བདག་གི་ཡུ་གུར་བའི་“མི་རིགས་རིང་ལུགས”ཀྱི་འདུ་ཤེས་ཅི་ལྟར་བྱུང་ངམ།

༼དུམ་ཚན་གསུམ་པ།༽

ཁུ་ཧྲོ་ཧྲི་ལིས་བརྩམས།
ལྷ་མོ་མཚོས་བོད་སྒྱུར་བྱས།

ང་ཚོ་ཤིན་ཅང་གི་རྐུན་མ་ཆུང་ཆུང་ བཟོས།

༢༠༠༦ ལོའི་སྟོན་ཁར། བདག་སློབ་ཆེན་འགྲིམས་པ་ཡིན། འདི་ནི་ཐེངས་དང་པོར་བདག་ཤིན་ཅང་ལས་ཕྱི་ལ་ཐོན་པ་ཡིན། ལྷོ་ཕྱོགས་གྲོང་ཁྱེར་གྱི་གནམ་ཟླ་ཧ་ཅང་ཚ་ལ་བརླན་བཤེར་ཆེ། གང་སར་སྔོ་ལྗང་ལྗང་ངང་གནས་འདུག ནུབ་བྱང་གི་ས་དམར་པོའི་ཡུལ་ལྗོངས་དང་གཏན་ནས་མི་འདྲ་བར་འདུག གྲོང་ཁྱེར་ཀྱང་གཞི་རྒྱ་ཆེ་ལ་སྣ་འཛོམས་པར་འདུག འདིར་སླེབས་པ་དང་བདག་ཧ་ཅང་སྤྲོ་བ་འཕེལ། སློབ་ཆེན་གྱིས་གྲངས་ཉུང་མི་རིགས་མང་པོ་བསྡུ་ལེན་བྱས་འདུག་ལ་མི་རིགས་གྲངས་༤༠ ལྷག་ཙམ་འདུག

སློབ་ཆེན་ལོ་རིམ་དང་པོའི་ལྔ་བཞིའི་གུང་སེང་གི་སྐབས་སུ། བདག་དང་ཡུ་གུར་གྱི་སློབ་གྲོགས་ལྔ་དྲུག་ཙམ་མཉམ་དུ་ཁྲོམ་ལ་ཉུལ་བ་ཡིན། སློབ་གྲྭ་ནི་གྲོང་ཁྱེར་ཀྱི་མཐར་ཡོད་པས་གྲོང་ཁྱེར་དུ་འཁྱམ་རྒྱུ་ནི་ལས་སླ་བོ་མི་འདུག ཡིན་ཡང་སྤྲོ་སྣང་ལྡན་པ་ཞིག་བྱུང་། ཉིན་གང་ལ་འཁྱམ་པས་ང་ཚོ་ཁྲོམ་ར་ཆེན་པོ་ཞིག་ལ་སླེབས་པ་དང་ནང་ལ་འཐུང་ཆུ་ཉོ་བར་ཕྱིན་པ་ཡིན། སྐར་མ་བཅུ་གྲངས་མ་ཕྱིན་པར་ཉེན་རྟོག་པ་སླེབས་བྱུང་།

ཉེན་རྟོག་པ་ཕོ་གཉིས་དང་བུད་མེད་ཅིག་སྟེ་གསུམ་ཐད་ཀར་ང་ཚོའི་འཁྲིས་སུ་སླེབས་པ་དང་། ང་ཚོས་མི་སེར་ལག་འཁྱེར་བཞུ་གཤེར་བྱ་དགོས་ཟེར། ང་ཚོ་ཧ་ཅང་ཧང་སངས་པ་དང་། ཅིའི་ཕྱིར་མི་ཚོགས་ཆེ་བའི་ཁྲོམ་སར་ང་ཚོར་བཞུ་གཤེར་བྱ་དགོས་བར་འོང་སམ། ཉེན་རྟོག་པས་”མི་འགས་རྐུན་མ་ཡོད་པར་ཉེན་རྟོག་པར་ཞུ་གཏུགས་བྱས་སོང་” ཟེར།

བདག་གི་ངོ་གདོང་དེ་མུར་ཚ་བེར་བེར་ཆགས་པ་དང་ཧ་ཅང་དོགས་མི་བདེ་བར་གྱུར། བདག་གི་གྲོགས་པོ་ཏོག་ཙམ་ངང་ཐུང་བ་དང་། རང་གི་ཁུག་མའི་ཁ་ཧྲག་སེ་ཕྱེས་པ་དང་སྐད་ཆེན་པོས་`ཁྱེད་ཚོ་ང་ཚོ་ལ་བཤུ་གཤེར་བྱེད་དུ་འོང་ནས། ང་ཚོས་ཅི་ཞིག་བརྐུས་སོང་ངམ།` ཟེར་བར།  ང་ཚོས་ལམ་སང་ཁོ་ཚུར་འཐེན་པ་དང་ཁོང་ཁྲོ་དང་བཅས་ཇི་ལྟར་འདི་འདྲ་བྱེད་དགོས་སམ་ཟེར་བ་ཡིན། ང་ཚོ་སློབ་ཆེན་ག་གེ་མོ་ཞིག་གི་སློབ་ཕྲུག་ཡིན་ཟེར་བ་དང་། ང་ཚོས་སློབ་མའི་ལག་འཁྱེར་བསྟན་པར། ཉེན་རྟོག་པ་ཡང་དོགས་མི་བདེ་བར་གྱུར་བ་དང་། གཅིག་བྱས་ན་ཞུ་གཏུགས་བྱེད་མཁན་གོ་ནོར་ཐེབས་པ་ཡིན་རྒྱུ་རེད་ཟེར། ཡིན་ཡང་ཧོལ་རྒྱུགས་ཆེ་བའི་གྲོགས་པོ་ཁོང་བཀག་ན་མི་ཁོག་ལ་ཁྲོམ་ས་ནང་སྐད་ཆེན་པོ་རྒྱབ་པར་ཉེན་རྟོག་པ་ཡང་ཚུར་བཅར་མི་ཐུབ་པར་འགྲིག་མ་སོང་ཁོ་ན་ཟེར་གྱིན་འདུག ཐ་མར་ཉེན་རྟོག་པའི་རླངས་འཁོར་གྱིས་ང་ཚོར་རོགས་བྱས་ནས་ཕྱིར་སློབ་གྲྭར་བསྐྱལ་སོང་།

དངོས་ནས་ཁྲོ་ཡང་བྱ་ཐབས་མེད་པ་ཞིག་རེད། སྤྱིར་བདག་གིས་ཀྱང་ཤེས་བཞིན་པ་ལ། གྲོང་ཁྱེར་འདིའི་ནང་ན་ཡུ་གུར་གྱི་མི་འགས་ཁྲིམས་འགལ་གྱི་ཚོང་རྒྱག་བཞིན་འདུག བདག་ཕྱིན་མྱོང་བའི་ཡུ་གུར་གྱི་ཟ་ཁང་ཁ་ཤས་ཀྱི་ནང་དུ། ཁོ་ཚོས་ཚོང་དང་མཉམ་ཏུ་ཏ་མ་(གཙོ་མ་)དང་ཕྱེ་མ་དཀར་པོ་(ཉལ་ཐ་དཀར་པོ་) བཙོང་བཞིན་ཡོད་པ་བདག་གིས་ཤེས་ཡོད། ང་ཚོའི་སློབ་གྲྭའི་ཨ་རི་ཕྱི་གླིང་གི་སློབ་མས་ཡུ་གུར་གྱི་སློབ་མ་བཙལ་ནས་འདིར་ཏ་མ་ཉོ་བར་འོང་བཞིན་པའང་ཤེས་ཡོད།

བདག་གིས་ད་དུང་དྲན་བསྡད་པ་ཞིག་ལ། ༢༠༠༨ ལོའི་ཟླ་བ་༥ བའི་ཉིན་ཞིག་ལ། བདག་ལ་གློ་བུར་དུ་འཛིན་གྲྭའི་དགེ་རྒན་གྱི་ཁ་པར་འབྱོར་བ་དང་། སློབ་ཕྲུག་ཚོགས་པ་ན་དགེ་རྒན་གྱིས་བདག་ལ་རོགས་པ་ཞིག་བྱེད་དགོས་པའི་རེ་བ་བྱེད་བཞིན་འདུག་ཟེར། བདག་ལམ་སང་དེར་ཕྱིན་པ་དང་ཤེས་རྟོགས་ཐུབ་པ་ནི་ཉེན་རྟོགས་པས་ཡུ་གུར་གྱི་བྱིས་པ་ཞིག་གིས་བརྐུས་བྱས་པ་བཟུང་ནས་བཀག་ཉར་བྱས་འདུག་པ་དང་། བྱིས་པ་དེས་རྒྱ་སྐད་ཏོག་ཙམ་ཡང་ཤེས་ཀྱིན་མི་འདུག བདག་དེར་སོང་ནས་སྐད་སྒྱུར་རོགས་རམ་བྱ་རྒྱུ་དེ་རེད། བདག་ལམ་སང་ཉེན་རྟོག་ཁང་ལ་ཕྱིན་པ་དང་། བྱིས་པ་ལོ་ན་བརྒྱད་དགུ་ཙམ་ཞིག་མཐོང་། ཁོས་ཞེད་སྣང་ཏོག་ཙམ་ཡང་བྱེད་ཀྱིན་མི་འདུག་ལ། ཁོ་ལྷུན་ཆགས་ལྷོད་ལ་བབས་པའི་བཟོ་ཞིག་འདུག བདག་གིས་ཁོ་ལ་དོན་དངོས་ཐོག་ཅི་ཞིག་བྱུང་བ་རེད་དམ། ཞེད་དགོས་པ་མ་རེད། བདག་གིས་ཁྱེད་ལ་རོགས་པ་བྱེད་ཆོག་ཅེས་དྲིས་བར། ཁོས་ཕུ་བོ་ལགས་ཁྱོས་ཁོ་ཚོར་ང་རང་ཁྱིམ་ལ་ལོག་ཏུ་འཇུག་རོགས་ཞེས་བཤད་རོགས་ཟེར།

