། ཅ་གུ་ཉིན་སློབ། གོ་ལ་ཐ་ལ་ཉིན་སློབ་བཅས་ཀྱི་ནང་རྒྱ་གར་གྱི་ཡུལ་མི་མེད་ཀྱང་། པོན་ཊ་གཏན་སློབ་ནང་ ༤་དང་། ཅོན་ཏ་ར་གཏན་སློབ་ནང་ ༢། དཔེ་སྟོན་སློབ་གྲྭ་གཉིས་ལ་ ༡། བདེ་སྐྱིད་གླིང་ཉིན་སློབ་ཏུ ༢༠། མ་ཎ་ལི་ཉིན་སློབ་ཏུ་ ༥། ཤི་ལོང་གཏན་སློབ་ཏུ་ཧི་མ་ལ་ཡའི་ཡུལ་མི་ ༡༩། མེའོ་ཉིན་སློབ་ལ་ ༤། ར་ཝང་ལ་ཉིན་སློབ་ལ་ ༢༤། ཏི་ཛུ་ཉིན་སློབ་ལ་ ༡། མོན་གྷོ་ཉིན་སློབ་ལ་ ༢༠། མོན་གྷོ་ཉིན་སློབ་གཞི་རིམ་འོག་མར་ ༢༡། མེན་པཊ་ཉིན་སློབ་ལ་ ༨། ཨུ་རི་ས་ཉིན་སློབ་ལ་ ༣༦། ཀེ་ལཤ་པར་ལ་ ༡༥། ཨ་ལི་ཀུ་མ་རི་ལ་ ༢༠ བཅས་ཁྱོན་རྒྱ་གར་ཡུལ་མི་ ༣༣༧ ཡོད་ཅིང་།  སློབ་གྲྭ་དེ་དག་ནང་ཁྱོན་བསྡོམས་སློབ་མ་ ༢༦༨༧ ཡོད་པ་ཡི་བརྒྱ་ཆ་ ༡༢།༥ ཟིན་ཡོད་སྐོར་གསུངས་སོང་།

འདི་ལོར་སྦེལ་ཀོབ་བོད་ཁྱིམ་ནང་གློ་ནད་ཀྲི་བི་(MDR TB )ཅན་གྱི་སློབ་ཕྲུག་ ༡༩ བྱུང་བ་རྣམས་སློབ་གྲྭ་གང་དང་གང་ནས་ཡིན་པའི་སྐོར་ལ་བཀའ་བློན་མཆོག་གིས། གློ་ནད་ཀྲི་བི་ཅན ༡༩ ནང་དུ་དྷ་སྟེང་བོད་ཁྱིམ་ནས་སློབ་མ་ ༡ དང་། ལ་དྭགས་བོད་ཁྱིམ་ནས་ ༤ ། ཅོན་ཏ་ར་བོད་ཁྱིམ་ནས་ ༢ ། སྦེལ་ཀོབ་བོད་ཁྱིམ་ནས་ ༢ ། དྷ་ཤོད་བོད་ཁྱིམ་ནས་ ༢ ། སུ་ཇཱ་བོད་ཁྱིམ་ནས་ ༥ ། གོ་པལ་པུར་བོད་ཁྱིམ་ནས་ ༢ ། སེ་ལ་ཀུ་བོད་ཁྱིམ་ནས་ ༡ བཅས་ཡོད་པ་དང་། ད་ལྟའི་ཆར་གློ་ནད་ཀྲི་བི་ཅན་གྱི་སློབ་ཕྲུག་དེ་ཚང་མ་དྲག་སྐྱེད་བྱུང་ཚར་ཡོད་སྐོར་གསུང་སོང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༩/༢༦

Leave a Reply

2 thoughts on “རྩིས་ལེན་མ་ཐུབ་པའི་བོད་སློབ་ཁག་ ༡༤ མི་འགྱངས་བར་རྩིས་སྤྲོད་གནང་འཆར་འདུག

