ང་ཚོའི་དམ་བཅའ་ནི་བོད་མི་རིགས་ཤི་ན་མཉམ་ཤི་དང་སྡུག་ན་མཉམ་སྡུག་བྱེད་དགོས་པ་དེ་རེད།

གྲོས་ཚོགས་ཚོགས་དུས་བཞི་པ་མཇུག་བསྡོམས་ཐོག་སྤྱི་འཐུས་ཚོགས་གཙོ་མཆོག་གིས་འགན་དངོས་གནས་འཁུར་གྱི་ཡོད་ན་དང་པོ་སོ་སོ་ནས་མགོ་བཙུགས་ཏེ་སྤྱི་ཚོགས་ཀྱི་བརྟན་བརླིང་དང་ལྷིང་འཇགས། མཐུན་ལམ་བཅས་ཡོང་བར་འབད་བརྩོན་བྱེད་དགོས་པ་གལ་ཆེན་ཆགས་ཡོད་སྐོར་གསུངས་སོང་།

དེ་རིང་ཕྱི་ཚེས་ ༢༨ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡།༣༠ སྟེང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ་མཇུག་བསྒྲིལ་སོང་བ་དང་། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་མཇུག་བསྡོམས་གསུང་བཤད་གནང་སྐབས། རྒྱ་ནག་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་འགྲོ་བཞིན་ཡོད་པ་མཐོང་གི་ཡོད་སྐོར་ཁོང་གིས། ད་ལྟའི་ཆར་རྒྱ་གཞུང་གི་ཆབ་སྲིད་ཀྱི་གནས་སྟངས་ཐོག་ནས་རྒྱ་ནག་དམར་ཤོག་སྒྲིག་འཛུགས་ལམ་སང་འགྱུར་བ་འགྲོ་གི་རེད་ཅེས་བཤད་ཚོད་ཐུབ་པ་ཞིག་མི་འདུག་ན་ཡང་། འོན་ཀྱང་། རྒྱ་ནག་དམར་གཞུང་གི་སྒྲིག་འཛུགས་ཀྱི་སྒྲོམ་གཞིའི་ནང་དུ་འགྱུར་བ་མང་པོ་ཞིག་འགྲོ་བསྡད་པ་ཆགས་འདུག དེ་ཡང་། ཕྱོགས་གཅིག་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་འབྲེལ་ནས་བཟང་ཕྱོགས་ཀྱི་འགྱུར་བ་གཅིག་ལ་ངོས་འཛིན་བྱས་ན། མ་འགྲིག་པ་ཞིག་ལ་མཐོང་གི་མི་འདུག་ལ། ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་རྒྱ་ནག་གཞུང་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ལགས་ཀྱིས་གཏམ་བཤད་གནང་འདུག སྐབས་དེར་ཁོང་གིས་རྡུལ་ཕྲན་མཚོན་ཆ་དང་འབྲེལ་བའི་ཐོག་ནས་གནད་དོན་གང་ཞིག་ཡིན་ཡང་། ང་ཚོས་ཕན་ཚུན་གྲོས་མོལ་བྱས་ཏེ་ཐག་གཅོད་བྱེད་ཆོག་གི་རེད་ཅེས་བཀའ་མོལ་གསུངས་ཡོད་པ་རེད། གནས་སྟངས་དེ་འདྲའི་ཐོག་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་སྲིད་ཇུས་དབུ་མའི་ལམ་ལ་བརྟེན་ནས་རྒྱ་བོད་གཉིས་ཕན་ཐོག ང་ཚོ་མདུན་བསྐྱོད་བྱེད་ཐུབ་པའི་བཟང་ཕྱོགས་ཀྱི་རེ་བ་ཞིག་མཐོང་གི་འདུག ང་ཚོའི་སྒྲིག་འཛུགས་ཀྱི་ངོས་ནས་གོ་སྐབས་དེ་དམ་འཛིན་བྱེད་ཐུབ་དགོས་པ་དང་། གནས་སྟངས་དེའི་ཐོག་ལ་འཐུས་ཤོར་མ་འགྲོ་བ་བྱེད་དགོས་པ་ནི་གལ་ཆེན་པོ་ཞིག་ཆགས་བསྡད་ཡོད་པ་རེད། ཅེས་དང་། རྒྱ་ནག་གཞུང་གི་བོད་ཀྱི་གནས་སྟངས་ཐོག་ལ་ལག་པ་མ་འཆང་ཀ་མེད་ཆགས་བསྡད་ཡོད་པ་ཞིག་མཐོང་གི་འདུག གང་ཡིན་ཟེར་ན། བོད་ནང་གི་བོད་མི་ཚོའི་སེམས་ཤུགས་དང་བོད་མི་རིགས་ཀྱི་འདུ་ཤེས་ལ་དམ་འཛིན་གནང་བཞིན་ཡོད་པ་རྒྱ་ནག་གིས་མཐོང་གི་ཡོད་པ་དང་། བཙན་བྱོལ་ སྤྱི་ཚོགས་ནང་དུའང་གཙོ་བོ་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སེམས་འཁུར། དེ་བཞིན། རྒྱལ་སྤྱིའི་སྟེང་ནས་བོད་དོན་ཐོག་ཐུགས་སྣང་གནང་བཞིན་ཡོད་སྟབས། རྒྱ་ནག་གིས་བོད་དོན་ཐོག་ལག་པ་མ་འཆང་བར་ཟུར་དུ་འཇོག་ཐབས་མེད་སྐོར་གསུངས་སོང་།