ཁོས་རང་གི་ཕ་ཡུལ་ཧྲུས་(ཤིན་ཅང་གི་གནས་ཞིག་གི་མིང་) སུ་ཡོད་པ་ཤེས་པ་ལས་རྫོང་གང་ཡིན་པ་ཤེས་ཀྱི་མི་འདུག ཁོས་བཤད་རྒྱུར་ཁོ་ཆུང་ཆུང་ཡིན་པའི་སྐབས་སུ་”ཨ་ཁུ་” ཞིག་གིས་འཆམས་འཆམས་ལ་འཁྲིད་དགོས་ཟེར། ཁོ་གཉིད་ཤོར་བ་དང་གྲོང་ཁྱེར་འདིར་སླེབས་འདུག་ཟེར། ཐ་ན་དུས་ཚོད་ག་ཚོད་ཡིན་པའང་ཧ་གོ་ཡི་མི་འདུག བདག་གིས་ཉེན་རྟོག་པར་ཐབས་ལམ་ཡག་ཤོས་ནི་ཁོ་ངེས་པར་ཤིན་ཅང་ལ་ཕྱིར་སྐྱེལ་འགྲོ་རྒྱུ་དེ་ཡིན་པར་བཤད། གལ་སྲིད་འདི་ལྟར་མུ་མཐུད་ལྷོད་བཞག་པ་ཡིན་ན་ཁོས་ངེས་པར་ངུ་ཁོའི་”ཨ་ཁུ་”དེ་འཚོལ་བར་འགྲོ་རྒྱུ་དང་དེ་ནས་རྐུ་བྱ་རྒྱུ་ལས་གཞན་ཅི།

ལོ་ཞིག་ལ་བདག་གུང་གསེང་གི་སྐབས་སུ་ཤིན་ཅང་ལ་ལོག་འགྲོ་བའི་སྐབས། མེ་འཁོར་ནང་དུ་ཕོ་གཅིག་དང་བུ་མོ་ཞིག་ལ་ཐུག  ཁོ་གཉིས་ཀ་ལོ་བཅོ་ལྔ་བཅུ་དྲུག་ཙམ་རེད་ལ། གཉིས་ཀ་བྱིས་པ་ཡིན་པའི་སྐབས་སུ་མི་གཞན་གྱིས་མགོ་བསྐོར་འོག་རྒྱ་ནང་ལ་བརྐུས་བྱེད་དུ་འོང་བ་རེད་འདུག ཕྱིས་སུ་ཉེན་རྟོགས་པས་བཟུང་བ་དང་ཕྱིར་ཤིན་ཅང་ལ་ལོག་གཏོང་བཞིན་པ་རེད། བུ་མོ་དེས་ང་ཚོ་ལ་མོའི་སྐྱོ་སྒྲུང་བཤད་སོང་། དེའི་ནང་དུ་མོ་ལ་བཙན་གཡེམ་ཐུབ་ཚོད་བཏང་བ་ལ་སོགས་པ་འདུག བདག་དངོས་ནས་མི་འདི་རིགས་ལ་འཁོན་སེམས་སྐྱེས་ཀྱི་འདུག ཁོ་ཚོའི་བྱེད་ལས་འདིས་ང་ཚོའི་ཆོས་ལུགས་ཀྱི་དད་འདུན་དང་སྲོལ་རྒྱུན་ལ་ཡོངས་སུ་ཁ་གཏད་དུ་ལངས་པ་ཞིག་རེད།

ཤིན་ཅང་གི་མིས་བཟུང་བའི་ཟ་ཁང་ཞིག་ན་འདི་ལྟ་བུའི་ཁྲིམས་མེད་ལུགས་མེད་སྤེལ་བཞིན་འདུག ཁོ་ཚོས་མི་རིགས་གནད་དོན་སྤྱད་ནས་དོན་དངོས་གནས་སྟངས་ཚ་བོར་བཟོ་བཞིན་ཆབ་སྲིད་ལ་ཐེ་ཇུས་བྱེད་པ་རེད། དོན་རྐྱེན་བྱུང་རྗེས་”ཉེན་རྟོག་པའི་ཁྲིམས་འོག་” ཏུ་ཐག་གཅོད་དགོས་པ་དང་། ལ་ཤས་དཀར་ནག་གཉིས་འདྲེས་བསྡད་ཡོད་པ་རེད། མི་འདི་དག་གིས་ང་ཚོའི་མི་རིགས་ཀྱི་སྙན་གྲགས་བརླག་གིན་ཡོད་པ་མ་ཟད་ཤིན་ཅང་གི་སྙན་གྲགས་ལ་གནོད་ཀྱི་ཡོད་པ་རེད།

ཀྲུང་གོའི་ནང་ཁུལ་གྱི་མི་ཕལ་མོ་ཆེའི་ཤིན་ཅང་གི་བག་ཆགས་ནི་ཇག་རྐུན་དང་བྱེ་ཐང་ཁོ་ན་རེད། དེའི་སྟེང་ལོ་འདི་དག་ལ་འཇིགས་སྐུལ་རིང་ལུགས་པ་བསྣན་པ་རེད། ང་ཚོས་ཁ་གཅིག་གྲགས་ཀྱིས་ཆ་ཚང་བར་འགྲེལ་བཤད་བརྒྱག་དགོས་པ་རེད། ནན་ཏན་གྱིས་ངང་ནས་མི་སྒེར་དང་མི་རིགས་ཡོངས། ས་ཁུལ་ལ་སོགས་པ་རེ་རེ་འགྲེལ་བཤད་བྱ་དགོས། རྒྱུན་རིང་བ་དང་སུན་སྣང་སྐྱེས་འོང་། མིའི་ཁ་གྲགས་པ་དང་གཤེ་གཤེ་གཏོང་མཁན་ལ་ཐུག་དུས་ང་ཚོ་ལ་ཡང་ཐབས་ཤེས་མེད་པ་རེད།

ཧ་ལམ་བརྒྱ་ཆའི་༩༠ ཡན་གྱི་ཐུགས་སྤྲོ་ལ་འཛིང་རེ་རྒྱག་གི་ཡོད།

སྤྱིར་ཀྲུང་གོའི་ནང་ཁུལ་ན་ཡོད་ཀྱང་། སྔོན་གྱི་མི་རིགས་”ཡིག་རྒྱུགས་” ཀྱི་ཁོར་ཡུག་དང་བསྡུར་ན། བདག་གི་འཚོ་བ་ཧ་ལམ་ཡུ་གུར་གྱི་འཚོ་བའི་ནང་དུ་ཡོད། ཕུ་ནུ་ཚོས་མཉམ་དུ་ཆང་འཐུང་། སྤོ་ལོ་རྩེ། དེ་ལ་སོགས་པའི་སྟེང་རྨོངས་པ་དང་གུ་དོགས་ཀྱི་བསམ་པར་མི་རིགས་ཀྱི་ང་རྒྱལ་ནི་རང་བཞིན་གྱི་སྐྱེས་འོང་གིན་འདུག

ཡུལ་མི་འདུ་འཛོམས་ཀྱི་སྤྲོ་ཚོགས་ཤིག་གི་སྟེང་ལ་མི་འགས་འཛིང་རེ་རྒྱབ་འདུག ཕྱིས་སུ་ཤེས་རྟོགས་བྱུང་བ་ལ་ཧ་ལམ་ཐེངས་རེའི་ཡུ་གུར་བའི་སློབ་གྲོགས་མཉམ་འཛོམས་ལ་ཆང་འཐུང་བ་དང་། བརྒྱ་ཆ་༩༠ ཡན་གྱི་ཐ་མ་དེར་འཁྲུག་རྩོད་ཤོར་གྱི་འདུག ཐེངས་འདི་ལ་ཁུའུ་འར་ལུ་ཡི་ཕོ་གསར་ཞིག་དང་ཧོ་ཐན་གྱི་སློབ་མ་ཞིག་རྩད་ཤོར་བ་དང་། དེ་ནས་ཁོ་ཚོའི་སྡེ་བ་གཅིག་པ་དག་རྒྱུག་པ་དང་། འཛིང་རེ་རྒྱག་བཞིན་སྒོ་ཕྱིར་སླེབས། སྒོའི་ཕྱི་རོལ་ཆང་ཁང་ཅིག་གི་ལམ་ཁ་རེད་འདུག མི་མི་ཉུང་བ་ཞིག་མཐའ་བསྐོར་འོང་ནས་ལྟད་མོ་ལྟ་བ་དང་། ད་དུང་སྐད་ཆེན་པོས་”ཤིན་ཅང་གི་མིས་རྒྱག་རེས་བྱེད་ཀྱིན་འདུག མགྱོགས་པོར་ལྟ་བར་ཤོག་ཡ་” ཟེར་བར། དམིགས་བསལ་དོགས་མི་བདེ་བར་གྱུར། བུ་མོ་ཚོ་རང་སར་བྲོས་ཟིན་འདུག་ལ་འདུ་འཛོམས་ཀྱི་སྤྲོ་སྣང་འདི་ལྟར་འཇིགས་སུ་རུང་བའི་ངང་ནས་མཇུག་བསྡུས།

