ཐའེ་ཝན་མ་གཞི་ནས་རང་བཙན་རྒྱལ་ཁབ་ཅིག་ཡིན།

ཐའེ་ཝན་སྲིད་གཞུང་གསར་པས་ཚོགས་འདུ་བསྡུས་ཏེ་ཐའེ་ཝན་གླིང་ཕྲན་གྱིས་རྒྱ་ནག་དང་བསྐྱར་དུ་ཐབས་ལམ་གསར་པ་ཞིག་གི་སྒང་ནས་ས་ཁུལ་གནད་དོན་ཐད་སྐད་ཆ་བཤད་དགོས་སྐོར་བསྒྲགས་འདུག

ཟླ་འདིའི་ཕྱི་ཚེས་༢༤ ཉིན་ཐའེ་ཝན་རྒྱལ་ཡོངས་དམངས་གཙོ་ཚོགས་པས་ལོ་རྗེས་མའི་ས་ཁུལ་འོས་བསྡུའི་ཆེད་དུ་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། སྐབས་དེར་དམངས་གཙོ་ཚོགས་པས་རྒྱལ་ཁབ་བདེ་འཇགས་དང་། རྒྱལ་སྤྱིར་མཉམ་ཞུགས། ས་ཁུལ་བརྟན་སྲུང་། རྩ་ཁྲིམས་བསྐྱར་བཅོས་སོགས་གནད་དོན་༡༢ སྒང་ལ་བགྲོ་གླེང་བྱས་ཡོད་འདུག

ཚོགས་འདུའི་ཐོག་ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་ཨན་ཝེ་ལགས་ཀྱིས་ཐའེ་ཝན་གླིང་ཕྲན་གྱིས་རྒྱ་ནག་དང་བསྐྱར་དུ་ཐབས་ལམ་གསར་པ་ཞིག་གི་སྒང་ནས་ས་ཁུལ་གནད་དོན་ཐད་སྐད་ཆ་བཤད་དགོས་པ་དང་། རྒྱ་ནག་གིས་དྲང་བདེན་གྱི་ངོས་ནས་ཕྱོགས་གཉིས་ཡར་རྒྱས་དང་མདུན་སྐྱོད་ལ་བསམ་བློ་གཏོང་གི་མེད་སྐོར་སོགས་གསུངས་ཡོད་འདུག

ཐའེ་ཝན་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་གསར་དུ་བསྐོ་བཞག་གནང་བའི་སྲིད་བློན་ཝེ་ལིམ་ལེ་(William Lai)ལགས་ཀྱིས། ང་ནི་ཆབ་སྲིད་ཀྱི་ལས་དོན་གཉེར་མཁན་གྱི་མི་སྣ་ཞིག་ཡིན་པས་ཐའེ་ཝན་རང་བཙན་རྒྱལ་ཁབ་འདོད་མཁན་ཞིག་ཡིན་ན་ཡང་། ཐའེ་ཝན་ནི་མ་གཞི་རང་བཙན་རྒྱལ་ཁབ་ཅིག་ཆགས་བསྡད་ཡོད་པ་རེད། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཞེས་པ་ལྟར་ང་ཚོས་རང་བཙན་གསལ་བསྒྲགས་གང་ཡང་བྱ་དགོས་མི་འདུག་ཅེས་བརྗོད་ཡོད་འདུག

ཁ་སང་རྒྱ་ནག་གི་ཐའེ་ཝན་ལས་དོན་འབྲེལ་མཐུད་ལྷན་ཁང་གི་མགྲིན་ཚབ་པ་མཱ་ཞོ་ཀང་(Ma Xiaoguang)གིས། ཐའེ་ཝན་ལ་དུས་ནམ་ཡང་རྒྱ་ནག་དང་ཁ་བྲལ་ནས་རང་བཙན་གྱི་སྐད་ཆ་བཤད་ས་མེད་ལ། རྒྱ་ནག་དང་ཐའེ་ཝན་གཉིས་ཀྱི་འབྲེལ་ལམ་ནི་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་ལམ་ཞིག་མ་ཡིན་པར། ཐའེ་ཝན་ནི་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ས་ཁུལ་ཞིག་ཡིན་ལ། རྒྱ་ནག་གཅིག་དང་ཐའེ་ཝན་གཅིག་ཞེས་པ་ཞིག་གཏན་ནས་མེད་པ་རེད། ཅེས་དང་། ཐའེ་ཝན་ནི་ལོ་རྒྱུས་ཀྱི་དོན་དངོས་ཐོག་ནས་རྒྱ་ནག་གི་མངའ་ཁུངས་སུ་ཡོད་པའི་རང་སྲིད་རང་སྐྱོང་གི་ཞིང་ཆེན་ཞིག་ཡིན་པ་ལྟར། ཐའེ་ཝན་གྱི་མ་འོངས་མདུན་སྐྱོད་དང་ཡར་རྒྱས་ནི་ཐའེ་ཝན་མི་མང་ས་ཡ་༢༣ གྱི་ཐག་གཅོད་ལ་རག་ལས་ཡོད་སྟབས། ཐའེ་ཝན་ལ་མཚོན་ན་སྔོན་ཆད་རང་བཙན་རྒྱལ་ཁབ་ཅིག་ཆགས་མྱོང་མེད་ལ་ད་ལྟའང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡོང་ཐབས་རྩ་ནས་མེད་ཅེས་བརྗོད་ཡོད་འདུག