  1. སྲིད་སྐྱོང་མཆོག་གིས་ཉེ་འཆར་དགེ་རྒན་ཁག་ཅིག་རྡ་སར་བཅར་སྐབས་འདི་ལོ་༢༠༡༧ འདས་ཟིན་ཟླ་ ༧ ནས་བོད་སློབ་འཛིན་ཚོགས་ནས་སློབ་གྲྭ་ཆ་ཚང་ལེན་འགོ་འཛུགས་རྒྱུའི་ཐུགས་ཐག་ཆོད་པོའི་བཀའ་སློབ་ཕེབས་སོང་མོད། འོན་ཀྱང་ད་ལྟ་ཕྱི་ཟླ་དགུ་པ་རྫོགས་ལ་ཉེ་བས་སློབ་གྲྭ་ཁག་གི་གནས་སྟངས་ནི་སྔར་མུས་སུ་མཆིས། གལ་ཏེ་ལེན་མ་ཐུབ་པའི་གནས་སྟངས་སོགས་ཡོད་ན་སྔོན་ཚུད་ནས་མ་འོང་སྔོན་གཟིགས་ལྟ་བུ་མ་གསུངས་ན་ཆེས་ལེགས་པར་མཐོང་། གང་ལ་ཞེ་ན་སློབ་གྲྭ་དེ་དག་གི་དགེ་ལས་རྣམས་ལ་རྡབ་སིག་འབྱུང་བཞིན་མ་ཚད་སློབ་མ་རྣམས་ཀྱི་ཤེས་ཡོན་དང་སློབ་གྲྭའི་སྒྲིག་འཛུགས་སོགས་ཁྱོན་ཡོངས་ལ་དོ་ཕོག་ཧ་ཅང་ཆེན་པོ་ཐེབས་པ་ནི་སྨོས་མེད་རེད་འདུག གལ་ཏེ་སློབ་གྲྭ་དེ་དག་བོད་མིའི་སྒྲིག་འཛུགས་ནས་བཞེས་མ་ཐུབ་པའི་གནས་ཚུལ་ཡོང་མ་སྲིད་པ་མིན་པས་གནས་ཚུལ་དེ་ལྟར་ལྷག་ཚེ་སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་སྲིད་བྱུས་ཀྱི་ལས་འཆར་སོགས་སྔོན་ཚུད་ནས་གྲ་སྒྲིག་འདྲ་ཡོད་དམ་ཅི།

  2. གཞུང་པ་ཚེ་དབང་བསོད་ནམས་ཡ

    དབུས་བོད་སློབ་ནས་འཛིན་སྐྱོངས་གནང་བཞིན་པའི་སློབ་གྲ་ཁག་དབུས་བོད་མིའི་སྒྲིག་འཛུགས་ནས་རྩིས་བླངས་པ་འདི་དག་མ་འོིངས་འཛིན་སྐྱོངས་དང་སྒྲིག་འཛུགས་ཕྲུ་གུའི་ཤེས་ཡོན་དགེ་རྒན་སོགས་ཕྱོགས་མང་པོའི་གནས་སྟངས་ལ་བསམ་ཞིབ་དང་རྒྱུས་ལོན་དགོས་པ་ནི་མ་འོངས་བོད་ཀྱི་སོན་རྩ་མི་རབས་རྗེས་མའི་མདུན་ལམ་ལ་ནག་ཐིག་མ་འཕོག་པའི་འགན་དེ་ད་ལྟའི་ང་ཚོ་མི་རབས་འདིའི་ཁྱེར་དགོས་པ་དེ་ལོ་རྒྱུས་ཀྱི་ངོ་སྤྲད་པའི་གཡོལ་ཐབས་དང་ཟུར་ཐབས་མེད་པའི་ལས་འགན་ཞིག་ལ་ངོས་འཛིན་ཞུ་གི་ཡོད་།