བདག་གི་བསམ་པར་ང་ཚོའི་མི་རིགས་འདིའི་ཁྲག་ཚ་བོ་ཡིན་ཚོད་འདུག་སྙམ། མི་རིགས་རིང་ལུགས་ཀྱི་གནད་དོན་ཡོད་པ་མ་ཟད་ས་ཁུལ་རང་བཞིན་གྱི་གནད་དོན་ཡང་ཡོད་པ་རེད། ལས་སླ་བོའི་ངང་ཧོལ་རྒྱུག་དང་། ངར་ལངས་པར་བྱེད་པ་རེད། ཡུ་གུར་མི་རིགས་ནང་ཁུལ་ནས་རྒྱག་རེ་བྱེད་ལ། ཡུ་གུར་དང་བོད་པ། ཡུ་གུར་དང་ནང་སོག་ཚང་མ་མཉམ་དུ་རྒྱག་རེ་བྱེད་དགོས། བདག་ཀྱང་ངེས་བར་དུ་རྒྱག་རེ་རྒྱག་པར་མཉམ་ཞུགས་བྱ་དགོས། མ་སོང་ཚེ་མི་འགྲིག་པ་རེད།  ཚང་མས་མགོ་ཡར་འགྱོག་ས་ནས་རང་གི་མགོ་སྒུར་ཚེ་མི་གྲལ་དུ་མི་འཇོག་པ་རེད།

ལོ་ཞིག་ལ་བདག་གི་སྐྱེས་སྐར་གཏོང་བའི་སྐབས་སུ། ང་ཚོས་ཆང་ཁང་དུ་ཆང་འཐུང་བ་ཡིན། ཉིན་གུང་ནས་མཚན་མོའི་བར་དུ་འཐུང་བ་ཡིན། མཇུག་འབྲས་སུ། ཚང་མས་ལྟ་བ་མ་མཐུན་པར་སླར་ཡང་རྒྱག་རེ་ཤོར་སོང་། “མི་རིགས་ཡིག་རྒྱུགས་” ཁ་ཤས་ཤིག་”མི་རིགས་ཡིག་རྒྱུགས་” སྐོར་ཅིག་དང་རྒྱག་རེ་རྒྱབ། བདག་གིས་བར་འདུམ་བྱས་པར་བདག་ལ་རྡོག་ཐོ་ཁ་ཤས་བཞུས་སོང་། བདག་ཧ་ཅང་བློ་ཕམ་སྐྱེས་པ་དང་། རྒྱག་རེ་རྒྱབ་ཚར་བ་ལ་སྒུག་པ་ལས་སྐད་ཆ་བཤད་རྒྱུ་ནི་ལས་སླ་བོ་མ་རེད། བདག་གིས་ང་ཚོས་མི་རིགས་བརྩེ་དུང་ཏོག་ཙམ་གླེང་ཐུབ་བམ་མི་ཐུབ། རྣམ་པ་འདིར། མི་གཞན་གྱི་ང་ཚོ་མི་རིགས་ཅི་ལྟ་བུ་ཞིག་ལ་མཐོང་བཞིན་འདུག་གམ། བྱ་བ་ཆུང་ཙག་ཅིག་གི་ཆེད་དུ་འདི་འདྲའི་རྨ་ཁ་ཆེན་པོ་བཟོས་ཚེ། རྗེས་སུ་ང་ཚོ་ནི་ཇི་ལྟ་བུ་ཞིག་ཆགས་འགྲོ་ཅེས་བཤད་ཚར་བ་དང་། བདག་གི་གྲོགས་ཕོ་མོ་ཚང་མ་ངུས་སོང་།

དུས་ཚོད་དེ་ཧ་ཅང་འཁྲིག་ཆ་དོད། བདག་གིས་ཞོགས་པ་རེ་རེར་ཕྱག་འཚལ་བ་དང་། ཡང་མཚན་མོ་རེ་རེ་ལ་གྲོགས་པོ་ཚོ་དང་མཉམ་དུ་ཆང་འཐུང་བ་ཡིན། འཐུང་ཚར་ནས་ཡར་ལངས་པའི་སྐབས་སུ་ཡང་འགྱོད་པ་སྐྱེས། སློབ་སྦྱོང་གི་བརྒྱུད་རིམ་ཁྲོད། བདག་གིས་གྲོགས་པོ་མང་པོ་བསྒྲིགས་པ་ཡིན་ལ། ཤེས་བྱ་གསར་པ་མང་པོ་སྦྱངས། བདག་གིས་ད་དུང་དྲན་བསྡད་པ་ཞིག་ལ་བདག་གིས་༼བོའུ་འར་ཧུའི་ཉིན་ཐོ་(དབྱིན་ཇིའི་འདུ་ཤེས་གཙོར་བྱས་བའི་བརྩམས་སྒྲུང་ཞིག་རེད། ལོ་རབས་༡༩༡༨ནས་༡༩༤༡་ལོའི་བར་གྱི་འཚོ་བའི་ཟིན་ཐོ་ཅིག་རེད།སྒྱུར་པ་པོའི་མཆན།)༽་བཀླགས་རྗེས་བདག་གིས་ཀྱང་སྤྱི་ཚོགས་དང་། མི་གཤིས་སོགས་ལ་འཁོར་བའི་བསམ་ཚུལ་ཉིན་ཐོར་འབྲི་འགོ་བརྩམས་པ་ཡིན། བདག་གིས་ཀྱང་རང་གི་མི་རིགས་ལ་དོན་སྙིང་ལྡན་པའི་བྱ་བ་འགའ་བསྒྲུབ་འདོད་སྐྱེས། དཔེར་ན། ཤིན་ཅང་གི་མིའི་གཤིས་ཀ་ཇེ་འཇམ་དང་ཧམ་སེམས་ཀྱི་བག་ཆགས་ངན་པ་སོགས་བཅོས་བསྒྱུར་ཏོག་ཙམ་བྱེད་ཐུབ་བམ་བསམ་སོང་ལ་འདི་ཡང་བྱས་རྗེས་ཤིག་རེད།

གཞན་གྱི་གོ་ནོར་ཐེབས་པའི་གནད་དོན་སུན་འབྱིན།

བདག་སློབ་ཆེན་གཉིས་པའི་སྐབས་སུ་འཛིན་གྲྭའི་རྒན་བདག་ལ་བདམས་ཐོན་བྱུང་། བདག་གིས་རང་ལ་བཅངས་པའི་རེ་བ་མཐོ་སར་ཕྱིན། ཕལ་ཆེར་ཡུ་གུར་མིའི་རྣམ་པ་དང་མིང་ཆད་ཀྱི་བྱ་བ་ཡོད་ཚད་ལ་བསམ་བློ་ཞིབ་ཚགས་བཏང་བ་ཡིན། འཛིན་གྲྭ་ནང་རྙོག་གྲ་བཟོ་མཁན་གྱི་སློབ་གྲོགས་དག་བདག་གིས་རང་གི་ཉལ་ཁང་ལ་བོས་ནས་ཆང་འཐུང་བ་དང་སེམས་གཏམ་བཤད་པ་ཡིན་ལ། རང་ལ་ཁ་ངོ་ཏོག་ཙམ་སྤྲོད་དགོས་པར་འབོད་སྐུལ་དང་དེ་ནི་ཁོ་ཚོས་ཀྱང་སྒྲུབ་ཐུབ་པར་བཤད་པ་ཡིན།

སློབ་གྲྭས་གྲངས་ཉུང་མི་རིགས་དང་རྒྱ་རིགས་གཉིས་འཛིན་གྲྭ་ལོགས་སུ་བགར་ནས་ཆེད་ལས་སློབ་འཁྲིད་ཉན་དུ་བཅུག བདབས་གསེས་སློབ་འཁྲིད་ཁོ་ནར་ད་གཟོད་ཚང་མ་མཉམ་དུ་འཛོམས་པའི་གོ་སྐབས་ཡོད་པ་རེད། རྒྱའི་སློབ་གྲོགས་ཚོས་རྟག་པར་ཤིན་ཅང་ལ་སྤྱིར་བཏང་གི་རྒྱུན་ཤེས་ཀྱི་ཆད་ལྷག་ཡོད་སྐོར་དྲི་བ་མང་པོ་འདྲི། དཔེར་ན་ང་ཚོ་སློབ་གྲྭར་འགྲོ་དུས་རྔ་མོང་ཞོན་ནས་འགྲོ་བཞིན་ཡོད་པ་དང་། ཁ་ཤས་ཀྱིས་རྩེད་མོའི་ཚུལ་དུ་ཡིན་པ་དང་། ཁ་ཤས་ཀྱིས་ནན་ཏན་གྱིས་འདྲི་བཞིན་འདུག སློབ་གྲྭས་ཧ་ལམ་ང་ཚོ་གྲངས་ཉུང་མི་རིགས་ཀྱི་ཀླད་ཚད་སྐྱོ་བར་བསམ་ནས། ང་ཚོ་ཡིག་རྒྱུགས་ཨང་ཀི་༤༥ དང་རྒྱ་རིགས་ལ་ཨང་གི་༦༠ ཡིན་ཚེ་ད་གཟོད་ཚད་ལོངས་པའི་སྲིད་ཇུས་ལག་བསྟར་བྱས་པ་རེད།