ཐའེ་ཝན་གཞུང་ཕྱོགས་ནས་རྒྱ་ནག་གི་སྐད་ཆ་དེར་ལན་འདེབས་གནང་དོན། རྒྱ་ནག་གཞུང་ནས་བཤད་པ་ལྟར། ཐའེ་ཝན་ནི་མངའ་ཁུལ་རང་སྲིད་རང་སྐྱོང་གི་སྲིད་འཛིན་ས་ཁུལ་ཞིག་ཡིན་པས། ཐའེ་ཝན་ལ་མཚོན་ན་རང་བཙན་རྒྱལ་ཁབ་ཡིན་པའི་གསལ་བསྒྲགས་གནང་དགོས་དོན་མེད་པར། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནི་མ་གཞི་ནས་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་ལ། མཚོ་ཁུལ་ཁ་ཤས་རྒྱ་ནག་དང་ས་མཚམས་འབྲེལ་ཡོད་པ་དང་ཕྱོགས་གཅིག་ལྷོ་རྒྱ་ནག་རྒྱ་མཚོ་དང་འབྲེལ་ཡོད་པ་ལས། དེ་མིན་ས་ཁུལ་བདག་དབང་ཡོངས་རྫོགས་ཐའེ་ཝན་ལ་དབང་བ་རེད་ཅེས་བརྗོད་ཡོད་འདུག

ལོ་སྔོན་མར་ཚི་ཨན་ཝེ་སྲིད་འཛིན་ཏུ་བདམས་ཐོན་བྱུང་བ་ནས་དེ་སྔོན་གྱི་གོ་མན་ཏང་ཚོགས་པའི་སྲིད་འཛིན་མཱ་ཡོན་ཅུག་སྐབས་ཀྱི་ཐའེ་རྒྱ་གཉིས་ཀྱི་འབྲེལ་ལམ་དེ་མེད་པ་ཆགས་ཡོད་པ་དང་། པེ་ཅིན་གྱིས་ལྕམ་ཚི་ཨན་ཝེ་ཡི་དབུ་ཁྲིད་པའི་རྒྱལ་ཡོངས་དམངས་གཙོ་ཚོགས་པ་ནི་ཐའེ་ཝན་རྒྱ་ནག་ནས་ཁ་བྲལ་གཏོང་མཁན་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཀྱང་སྡུག་ཏུ་ཕྱིན་ཡོད་པ་རེད།

རྒྱ་ནག་གིས་ལྕམ་ཚི་ཨན་ཝེ་སྲིད་འཛིན་དུ་བདམས་ཐོན་བྱུང་བ་ནས་ཐའེ་ཝན་རྒྱ་ནག་ནས་ཁ་བྲལ་མི་ཆོག་པ་དང་། ཐའེ་ཝན་རང་བཙན་གྱི་སྐད་ཆ་བྱུང་བ་ཡིན་ན་རྒྱ་ནག་གིས་ཐའེ་ཝན་གླིང་ཕྲན་ལ་དམག་བརྒྱབ་ནས་བཙན་གྱིས་རྒྱ་ནག་གི་མངལ་ཁུལ་དུ་བཅུག་རྒྱུ་ཡིན་པའི་ཉེན་བརྡ་ཐེངས་མང་ལ་བཏང་ཡོད་པ་རེད།

                               གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༩/༢༨

Leave a Reply

One thought on “ཐའེ་ཝན་མ་གཞི་ནས་རང་བཙན་རྒྱལ་ཁབ་ཅིག་ཡིན།

  1. རྒྱུད་གྲྭ་བློ་བཟང་དབང་འདུས།

    ཅོ་ ཞི་ཅིན་ ཕིང་ལགས། ཁྱེད་རང་སྙིང་རྗེ། ཁྱེད་ཀྱི་ ཐུབ་ཚོད་གཏོང་ས་བོད་པ་མ་གཏོགས་མེད། སྐུ་མཁྱེན། བཙུགས་་ཀྱི་བསྡད་རོགས།