ད་ལན་གྱི་ཚོགས་དུས་ཐོག་སྤྱི་འཐུས་ཤིག་གིས་དགའ་ལྡན་ཕོ་བྲང་དང་༧གོང་ས་མཆོག་ལ་ཟུར་ཟའི་སྐད་ཆ་བཤད་ཡོད་སྐོར་ཁོང་གིས། ད་རེས་གྲོས་ཚོགས་ཀྱི་ལས་རིམ་ཞིག་དང་འབྲེལ་བའི་ཐོག་ནས་གྲོས་ཚོགས་ཚོགས་ཐེངས་གཅིག་ཚོགས་མི་ཐུབ་པའི་གནས་སྟངས་ཆགས་ཡོད་པ་རེད། དེ་ཡང་། བཀུར་འོས་སྤྱི་འཐུས་ལགས་ཀྱིས་གཏམ་བཤད་གནང་སྟངས་དང་ཚིག་སྦྱོར་བེད་སྤྱོང་གཏོང་སྟངས་སྐོར་ནས་སེམས་འཚབ་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་པ་སྟབས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཀྱང་རྩད་གཅོད་ཀྱིས་གྲོས་ཚོགས་ནང་ལ་བཀའ་སློབ་ཕེབས་དགོས་པ་བྱུང་བ་དང་།སྤྱི་འཐུས་ཚོགས་གཙོའི་ངོས་ནས་ཀྱང་གཏམ་བཤད་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་པ་རེད། རྩ་བའི་གནས་ཚུལ་དེ་གསལ་བོ་ཆགས་པའི་རྗེས་ལ་བཀུར་འོས་སྤྱི་འཐུས་རང་ཉིད་ཀྱིས་ཚིག་འཆལ་དེ་དག་ཕྱིར་འཐེན་བྱ་ཡི་ཡིན་ཞེས་ཞུས་ཡོད་པ་རེད། ཡིན་ན་ཡང་ཚིག་འཆལ་དེ་དག་ཕྱིར་འཐེན་བྱས་པའི་རྗེས་ལ་མི་འགྲིག་པ་ཡོད་མ་རེད་དེ། ཚོགས་གཙོས་གལ་བོ་ཆེ་ལ་ནན་ཏན་ཚུལ་གྱིས་ཡར་ལངས་པའི་ཐོག་ནས་དེ་དང་འབྲེལ་བའི་ཚིག་འཆལ་ཐམས་ཅད་གྲོས་ཚོགས་ཀྱི་དེབ་ཐེར་ནས་ཕྱིར་འཐེན་བྱ་ཡི་ཡིན་ཞེས་ཞུས་ཡོད་སྟབས། གྲོས་ཚོགས་འགྲོ་ལུགས་ཀྱི་ཐོག་ནས་ཐག་གཅོད་ཚད་མཐོ་ཤོས་ཤིག་ཆགས་ཀྱི་ཡོད་པ་རེད། གནས་སྟངས་དེའི་སྒང་ལ་ཆོལ་ཁ་ཆོས་ལུགས་ཀྱི་མཐུན་ལམ་ལ་གནོད་གཞིར་གྱུར་བ་དང་།ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་དམད་ཀྱི་གཞི་གང་ཡང་ལྷག་མེད་ཅེས་གསལ་བོ་བྱས་ཏེ་ཞུ་རྒྱུ་ཡིན་ལ།གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་དང་བོད་རྒྱ་ཆེའི་མི་མང་ཡིན་ན་ཡང་བློ་བདེ་པོའི་ངང་ནས་བཞུགས་རོགས་གནང་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