ཨང་ཀི་༤༥ ཅན་གྱི་སྲིད་ཇུས་འདིར། མི་མང་པོ་ཞིག་དང་ལྷག་པར་དུ་རྒྱ་རིགས་སློབ་ཕྲུག་ཚོའི་བསམ་པ་ལ་ང་ཚོར་དམིགས་བསལ་དང་གུ་ཡངས་སྤྲོད་བཞིན་འདུག་སྙམ། ཕྱིས་སུ་བདག་གིས་སྤྱི་ཚོགས་ཚན་རིག་སྦྱངས་པ་དང་ཤེས་རྟོགས་ཐོབ་པ་ནི་འདིའི་མིང་ལ་ད་གཟོད་”མཐོང་ཆུང་ལ་ཕྱིར་རྒོལ་བ་” ཟེར་གྱིན་འདུག དེའི་སྐབས་སུ་བདག་ལ་དེ་འདྲའི་ཤེས་རྟོགས་སྐྱེས་པ་དང་འགོ་འཛིན་པ་ལ་རྩད་རྒྱག་པར་ཕྱིན་པ་ཡིན། བདག་གིས་དགེ་རྒན། སྲིད་ཇུས་འདིས་གྲངས་ཉུང་མི་རིགས་ལ་མཐོང་ཆུང་དང་མི་མངོན་བའི་ཚུལ་གྱིས་ཁོ་ཚོ་འཇོན་ནུས་མེད་པར་བསྟན་ཡོད་པ་མ་རེད་དམ་ཟེར་བར། དགེ་རྒན་ཧངས་སངས་པ་དང་། ཁོ་མོས་འ་ལེ། ཐེངས་དང་པོར་མི་ཞིག་གིས་བདག་ལ་དྲི་བ་དྲིས་སོང་། འུན། ཁྱེད་ཀྱི་བཤད་པ་ལ་གནས་ལུགས་འདུག བདག་གིས་ཀྱང་དེར་བསམ་བློ་གཏོང་གི་ཡིན་” ཟེར།

ཕྱིས་སུ་ཅི་ཞིག་བྱུང་བ་རེད་དམ། ཕྱིས་ཀྱི་དོན་རྐྱེན་མང་དག་ཅིག་འདྲ་མཚུངས་རེད་ལ་མཇུག་འབྲས་ཀྱང་མེད་པ་རེད། དོན་དངོས་བདག་གིས་དགེ་རྒན་བཙལ་ནས་དོན་དག་འདི་སྒྲུབ་བསམ་དུས། བདག་གི་མདུན་སར་མི་རིགས་གཅིག་པའི་དཀའ་ངལ་མང་པོ་ཞིག་དང་འཕྲད་ཡོང་། བདག་གི་ཡུལ་མི་གཅིག་པའི་ཕོ་གསར་ཞིག་བདག་གིས་འདི་ལྟར་བགྱིས་བར་ཧ་ཅང་ཁྲོ། ཁོའི་བསམ་པ་ལ་བདག་གི་རྒྱུགས་འབྲས་ལེགས་པས་རང་དོན་ཆེ་བར་སྙམ་འདུག་ལ། རྒྱུག་འབྲས་ཏོག་ཙམ་དམའ་བའི་སློབ་གྲོགས་ཁོ་ཚོར་བསམ་བློ་འཁོར་གྱི་མི་འདུག་བསམ། “ཁྱེད་ངར་འདི་འདྲའི་ངར་བ་རེད། གལ་སྲིད་ང་ཚོ་ཡིག་རྒྱུགས་མ་ལོངས་ཚེ་ཅི་ཞིག་བྱེད་དགོས་སམ།” ཟེར། ཁོ་ཚོ་ནི་ཡུ་གུར་རིགས་ལས་”ལྟ་བ་མཁྲེགས་བཟུང་མཁན་” དག་རེད། “གུ་ཡངས་ཀྱི་སྲིད་ཇུས་” འདི་དག་ཤོར་དུ་འཇུག་འདོད་མི་འདུག ཡིན་ཡང་། ཁོ་ཚོས་གསལ་བོ་ཤེས་ཀྱི་མེད་པ་ཞིག་ལ། འདི་ལྟ་བུའི་སྲིད་ཇུས་ཀྱིས་གྲངས་ཉུང་མི་རིགས་ལ་སློབ་གཉེར་ཡག་པོ་བྱེད་དུ་མི་འཇུག་པ་རེད། འོན་ན་སློབ་མཐར་ཕྱིན་པའི་རྗེས་སུ་ཅི་ཞིག་བྱ་དགོས་སམ། སྤྱི་ཚོགས་སྟེང་ལས་ཀ་འཚོལ་ཏུ་འགྲོ་བའི་སྐབས་སུ་སུས་ང་ཚོ་ལ་གུ་ཡངས་སྟེར་རམ། འཛིན་གྲྭའི་དགེ་རྒན་གྱིས་ཐེངས་ཤིག་ལ་ཧ་ཅང་གཟབ་ནན་ངང་བདག་ལ་བྱ་བ་ཞིག་བགྲོ་གླེང་གནང་སོང་། ཁོ་མོས་ཡང་ཡང་ནན་ཏན་གྱི་ཚུལ་དུ། ཡར་འེར་ཁུན། ཁྱེད་ཀྱི་རྩ་བ་ཉིད་ནས་བདག་ལ་ཁྲོ་མ་ལངས་རོགས། བདག་གིས་ཁྱེད་ལ་འདྲི་རྒྱུ་ཞིག་འདུག  ཁོ་མོ་བདག་གི་མི་རིགས་ཀྱི་ང་རྒྱལ་བརླག་པར་ཞེད་སྣང་སྐྱེས་ཀྱིན་འདུག ཁོ་མོས། ཁྱེད་ཚོ་མི་རིགས་ལ་དམིགས་བསལ་གྱི་གཙང་སྤྲའི་གོམས་སྲོལ་ཞིག་ཡོད་དམ། བདག་གི་འདིར་སློབ་གྲོགས་ཁ་ཤས་ཀྱི་བསམ་འཆར་བཏོན་པ་དང་། ཁོ་ཚོའི་ཉལ་ཁང་དུ་ཡུ་གུར་གྱི་སློབ་གྲོགས་ཀྱི་དྲི་མ་ངན་པ་དང་ཉལ་ཁང་ཡོངས་ལ་གནོད་སྐྱེལ་འོང་གིན་འདུག་ཟེར།

བདག་གི་ངོ་གདོང་དེ་མུར་ཚ་ལམ་ལམ་དུ་གྱུར་བ་དང་། བདག་གིས། དགེ་རྒན་ཁྱེད་ཀྱིས་གོ་ནོར་མ་ཐེབས་རོགས། འདི་ང་ཚོའི་མི་རིགས་ཀྱི་གོམས་གཤིས་དང་འབྲེལ་བ་ཏོག་ཙམ་ཡང་མེད། གལ་སྲིད་ཁ་ཆེ་ཆོས་ལུགས་ཀྱི་གསུང་བརྩི་མཁན་ཞིག་ཡིན་ན། ང་ཚོ་ཁ་ཆེས་ཉིན་ལྟར་འཁྲུས་བྱེད་དགོས་པ་རེད། ལུས་སེམས་གཉིས་ཀ་གཙང་མར་གནས་དགོས་པ་རེད་ཅེས་བཤད་པ་ཡིན།

བདག་གིས་དགེ་རྒན་ལ་སློབ་གྲོགས་གང་དག་གི་དྲི་མ་མི་ལེགས་པའི་སྐོར་གསལ་བོར་དྲིས་པ་དང་། བདག་གིས་ཁོ་ཚོ་ལ་སྐད་ཆ་བཤད་ཆོག་པར་ངོས་ལེན་བྱས་པ་ཡིན། ཡིན་ཡང་དགེ་རྒན་གྱི་ལས་ཁུངས་ནས་ཕྱིར་ཐོན་པའི་སྐབས་སུ། བདག་གིས་ཀྱང་ཅི་ཞིག་བྱ་དགོས་པ་མ་ཤེས། ང་ཚོ་མི་རིགས་འདིའི་ལུས་གཟུགས་སྟེང་དམིགས་བསལ་ཅན་ཞིག་ཡོད་པ་རེད། རྔུལ་ཆུ་བཞུར་བ་དང་ཤུགས་ཇེ་ཆེར་ཕྱིན་པ་རེད། ལྷག་པར་དབྱར་ཁར་ཚ་བ་ཆེ་བ་དང་འཁྲུས་གཙང་མ་མ་བྱས་ཚེ། དྲི་མ་ངན་པ་ནི་དངོས་ཡོད་རེད། འོན་ཏེ། བདག་ཐད་ཀར་སོང་ནས་ཁོ་ཚོ་དང་སྐད་ཆ་བཤད་ན་ཕུ་ནུ་ཚོའི་རང་བཀུར་ལ་རྨ་བཟོ་ངེས་རེད་སྙམ།

བདག་གིས་རྒན་བདག་ཞིག་བཙལ་ཏེ་ཁོ་ལ་གནས་ཚུལ་དེ་དག་བཤད་པ་དང་། ང་ཚོས་གནད་དོན་འདི་ཇི་ལྟར་ཐག་གཅོད་དགོས་པར་གྲོས་མོལ་བྱས་པ་ཡིན། ཕྱིས་སུ། ང་ཚོས་སློབ་གྲོགས་དེ་ཚོ་མཉམ་དུ་ཆང་འཐུང་བར་སྐད་བཏང་བ་དང་ཆང་འཐུང་ཚར་ལ་རན་དུས། བདག་དང་རྒན་བདག་གཉིས་ཀས་ཕན་ཚུན་ལ་རྣམ་འགྱུར་བསྟན་པ་དང་།  ཁོས་རང་ལ་མགོ་ན་བ་བྱུང་བའི་དོན་དེ་བཤད་འགོ་བརྩམས་སོང་། ཁོས་”ངས་གཙང་སྤྲ་ལ་དོ་སྣང་ཆེར་བྱས་མེད་ལ། ལུས་སྟེང་གི་དྲི་མ་ངན་པར་སློབ་གྲོགས་གཞན་དག་དགའ་ཡི་མི་འདུག རྗེས་སུ་དམིགས་བསལ་འགྱོད་པ་སྐྱེས་སོང་བས་་་་་་་”དོན་རྣམས་བཤད་སོང་།

དེར་མཐུད་ནས་བདག་གིས་འཐད་པའི་རྣམ་འགྱུར་བསྟན་པ་ཡིན་མོད། དོན་དེ་ནི་སེམས་སྐྱོ་བ་ཞིག་རེད། ང་ཚོས་རང་ངོས་ནས་ངེས་པར་གཟབ་གཟབ་བྱ་དགོས། དེ་མིན་ཡུ་གུར་རིགས་ཀྱི་རྣམ་འགྱུར་བརླག་སྲིད་ཟེར་བར། སློབ་གྲོགས་གཞན་དག་གིས་ཀྱང་བློ་ངོར་བབས་པ་དང་ཚང་མས་དགའ་བསུ་བྱས་སོང།

ཉིན་ཁ་ཤས་རྗེས་སུ།  དགེ་རྒན་སྤྲོ་སྣང་དང་བཅས་བདག་འཚོལ་བར་སླེབས་པ་དང། “ཡར་འེར་ཁུན། ཁྱེད་ངོ་མ་ངར་བ་རེད། ཁྱེད་ཀྱིས་ཅི་ལྟར་བྱས་སམ་”ཟེར། ཁོ་མོས་”བདག་གིས་བསམ་འཆར་བཤད་པའི་སློབ་ཕྲུག་དེ་ཚོ་བཙལ་ནས་བསམ་ཤེས་བྱ་དགོས་བར་སྐུལ་བ་དང་། ཁོ་ཚོ་ཏོག་ཙམ་དོགས་བདེ་བོ་མི་འདུག བཤད་རྒྱུ་ལ་ཡུ་གུར་སློབ་ཕྲུག་ཚོས་གཙང་སྤྲ་ལ་དོ་སྣང་ཤུགས་ཆེར་སྤྲད་ཀྱིན་འདུག་ལ་སྔོན་མ་དང་བསྡུར་རྒྱུ་མི་འདུག་” ཟེར།

ཡུ་གུར་ཚགས་ཤོག་འགྲེམས་སྤེལ།

སློབ་ཆེན་ལོ་རིམ་གཉིས་པའི་སྐབས་སུ། སྔོན་མའི་བདག་གི་རླབས་ལྟར་འཕྱུར་བའི་རང་རློམ་དང་བརྩེ་དུང་ལ་རྡུང་རྡེག་ཤུགས་ཆེན་བྱུང་། ང་ཚོའི་གསར་འགྱུར་གླིང་ན། རྒྱ་རིགས་ཚོས་ཚ་ཚ་འུར་འུར་ངང་ལས་རིགས་འདྲ་མིན་སྤེལ་བཞིན་འདུག་ལ། བརྙན་འཕྲིན། ཚགས་ཤོག ལྷག་པར་དུ་ཁོ་ཚོ་ལ་ཚགས་ཤོག་ཡོད་པ་རེད། རྟག་པར་སློབ་གྲྭ་དང་མཐའ་འཁོར་གྱི་གསར་འགྱུར་དག་མུ་འགོད་བྱེད་པར་བདག་དེ་ལ་ཡིད་སྨོན་ཚད་མེད་སྐྱེས། གློ་བུར་དུ། བདག་གི་བསམ་པར། ང་ཚོས་ཡུ་གུར་སྐད་དང་ཡང་ན་ཡུ་གུར་དང་རྒྱ་ཡིག་ཤན་སྦྱར་གྱི་ཚགས་ཤོག་ཅིག་སྤེལ་ན་ཇི་འདྲ་ཞིག་ཡོང་ངམ་སྙམ།

ཡུ་གུར་གྱི་ཚགས་ཤོག་སྤེལ་བ་དང་རིན་མེད་འགྲེམས་རྒྱུ་དྲན། འདིས་ང་ཚོར་དོན་ངོ་མའི་གནས་ཚུལ་མང་པོ་མཁོ་སྤྲོད་བྱེད་ཐུབ་པ་དང་། དཔེར་ན་བདག་གིས་དམིགས་བསལ་གྱིས་ཚང་མ་ལ་བཤད་འདོད་ཡོད་པ་ནི། ང་ཚོས་ངེས་བར་དུ་སློབ་སྦྱོང་ལེགས་པོ་བྱས་ན་ད་གཟོད་ང་ཚོའི་མི་རིགས་སྟོབས་ལྡན་དུ་ཆགས་ཐུབ་པ་དེ་ཡིན། དཔལ་འབྱོར་ལ་དཀའ་ངལ་འཕྲད་མི་སྲིད་པ་དང་ཞིང་ཆེན་ཡོངས་ཀྱི་ཡུ་གུར་གྱི་ཚོང་ལས་པ་ཡང་མི་ཉུང་བ་ཡོད། བདག་གི་བསམ་པར་ཁོ་ཚོའི་རྒྱབ་སྐྱོབ་ཐོབ་ངེས་ལ། བདག་གི་ཉེ་འགྲམ་གྱི་ཕུ་ནུ་ཚོས་ཀྱང་བསམ་ཚུལ་འདིར་རྒྱབ་སྐྱོར་དང་རེ་རེ་མཉམ་ཞུགས་བྱས་ཏེ་ཚོད་ལྟ་བྱེད་པར་ཁས་བླངས།

དེ་བས། བདག་སྤྲོ་སེམས་དང་བཅས་ང་ཚོའི་ལམ་སྟོན་པ་འཚོལ་བར་ཕྱིན་པ་ཡིན། ཁོ་མོས་དེ་ཡག་ཚུལ་དང་བསྟོད་པའང་བྱས་སོང་། རྒྱབ་སྐྱོར་དང་བཅས་བདག་གསར་འགྱུར་ཁང་གི་འགན་འཛིན་འཚོལ་བར་མངགས་སོང་། ཡང་”ཀྲུང་གོའི་གསར་ཤོག་ལོ་རྒྱུས་” དགེ་རྒན་ལ་གླེང་མོལ་བྱས་པ་ཡིན། བདག་གིས་གྲ་སྒྲིག་སྤུས་དག་དང་ལས་འཆར་ཡང་བྲིས་ཡོད། སྤོབས་པ་དང་ཡིད་ཆེས་ཀྱིས་ཁེངས་པ་དང་འགན་འཛིན་བཙལ་ནས་གླེང་མོལ་བྱས་པ་ཡིན། ཁོས་ཉན་པ་དང་། གྲོགས་པོ་ཆུང་ཆུང་། ཧ་ལས་པ་ཡག་པོ་འདུག  བསམ་ཚུལ་དེ་ཧ་ལས་པ་ཡག་པོ་འདུག ཡིན་ཡང་་་་་་ཚང་མ་ལ་ ”ཡིན་ཡང་” ཡོད་པ་རེད། བདག་གི་བསམ་པ་ལ་བདག་གི་མི་ཚེ་ཐུང་ཐུང་ནང་ལ་འདི་འདྲའི་”ཡང་སྒྲ་” མང་པོར་འཕྲད་སོང་ཨང་སྙམ་པ་བྱུང་། སྐད་ཆ་ཆེན་པོའི་རྗེས་སུ་”ཡང་སྒྲ་” དང་མཉམ་དུ་ཚང་མ་མཇུག་རྫོགས་པ་རེད།

འགན་འཛིན་གཞོན་པས་ཀྱང་བདག་གི་སྤྲོ་སེམས་ལ་རྡུང་རྡེག་བཏང་། “ཡིན་ཡང་” ཚིག་གི་རྗེས་སུ་དྲི་བ་ཞིག་ཐོན་པ་ནི། “ང་ཚོ་ལ་ཡུ་གུར་གྱི་ལམ་སྟོན་དགེ་རྒན་མེད་པ་དང་། ཆབ་སྲིད་ཀྱི་གནད་དོན་འདྲ་བྱུང་ཚེ་སུས་འགན་འཁུར་རམ་” ཟེར།

”སློབ་གྲྭས་སྔོན་མ་ནས་འདི་དག་བདམས་ཐོན་བྱས་ཟིན་ཡོད་པ་མ་རེད་དམ་” ཁོས་ཁ་སྣོན་གྱིས་བཤད་སོང་། འདི་ནི་དངོས་ཡོད་རེད། དེའི་སྐབས་སུ་བདག་གི་རྩད་གཅོད་བྱས་པ་དང་ཤིན་ཅང་ལས་ལོགས་སུ། ཀྲུང་དབྱང་མི་རིགས་སློབ་གླིང་དང་ཞིས་འན་འགྲིམ་འགྲུལ་སློབ་ཆེན་ལ་སློབ་མ་ཚོས་ཡུ་གུར་གྱི་ཚགས་ཤོག་སྤེལ་འདུག རྗེས་སུ་འགན་འཛིན་གཞོན་པས་བདག་ལ་བྱ་བ་གཉིས་སྒྲུབ་ཏུ་འཇུག་རྒྱུ་དེ་རེད། གཅིག་ནི་མི་རིགས་སྡེ་ཚན་བཙལ་ནས་དེ་དང་འབྲེལ་ཡོད་ཀྱི་ཐག་གཅོད་འདྲི་རྒྱུ་དང་། གཉིས་པ་དེར་རྒྱ་ཡིག་སྡེ་ཚན་གྱི་རྒྱ་མི་དགེ་རྒན་ཞིག་བཙལ་རྒྱུ་དང་སྔོན་ཆད་ཁོ་དམག་མི་བྱས་མྱོང་བ་དང་ཡུ་གུར་སྐད་ཏོག་ཙམ་ཤེས་ཀྱི་ཡོད་ལ་ཁོས་ལམ་སྟོན་བྱ་ཐུབ་མིན་འདྲི་རྒྱུ་དེ་རེད།