ཡང་ཁོང་གིས། གྲོས་ཚོགས་ཀྱི་གནས་སྟངས་ཐོག་ནས་བཀུར་འོས་སྤྱི་འཐུས་རྣམ་པ་ཚོས་ཚོར་བའི་དབང་གིས་སྐད་ཆ་རེ་ཟུང་ཡོང་གི་ཡོད་པ་རེད།དེ་ཡོང་བའི་སྐབས་སུ། གྲོས་ཚོགས་འཐུས་མི་ཚོས་འགན་འཁུར་དགོས་པ་ཞིག་དང་། ལྷག་པར་དུ་རྒྱ་ཆེའི་མང་ཚོགས་ངོས་ནས་ཡིན་ན་ཡང་འགན་འཁུར་དགོས་པ་ཧ་ཅང་གལ་ཆེན་པོ་རེད། གྲོས་ཚོགས་ནང་གི་སྐད་ཆའི་རིགས་བཅད་བཏུབ་བྱས་ཏེ་སྤྱི་ཚོགས་དྲ་རྒྱ་གང་བྱུང་ནང་དུ་བེད་སྤྱོད་གཏོང་བཞིན་པ་དེ་འགན་འཁུར་ཡག་པོ་ཞིག་མ་རེད་བསམ་གྱི་ཡོད། འགན་དངོས་གནས་འཁུར་གྱི་ཡོད་ན་དང་པོ་སོ་སོ་ནས་མགོ་བཙུགས་ཏེ་སྤྱི་ཚོགས་ཀྱི་བརྟན་བརླིང་དང་ལྷིང་འཇགས། དེ་བཞིན། མཐུན་ལམ་ཡོང་བར་འབད་བརྩོན་བྱེད་དགོས་པ་གལ་ཆེན་ཆགས་ཀྱི་ཡོད་པ་རེད། རྗེས་ཕྱོགས་གྲོས་ཚོགས་ནང་དུ་བཀུར་འོས་སྤྱི་འཐུས་སུ་ཞིག་ཡིན་ན་ཡང་གླེང་སློང་ག་རེ་བྱས་ཀྱང་འགྲིག་གི་ཡོད་པ་རེད། ཡིན་ན་ཡང་། གླེང་སློང་གནང་བའི་སྐད་ཆ་དེ་དག་རྒྱུ་མཚན་དང་ཁུངས་ལུང་ལྡན་པའི་ཐོག་ནས་གསུངས་པ་ཡིན་ན། ཚུལ་དང་མཐུན་པ། གཟིགས་མཁན་རྒྱ་ཆེའི་མང་ཚོགས་ཡིན་ན་ཡང་ཡིད་ཆེས་དང་ཆ་འཇོག་ཤུགས་ཆེར་སླེབས་ཀྱི་རེད། འབྱུང་འགྱུར་ང་ཚོ་གྲོས་ཚོགས་འཐུས་མི་རྣམ་པ་ཚོས་ཚུལ་དང་མཐུན་པའི་ཐོག་ནས་འགན་འཁུར་བཞེས་ཐུབ་དགོས་པ་གལ་ཆེན་རེད། ཅེས་གསུངས་སོང་།