བདག་གིས་གོམ་མཚམས་མ་བཞག་པར་ལམ་སང་མི་རིགས་སྡེ་ཁག་ལ་ཕྱིན་པ་ཡིན། མི་རིགས་སྡེ་ཁག་གི་ལས་བྱེད་པས་ཀྱང་། ”ཨ་་་་འདི་་་་ལས་ཐུབ་ཀྱིན་མི་འདུག་ཡ་་་ང་ཚོ་ལ་འདིའི་སྐོར་མེད་པ་རེད། ཡང་མིན་ན། ཡང་བསྐྱར་འགན་འཛིན་བཙལ་བར་ཕྱིན་ནས་སྐད་ཆ་ཅིག་བཤད་ན།” ཟེར། དམག་མིའི་སྡེ་ཚན་གྱི་དགེ་རྒན་གྱིས་ཀྱང་བདག་གི་བསམ་ཕྱོགས་ལ་ཧ་ལམ་སྤྲོ་སེམས་དང་རྒྱབ་སྐྱོར་བྱས་མོད། འོན་ཏེ་ཏོག་ཙམ་ཁག་པོ་འདུག ཁོས་དགོངས་འགལ་ཞུ་བ་དང་རང་ཉིད་ལ་ཡུ་གུར་སྐད་ཡིག་ཚགས་ཤོག་དཔར་རྒྱུའི་ཆུ་ཚད་མེད་པ་བཤད་པ་དང་། བདག་ལ་དགོངས་འགལ་གྱིས་ཚུལ་དུ་སྒོ་ཕྱིར་བསྐྱེལ་སོང་།

དེའི་སྐབས་སུ་བདག་གི་བློ་སེམས་སྐྱོ་བ་དང་། སྤྱིར་ཚགས་ཤོག་གི་སྐོར་ལ་ཧ་ཅང་སྐྱོ་བར་གྱུར། ཡིན་ཡང་། རྒྱའི་སློབ་གྲོགས་ཚོར་ལས་སླ་བོ་ངང་འགན་འཛིན་གྱིས་ཆོག་མཆན་ཐོབ་པ་དང་། ཚུར་འོང་ནས་རོགས་རམ་དང་ཚགས་ཤོག་ཀྱང་དཔར་ནས་ཐོན། ད་དུང་བདུན་ཕྲག་རེ་ལ་དཔར། ང་ཚོས་ཅིའི་ཕྱིར་རང་གི་སྐད་ཡིག་གི་ཚགས་ཤོག་ཅིག་དཔར་བ་ལ་འདི་འདྲའི་དཀའ་ཁག་ཆེན་པོ་ཡོད་དམ།

བདག་གིས་སླར་ཡང་འགན་འཛིན་ལས་རོགས་བཙལ་བ་ཡིན། ལས་རོགས་འདི་མི་ཧ་ཅང་ཡག་པོ་ཞིག་དང་། ནམ་རྒྱུན་བདག་དང་མཉམ་དུ་རྐང་རྩེད་སྤོ་ལོ་རྩེས་པ་དང་བདག་ལ་ཡང་ཧ་ཅང་དགའ་བོ་ཡོད། ཁོས་བདག་ལ་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་བསྟན་པ་མ་ཟད་ཐབས་ཤེས་བཏང་ནས་འགན་འཛིན་ལ་ཐུགས་པའི་དུས་ཚོད་བཟོས། བདག་ཐད་ཀར་ཁོའི་འགྲམ་ལ་བཏང་། བདག་གིས་ནུས་ཤུགས་ཡོད་ཚད་ཀྱི་གྲྭ་སྒྲིག་བྱས་ཡོད་ལ། དགོས་པ་རྒྱུ་མཚན་གྱི་ནང་དུ། ཚགས་ཤོག་གིས་མི་རིགས་ཀྱི་བརྩེ་དུང་བསྐྲུན་ཐུབ་པ་དང་མི་རིགས་ཀྱི་གནད་དོན་ལ་ལྟ་ཐུབ་པ། མི་རིགས་སློབ་མའི་རྩོམ་འབྲིའི་ནུས་སྟོབས་གོང་འཕེལ་དང་ལྷག་པར་དུ་སློབ་མཐར་ཕྱིན་པ་དང་ལས་ཀ་འཚོལ་རྒྱུར་ཕན་པ་སོགས་བཤད་པ་ཡིན།

བདག་གིས་བཤད་བཤད་པའི་ཐ་མ་དེ་ལ། དྲུང་ཡིག་གི་དྲི་བ་དང་པོ་དེས་བདག་གི་སེམས་འཁྱག་སིབ་སིབ་དུ་བཏང་། ཁོས་བདག་ལ་”ཁྱེད་ཚོ་མི་རིགས་ཀྱི་སྐད་ཡིག་དེ་གློག་ཀླད་ནང་འཇུག་ཐུབ་བམ།” ཟེར།

བདག་གིས་ཁོས་འདི་ལྟར་མིའི་སེམས་འཁྱག་ལོག་གེར་བཟོ་བ་བསམ་བསམ་མ་བྱུང་། བདག་གིས་ལན་ཀྱང་སྤྲད་འདོད་མི་འདུག་མོད། ཡིན་ཡང་”ནང་འཇུག་བྱེད་ཐུབ། དྲུང་ཡིག་ལགས། ཤིན་ཅང་རང་སྐྱོང་ཁུལ་ལ་ལོ་བཅུ་ཕྲག་སྔོན་ནས་ཡོད་པ་རེད། ད་དུང་ཡང་ཡུ་གུར་གྱི་ཚགས་ཤོག་ཡོད།” ཅེས་བཤད་པར། ཁོ་ཅུང་ཏོག་མི་བདེ་བར་གྱུར་བ་དང་། “ན་གཞོན། བདག་གི་སྐད་ཆའི་དོན་དེ་འདྲ་མེད། འུན། ཁྱེད་ཀྱི་བསམ་ཚུལ་ཧ་ཅང་ཡག་པོ་འདུག མི་རིགས་མཐུན་སྒྲིལ་ཡར་འདེགས་བྱེད་ཐུབ། ཡིན་ཡང་་་་་”ཏག་ཏག་ ”ཡིན་ཡང་” སླར་ཡང་སླེབས་སོང་།

འདི་ལྟར་གསར་འགྱུར་ཁང་། མི་རིགས་སྡེ་ཁག  ཚོགས་པ་ཁག ཚོགས་གཙོ་འདྲ་མིན་དང་དགེ་རྒན་རྣམ་པས་ཕར་དེད་ཚུར་དེད། ཐུགས་འཕྲད་འདི་དག་གི་རྗེས་སུ། བདག་གི་སྤྲོ་སེམས་ཀྱང་མེད་པར་གྱུར། གཡུག་ཞོག་ཡ། སྤྱིར་མགོ་བརྩམས་པ་ནས་མཇུག་བར་དུ་སུས་ཀྱང་བདག་ལ་གསལ་བཤད་ཁ་གསལ་བོ་ཞིག་བྱས་མ་སོང་། ཅིའི་ཕྱིར་ཡུ་གུར་སྐད་ཀྱི་ཚགས་ཤོག་ཅིག་དཔར་མ་ཐུབ་པ་རེད།

གནོན་ཤུགས་འོག་གི་དབྱར་ཁ་དེ།

༢༠༠༩ ལོའི་ཟླ་བ་༦ པའི་ཚེས་༢༦ ཉིན། གུང་ཏོན་གྲོ་ཀན་ཀྱི་དོན་རྐྱེན་བྱུང་བ་རེད།(༢༠༠༩ལོའི་ཟླ་བ་༦པའི་ཚེས་༢༦ཉིན། གུང་ཏོན་གྲོ་གན་གྲོང་ཁྱེར་གྱི་ཤུས་རིས་རྩེད་ཆས་བཟོ་གྲྭའི་ས་ཁུལ་ལ། ཡུ་གུར་དང་རྒྱ་མིའི་ལས་བཟོ་བའི་དབར་གློ་བུར་འགལ་ཟླའི་དོན་རྐྱེན་ཆེན་པོ་བྱུང་། དེའི་སྐབས་སུ་ཉེན་རྟོགས་པ་༤༠༠ ཡིས་གནོན་ཤུགས་སྤྲད་པ་དང་། གནས་ཚུལ་རགས་བསྡུས་བཤད་པ་ལྟར་ན། དོན་རྐྱེན་ཁྲོད་མི་༡༢༠ ལ་རྨས་སྐྱོན་བྱུང་བ་དང་། དེའི་ནང་དུ་ཤིན་ཅང་གི་མི་༨༡ ཡོད། ཡུ་གུར་གྱི་མི་གཉིས་བསད་པ་རེད། དོན་རྐྱེན་ཉིན་༡༠ ལ་མུ་མཐུད་ནས་བྱུང་། དྲ་ལམ་གང་སར་ཡུ་གུར་གྱི་ཕོ་གསར་གཉིས་ཀྱིས་རྒྱའི་བུ་མོ་ཞིག་ལ་བཙན་གཡེམ་བྱས་པ་སྒྲག་བཞིན་འདུག) བདག་གིས་དྲན་འོང་བ་ཞིག་ལ་ཁྲིམས་ལུགས་སྡེ་ཁག་གི་ཕུ་ནུ་ཚོས་བདག་ལ་ཁ་པར་འོང་ནས་ཉལ་ཁང་ལ་ལོག་ཟེར་བ་དང་། བཤད་རྒྱུ་ལ་དོན་རྐྱེན་བྱུང་སོང་ཟེར། བདག་ཉལ་ཁང་ལ་སླེབས་པའི་སྐབས་སུ་ཡུ་གུར་གྱི་སློབ་གྲོགས་མང་པོ་མཉམ་དུ་འཛོམས་ནས་དྲ་ལམ་ཁག་གི་བརྙན་འཕྲིན་ལ་ལྟ་བཞིན་འདུག

ང་ཚོས་བལྟས་པའི་བརྙན་ཐུང་དེ་ནི། རྒྱ་མི་སྐོར་ཞིག་གིས་ལག་ལ་དབྱུག་པ་བཟུང་ནས་ཡུ་གུར་གྱི་མི་ཞིག་ལ་རྡུང་ནས་བསད་པ་དང་། འཁྲིས་སུ་ཡོད་པའི་ཉེན་རྟོག་པ་ལྟ་བུ་དེ་ཚོས་ལྟད་མོ་ལྟ་བཞིན་འདུག  ཁྲག་དམར་ལྷོག་ལྷོག་བཞུར་བཞིན་པ་དེ་ནི་གདུག་རྩུབ་བྲལ་བ་ཞིག་རེད་ཨང་། བདག་གི་ཁྲིམས་ལུགས་སྡེ་ཚན་གྱི་ཕུ་ནུ་ཚོའི་ཁྲག་ཚ་བོ་ཆགས་ཏེ་སྐད་རྒྱབ་པ་དང་། ང་ཚོ་སློབ་གྲྭ་ན་གུང་ཏོན་གྲོ་གན་དང་འདྲེས་བའི་སློབ་ཕྲུག་འེ་འདུག་ཟེར། ང་ཁོ་ཚོ་ལ་འཛིང་རེ་རྒྱག་གི་འགྲོ་རྒྱུ་ཟེར་བར་ང་ཚོས་ལམ་སང་ཁོ་བཀག་པ་ཡིན།

དོན་རྐྱེན་བྱུང་ཚར་མ་ཐག་ཏུ།  དྲ་རྒྱ་སྟེང་ན་ཚ་བེར་བེར་གྱི་སྐད་ཆ་འདྲ་མིན་འཁྲིག་འཛིང་བྱེད་བཞིན་འདུག  རྒྱ་མིས་ང་ཚོ་ལ་”ཤིན་ཅང་གི་རྐུན་མ་” ཟེར་ནས་སྡུག་བཞིན་འདུག་ལ། “འདི་འདྲའི་མི་རིགས་སའི་གོ་ལ་སྟེང་ལམ་སང་མེད་པར་བཟོས་ན་འགྲིག་” ཟེར་གྱིན་འདུག   ཡུ་གུར་གྱིས་རྒྱ་ཕག་”གོས་ནག”(ཨུ་རུ་སུའི་སྐད་ཁྲོད་ན་ཆུས་ཏན་གྱི་མིང་དང། ཕྱིས་སུ་”ཀྲུང་གོའི་མི་”ལ་གོ་བ་རེད། དེང་སང་ཡུ་གུར་ཚོས་རྒྱ་ལ་རྡུག་པའི་སྐད་ཅིག་ཡིན།) ཤིན་ཅང་གི་ཐོན་ཁུངས་རྐུན་མཁན་ཟེར་གྱིན་འདུག ཡུ་གུར་གྱི་མི་ཕྱི་ལ་ལས་ཀ་བྱེད་དུ་འོང་བའི་སྲིད་ཇུས་དེ་དོན་རྐྱེན་གྱི་རྗེས་སུ་ས་གནས་སྲིད་གཞུང་གིས་མེད་པར་བཟོས་སོང་། མི་ཚང་མས་མུ་མཐུད་སྡུག་དམོད་བྱེད་ཀྱིན་འདུག སྐད་ཆ་གང་སྡུག་དང་གང་རྩུབ་སྤྱོད་བཞིན་འདུག

དེའི་རྗེས་སུ། སྐད་ཆ་ཚང་མ་བརླག་པར་གྱུར། ཟླ་༧ པའི་ཚེས་༥ ཉིན་ལ། ང་ཚོས་མཐོང་ཐུབ་པའི་སྐད་ཆ་ནི་”དེ་རིང་དུས་ཚོད་གསུམ་པ་ལ་འགྱུར་འདུག རང་སྐྱོང་ཁུལ་གྱི་སྒོ་ཁར་འཛོམས་དགོས་ལ་བགྲོ་གླེང་བྱེད་རྒྱུ་དེ་རེད། གལ་སྲིད་ཁྱེད་རང་ཤིན་ཅང་གི་མི་ཡིན་ན་ཡིག་འཕྲིན་ཐེངས་༢༠ མ་གཏོགས་བཏང་མི་ཆོག་”ཟེར། རེད། འདི་ནི་ང་ཚོ་ལ་འཕྲོད་པའི་ཡིག་འཕྲིན་རེད། མ་ཟད་ཡིག་ཐུང་འདིའི་རྗེས་ལ་འཇར་མན་གྱི་ཕྱུག་ལས་མཁས་པ་གྲགས་ཅན་གྱི་སྙན་ངག་ཐུང་ངུ་༼ཁོ་ཚོས་འགོ་རྩོམ་ཤོག༽ ཞེས་པ་དེ་བསྣན་འདུག། ཁོ་བློ་རིག་བཀྲ་ལ། དམག་ཆེན་གཉིས་པའི་སྔོན་ལ་ན་ཙི་ཡུག་ཐེ་མི་རྩ་མེད་གཏོང་བའི་སྐབས་སུ་ཁོ་ཚོས་སྐད་ཆ་བཤད་མེད། ”ཁོ་ཚོ་བདག་ལ་ཁ་གཏད་བཅག་པའི་སྐབས་སུ། ཡར་ལངས་ནས་བདག་ལ་སྐད་ཆ་བཤད་མཁན་སྔ་ས་ནས་མི་འདུག” ཡིག་འཕྲིན་འདི་རེག་པའི་སྐབས་སུ་བདག་ཤིན་ཅང་ལ་གུང་སེང་ལ་འགྲོ་བའི་མེ་འཁོར་ནང་དུ་ཡོད།  ཡིག་འཕྲིན་གཏོང་མཁན་ནི་བདག་དམའ་འབྲིང་སྐབས་ཀྱི་གྲོགས་པོ་ཞིག་དང་ཕྱིས་སུ་ཤིན་ཅང་ན་སློབ་གཉེར་བྱེད་མཁན་གྱི་གྲོགས་པོ་ཁོང་རེད། ཡིག་འཕྲིན་དེ་བདག་གིས་ལམ་སང་ཐེངས་༢༠ བཀྲམས་པ་ཡིན། བསམ་ཡུལ་ལས་འདས་པ་ཞིག་ལ་དེ་དུས་ཚང་མས་བཤད་འདོད་པའི་སྐད་ཆ་དེ་བཤད་པའི་དུས་ལ་སླེབས་པར་ཚོར་བྱུང་།

ཟླ་བ་༧ པའི་ཚེས་༥ ཉིན་གྱི་ཕྱི་དྲོར་བདག་མེ་འཁོར་ལས་བབས་ཏེ་ནང་དུ་ལོག་པ་ཡིན།  བདག་གིས་ད་རུང་ཕ་ལགས་ལ་༼མཇོལ་མོའི་གཟའ་དེབ་༽གཉིས་འཁྱེར་ཡོང་ཡོད། དང་པོ་དེས་རད་པུས་ཡ་(Rabiye

་)གླེང་བཞིན་འདུག་ལ། གཉིས་པ་དེས་ཀུ་ཧྲུ་ལོ་བཅོས་བསྒྱུར་(ཀུ་ཧྲུ་ནི་ཤིན་ཅང་གི་གཞི་རྒྱ་ཆེ་བའི་གནའ་བའི་གྲོང་ཁྱེར་དང་དར་སྐུད་ཚོང་ལམ་གྱི་ལམ་སྣེ་གཙོ་བོ་ཞིག་རེད། ཀྲུང་གོས་འདི་ལ་ལོ་ངོ་༡༠༠༠་སྔོན་གྱི་ཁྱད་ཆོས་ལྡན་པ་བཟོ་བསྐྲུན་བྱས་པ་དང་ད་དུང་འདི་ནི་འདུ་འཛི་དང་སྤྲོ་སེབས་འཁོལ་བའི་གྲོང་ཁྱེར་ཅིག་རེད། སྒྱུར་པ་པོའི་མཆན། )གླེང་བཞིན་འདུག ཨ་ཕས་ཀྲུང་གོས་ད་དུང་ཡང་ལྟ་ལྟངས་འདི་ལས་ཤིན་ཅང་གི་གནད་དོན་སྟེ་སྲིད་སྐྱོང་བ་མ་ཡིན་པར་དངོས་ཡོད་བདེན་ཐོག་ཐོ་འགོད་བྱེད་བཞིན་པ་བློ་ཡུལ་དུ་དྲན་ཀྱང་མི་འདུག བདག་དང་ཨ་ཕ། ཨ་ཁུ་བཅས་ནང་ནས་དུས་དེབ་བཀླགས་པ་དང་མཉམ་དུ་དེ་དང་འབྲེལ་བའི་གནད་དོན་གྱི་སྐོར་གླེང་བ་ཡིན།