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞིའི་སྐོར་ལ་ཁོང་གིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་།ང་ཚོས་ནམ་རྒྱུན་སྐད་ཆ་བཤད་དུས་བོད་ཆོལ་ཁ་གསུམ་ཆོས་རྒྱུད་དང་བཅས་པ་ཚང་མ་ཤི་ན་མཉམ་ཤི་དང་སྡུག་ན་མཉམ་སྡུག་ཡིན་ཞེས་པ་ལྟར། དེ་ང་ཚོ་ཚང་མའི་དམ་བཅའ་ཆགས་ཀྱི་ཡོད་པ་རེད། ཡིན་ན་ཡང་།མཚམས་རེར་ང་ཚོའི་ནང་ལོགས་ལ་གནས་ཚུལ་ཅུང་ཙམ་རེ་ཡོང་བསྡད་ཡོད་པ་རེད་དེ།དེ་དག་མི་ཡོང་བ་བྱ་རྒྱུ་དེ་ང་ཚོ་གྲོས་ཚོགས་འཐུས་མི་ཚོ་དང་རྒྱ་ཆེའི་མི་མང་ཚང་མའི་འགན་ཆགས་ཀྱི་ཡོད་པ་རེད།དེར་བརྟེན།ཆིག་སྒྲིལ་ཟེར་བ་དེ་ང་ཚོ་ཚང་མ་མཉམ་དུ་འདུག་ཐུབ་རྒྱུ་དང་མཉམ་དུ་གནས་རྒྱུར་འབད་བརྩོན་དགོས་པ་རེད། དེ་དང་མཉམ་དུ་ང་ཚོའི་ནུས་པ་མཉམ་སྤུངས་བྱ་དགོས་པ་རེད།ནུས་པ་མཉམ་སྤུངས་བྱེད་པའི་རིང་ལ་བསམ་ཚུལ་མི་མཐུན་པ་མང་པོ་ཡོང་གི་ཡོད་པ་རེད་དེ། བསམ་ཚུལ་མ་མཐུན་པའི་སྐབས་སུ་ཕན་ཚུན་བགྲོ་གླེང་དང་གོ་བསྡུར་བྱས་ནས་སྤྱི་འཐུས་གྲོས་ཚོགས་འདི་ནས་མ་འོངས་བོད་ཀྱི་འཕྲལ་ཕུགས་རྒྱང་གསུམ་དང་བདེ་སྡུག་ལ་ཐག་གཅོད་ཡོང་དགོས་པ་དེ་གལ་ཆེན་པོ་རེད། ༧གོང་ས་༧སྐྱབས་མགོན་ཆེན་མཆོག་ལ་མཚོན་ན། ང་ཚོ་བོད་མི་ཡོངས་ཀྱི་བླ་ན་མེད་པའི་མགོན་སྐྱབས་དང་མཚོན་རྟགས་ཆགས་བསྡད་ཡོད་པ་རེད། ༧གོང་ས་མཆོག་གི་དགོངས་གཞི་དང་མཐུན་པར་འབད་སྒྲུབ་བྱེད་དགོས་པ་དེ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