གློ་བུར་ཏུ། སྤུན་མཆེད་ང་ཚོའི་ནང་ལ་སླེབས་པ་དང་། དབུགས་ལྷེབ་ལྷེབ་ཀྱིས་སློབ་མ་ཚང་མ་མཉམ་དུ་འདུས་འདུག ཕལ་ཆེར་དོན་དག་བྱུང་ས་རེད་ཟེར། ང་ཚོས་ལམ་སང་དྲ་ལམ་ལ་ལྟ་བའི་སྐབས་སུ་མི་ཚང་མ་དྲ་ལམ་ན་ཡོད་པ་ཤེས། QQསྟེང་ལ་པར་མང་པོ་ཐོན་གྱིན་འདུག ཕྱི་དྲོ་དེའི་དུས་ཚོད་༣ པའི་སྟེང་འཛོམས་པའི་རྗེས་ཀྱི་དུས་ཚོད་༣ གྱི་རིང་ལ་རང་སྐྱོང་ཁུལ་གྱི་མི་སུ་ཞིག་གིས་ལན་སྟེར་ཐུབ་མ་སོང་། མི་མང་མཚམས་མ་ཆད་པར་འཛོམས་པ་དང་ཟུར་གྱི་ཉེན་རྟོགས་པས་ཁ་སྣོན་རྒྱག་བཞིན་འདུག

བདག་གི་དམའ་འབྲིང་གི་ཡུ་གུར་གྱི་སློབ་གྲོགས་ཤིག་གིས་དོན་རྐྱེན་དེའི་རྗེས་སུ་བདག་ལ་བཤད་རྒྱུར། ཁོས་ཤིན་ཅང་ནོར་སྲིད་ན་སློབ་སྦྱོང་བྱེད་བཞིན་ཡོད་ལ། མ་གཞི་འདུ་འཛོམས་དེའི་སྟེང་ཁོ་ཡང་ཡོད་ལ་འཛོམས་མཁན་གཙོ་ཆེ་བ་སློབ་ཕྲུག་ཡིན་པ་དང་། ཕྱིས་སུ་ལས་མེད་ན་གཞོན་མང་པོ་དང་། སྤྱི་ཚོགས་སྟེང་གང་ཡིན་འདི་ཡིན་མེད་པའི་མི་མང་པོ་མཉམ་གཅིག་དུ་འདུས་ནས་མི་རིགས་ཀྱི་ཁ་གཡེང་འབོད་འགོ་བརྩམས་པ་དང་། མི་ཚོགས་སྔར་བས་ཚོར་བ་ཤུགས་ཆེར་ཕྱིན། ཁོ་ཡང་ཞེད་ཐག་ཆོད་པ་དང་ཚོར་བ་མི་བདེ་བས་གོ་སྐབས་བཙལ་ནས་སློབ་གྲྭར་བྲོས་ཕྱིན་པ་ཡིན་ཟེར། ཁོ་དངོས་ནས་ལས་ཡག་པ་ཞིག་རེད། དེ་དང་བྲལ་ནས་ཅུང་མ་འགོར་བར་དོན་རྐྱེན་བྱུང་བ་རེད།

རྗེས་སུ་བྱུང་བའི་དོན་རྐྱེན་ཚང་མས་གསལ་བོ་ཤེས་གསལ་རེད། མི་གསོད་པ་དང་། བཙན་འཕྲོག  ཁང་པ་གཏོར་བ་ལ་སོགས་ཀྱིས་འཛམ་གླིང་ཧྲིལ་བོར་ཟིང་བསླངས་པ་རེད། ཧ་ཅང་ཡ་ང་བའི་སྐྱོ་གར་ཞིག་རེད། མི་གསོད་མཁན་དེ་ཚོ་ནི་ཏན་ཏན་ཁ་ཆེའི་ཆོས་ལ་ངོ་ལོག་བྱེད་མཁན་ཁོ་ན་རེད། ༼སྟོན་པའི་གསུང་རབ་༽ན་ཁ་གསལ་བོ་གསུང་ཡོད་པ་ནི། བདེན་པ་མ་ཡིན་པར་ཚུལ་མིན་གྱི་མི་གཅིག་གསོད་མཁན་དེ་མི་མང་གསོད་མཁན་དང་འདྲ། བུད་མེད་ལ་བཙན་གཡེམ་བྱེད་པ་དེ་གླེང་མི་དགོས་ལ་བུད་མེད་ལ་གདུག་རྩུབ་གཏོང་བར་བྱེད་པ་དེ་ནི་ཐ་ཤལ་བ་དང། དེ་ལས་ཡ་ང་བ་ཞིག་ལ། དོན་རྐྱེན་དེ་ལྟ་བུ་བྱུང་ཚར་བའི་རྗེས་སུ་མི་རིགས་གཉིས་ཀྱི་བར་ལ་འགལ་ཟླ་དང་གཏིང་ཟབ་པའི་འཁོན་འཛིན་གྱི་བག་ཆགས་ངན་པ་བསྐྲུན་པ་ནི་བསམ་བློ་གཏོང་དཀའ་བ་ཞིག་རེད།

དེ་ནས་བདག་ཀྱང་སྲིད་གཞུང་གིས་ཅི་ཞིག་བཤད་པར་ཡིད་ཆེས་མེད་པར་གྱུར། སྲིད་གཞུང་གིས་འདི་ནི་ཕྱི་ཡུལ་གྱི་གོ་སྒྲིག་དང་འཆར་གཞི་ཡོད་པ་རེད་ཟེར། བདག་རང་ཉིད་ཀྱི་བསམ་པ་ལ། གལ་སྲིད་གོ་སྒྲིག་དང་འཆར་གཞི་ཡོད་ཚེ། མི་ཁོ་ཚོ་ངེས་པར་དུ་སྲིད་གཞུང་དང་བརྙན་འཕྲིན་ཁང་ལ་ཧོལ་རྒྱུག་བྱེད་མི་སྲིད་ལ་ཆབ་སྲིད་ཀྱི་ལྟ་བ་ཅི་ཞིག་བསྒྲགས་དགོས་སམ། དེའི་སྐབས་སུ་གོ་སྒྲིག་ཚང་མ་སྟོང་པ་རེད། བདག་གི་བསམ་པར་གནོན་ཤུགས་ཆེ་དྲག་པས་བསམ་བློར་འགས་གཏོར་ཤོར་བ་རེད་སྙམ། རྗེས་སུ་བྱ་ཐབས་མེད་པའི་རྣམ་པ་དེས་སྤྱི་ཚོགས་ལ་བྱ་ངན་བྱས་པ་དེ་མ་བྱེད་རང་བྱེད་ལྟ་བུ་ཆགས་པ་རེད།

དབྱར་ཁའི་དུས་ཆ་ཚང་བར། ཤིན་ཅང་གང་སར་སེམས་འཚབ་དང་དྲག་འགུལ་གྱི་མཁའ་རླུང་ཁྲོད་གནས། དྲ་ལམ་ཆ་ཚང་ཆད། ཡིག་ཐུང་ཡང་ཉིན་རེར་༡༥ ལས་བསྐུར་མི་ཐུབ་པར་གྱུར། དེ་ལས་བཟློག་སྟེ་སྲིད་གཞུང་གི་ཉེན་བརྡ་ཡིག་ཐུང་འཕྲོད་རྒྱུ་ཉུང་བ་ནས་མེད་པར་གྱུར། སྲིད་གཞུང་ལ་ཡང་ཧ་ལམ་བརྡ་འཕྲིན་གྱི་ནུས་པ་མེད་པ་རེད། ཟུར་ན་ཡོད་པའི་མི་མང་པོ་ཞིག་སྲིད་གཞུང་གི་ཡ་ཡོ་བཤད་པ་ལ་ཡིད་ཆེས་མེད་པར་གྱུར། སྲིད་གཞུང་གིས་ཅི་ཞིག་བཤད་ན་མི་ཚོས་དེ་ལ་ཚོད་དཔག་གིས་སྒྲོག་པར་བྱེད། སྲིད་གཞུང་གིས་ཅི་ཞིག་སྤས་ཡོད་པར་ཤེས་འདོད་ཆེ། བརྙན་འཕྲིན་ནང་དུ་བརྙན་འཕྲིན་ཨང་ཀི་བླུག་སྣོད་བཞག་པ་དང་། ཡུ་གུར་མི་ཚང་མས་བརྙན་འཕྲིན་སྣོད་ནང་སྐད་ཆ་སྒྲ་ལེན་པར་དོགས་པ་སྐྱེས་པ་དང་ཁྱིམ་ནས་སྐད་ཆ་གང་ཡིན་བཤད་པར་མི་བདེ་བར་གྱུར།

བདག་གི་ཡུ་གུར་གྱི་གྲོགས་པོ་ཞིག་གི་དགའ་རོགས་ནི་རྒྱ་རིགས་བུ་མོ་ཞིག་ཡིན་ལ། བུ་མོ་དེའི་ཕ་ནི་རང་སྐྱོང་ཁུལ་ཉེན་རྟོགས་ཁང་དུ་ཡོད། ཁོ་བདུན་ལྔའི་དོན་རྐྱེན་རྗེས་སུ་ཡུ་གུར་ལ་ཞེ་སྡང་སྐྱེས་པ་དང་ཁྱིམ་ནས་ཁ་ཆེའི་ཟས་ཀྱང་ཟ་འདོད་མེད་པ་དེ། བུ་མོས་ཁུ་སུམ་སུམ་ངང་བདག་གི་གྲོགས་པོ་ཚོར་བཤད་པར། གྲོགས་པོ་ཚོས་ཁོ་མོར་བསམ་ཤེས་མ་བྱེད་པའི་མ་ཟད། ཁོ་གཉིས་རྩད་ཤོར་བ་དང་ཁ་འཐོར་བྱས་པ་རེད། ཤིན་ཅང་ལ་མཚོན་ནས་བཤད་ན། དབྱར་ཁ་འདི་ཧ་ཅང་གནོན་ཤུགས་ཆེ།

 མུ་འགོད།

བསྐྱར་བཅོས།: ༢༠༡༧/༠༩/༢༧

Leave a Reply