གཞན་ཡང་ཁོང་གིས། ད་ལྟ་བོད་ནང་གི་ཛ་དྲག་གནས་སྟངས་དང་བཙོན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་གཉིས་ལ་བརྟེན་སྟེ། བོད་ཀྱི་སྐད་ཡིག་གི་གནས་སྟངས་ཉག་ཕྲ་བ་དང་ཀུན་གྱིས་སེམས་འཚབ་བྱེད་བཞིན་ཡོད་པའི་དུས་སྐབས་དེར། གྲོས་ཚོགས་ཚོགས་དུས་འདིའི་ལས་རིམ་ནང་སྤྱི་འཐུས་སྒེར་གྱིས་བོད་ཀྱི་སྐད་ཡིག་ཐོག་ལ་གྲོས་ཆོད་བསྣམས་ཕེབས་ཏེ་མང་མོས་གཏན་འབེབས་བྱས་ཐུབ་པར་ཚོགས་གཙོ་སྒེར་ལའང་དགའ་སྤྲོའི་ཚོར་སྣང་བྱུང་བ་དང་། བོད་ཀྱི་བུད་མེད་ཉིན་མོའི་སྐོར་ལ་གྲོས་ཚོགས་ཚོགས་དུས་བཞི་པའི་ནང་དེ་ཉིད་དགོས་དང་མ་དགོས་སྐོར་གྲོས་བསྡུར་ཤུགས་ཆེན་པོ་བྱུང་བ་མ་ཟད། གྲོས་ཚོགས་ཚོགས་དུས་གསུམ་པའི་ཐོག་ཏུའང་གླེང་སློང་བྱུང་ཡོད་སྟབས། འཛིན་སྐྱོང་བཀའ་ཤག་གིས་དེའི་ཐོག་གོ་བསྡུར་གནང་སྟེ་འབྱུང་འགྱུར་གྱི་གྲོས་ཚོགས་ཚོགས་དུས་སྐབས་སུ་བསྐྱར་དུ་བགྲོ་གླེང་མ་ཡོང་བའི་ཐོག་ལ་དགོངས་བཞེང་གནང་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

གསར་འགོད་པ། ཉི་མ་ཚེ་རིང།

བསྐྱར་བཅོས།: ༢༠༡༧/༠༩/༢༩

Leave a Reply

4 thoughts on “ང་ཚོའི་དམ་བཅའ་ནི་བོད་མི་རིགས་ཤི་ན་མཉམ་ཤི་དང་སྡུག་ན་མཉམ་སྡུག་བྱེད་དགོས་པ་དེ་རེད།

  1. བསམ་པ་རྣམ་དག

    རང་རྒྱུད་མ་འདུལ་བའི་གྲོས་ཚོགས་ནང་གི་དགེ་འདུན་པ་རྣམ་པས་ཚོགས་གཙོའི་བཀའ་མོལ་གནང་སྟངས་སོགས་ལ་དཔེ་ལོངས། ཐག་རིང་པོ་ཕེབས་དགོས་པ་མ་རེད། ལུས་ལ་སངས་རྒྱས་ན་བཟའ་མཆོད་ནས་བཀའ་མོལ་གནང་དུས་དམག་སར་སྙིང་ཁར་གྲི་བཙུགས་ནས་སྐད་ཆ་བཤད་ཀྱི་ཡོད་པ་འདྲ་པོ། སྐབས་རེ་ད་ལྟ་རང་ཞབས་སྟེགས་ནས་མཆོངས་ས་རེད་བསམ་པ་དེ་འདྲ། མི་མང་གི་མིག་ལ་གཏན་ནས་མི་མཛེས་པ་འདུག་གོ།

  2. གཞུང་པ་ཚེ་དབང་བསོད་ནམས་ཡ

    ཚོགས་གཙོ་མཆོག་གི་འཇུག་བསྡོམས་གཏམ་བཤད་ཧ་ཅང་ཡག་པོ་གནང་སོང་ཐུགས་རྗེ་ཆེ་བཀྲིན་ཆེ་།
    མང་གཙོ་ཡང་དག་ཁྲིམས་ཀྱི་དབང་བསྒྱུར་འོག་།
    གྲོས་ཚོགས་ལས་རིམ་བཟང་སྤྱོད་རྒྱུད་ནས་སྲུང་།
    ཁྲིམས་དང་སྒྲིག་གཞི་སྤྱི་ཚོགས་བདེ་འཇགས་ལ་།
    ངོས་འཛིན་གནང་ནས་ཁྲིམས་སྒྲིག་གཏན་འབེབས་དགོས་།

  3. MPs of exiled Parliament must need a morale values because they are the roll model of exiled Tibetan peoples. Different views and suggestion should be there in the parliament but the matters should be discuss with very politely and sincerely rather than showing aggressive behaviour and intentionally creates division in our community. It was very shameful and very nonsense to put up an individual matters in the Parliament session. Subjects for discuss in the Parliament should be relevant, reliable, constructive and benefit to our Nation and the Peoples.