རྒྱ་ནག་གིས་བྱང་ཀོ་རི་ཡའི་བཟོ་གྲྭ་ཚང་མ་སྒོ་བརྒྱབ་རྒྱུ་རེད།

རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཀའ་བཀོད་ལྟར་རྒྱ་ནག་ནང་ཡོད་པའི་བྱང་ཀོ་རི་ཡའི་བཟོ་གྲྭ་ཚང་མ་ཉིན་གྲངས་ ༡༢༠ ནང་ཚུན་ལ་སྒོ་བརྒྱབ་ཚར་དགོས་སྐོར་བརྗོད་འདུག

དེ་རིང་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཡོད་པའི་བྱང་ཀོ་རི་ཡའི་བཟོ་གྲྭ་ཚང་མ་ཕྱི་ལོ་ ༢༠༡༨ ཟླ་ ༡ པོའི་མགོ་སྟོད་བར་དུ་སྒོ་བརྒྱབ་ཚར་དགོས་སྐོར་བརྗོད་ཡོད་པ་མ་ཟད། རྒྱ་རིགས་ཚོང་པ་དང་བྱང་ཀོ་རི་ཡའི་ཚོང་པ་མཉམ་འབྲེལ་གྱི་བཟོ་གྲྭ་དག་ཀྱང་བཙན་པོའི་ཐོག་ནས་སྒོ་བརྒྱབ་ཏུ་འཇུག་རྒྱུ་ཡིན་སྐོར་བརྗོད་འདུག

 ཕྱི་ཚེས་ ༢༨ ཉིན་རྒྱ་ནག་ཚོང་དོན་ལྷན་ཁང་གི་བློན་ཆེན་ཀོ་ཧུ་ཁྲིན་གྱིས་རྒྱ་ནག་ནང་ཡོད་པའི་བྱང་ཀོ་རི་ཡའི་བཟོ་གྲྭ་ཆེ་ཆུང་གང་འདྲ་ཞིག་ཡིན་ཡང་ཉིན་གྲངས་ ༡༢༠ ནང་ཚུན་ལ་སྒོ་བརྒྱབ་ཚར་དགོས་པའི་དུས་བཅད་བཟོས་ཡོད་སྐོར་བརྗོད་པ་མ་ཟད། རྒྱ་ནག་གི་ཕྱི་ལོག་ལ་ཡོད་པའི་རྒྱ་རིགས་ཚོང་པ་དང་བྱང་ཀོ་རི་ཡའི་ཚོང་པ་མཉམ་འབྲེལ་གྱི་ཁེ་ལས་ཁང་དག་ཀྱང་སྒོ་བརྒྱབ་དགོས་སྐོར་བསྒྲགས་ཡོད་ཀྱང་། དུས་ཡུན་ག་འདྲ་ཞིག་གི་ནང་སྒོ་བརྒྱབ་དགོས་མིན་ཁ་གསལ་བརྗོད་མེད་པ་རེད།

 ཨ་རིའི་སྲིད་འཛིན་ཊི་རུམ་ཕི་མཆོག་ནས་རྒྱ་ནག་གཞུང་ལ་བྱང་ཀོ་རི་ཡའི་བྱ་སྤྱོད་ངན་འགོག་ཆེད་གནོན་ཤུགས་སྤྲད་དགོས་པའི་སྐུལ་མ་ཐེངས་མང་གནང་བ་ལྟར། ད་ལན་རྒྱ་ནག་གཞུང་གིས་བྱང་ཀོ་རི་ཡར་གནོན་ཤུགས་སྤྲོད་ཀྱི་ཡོད་པ་དེར་སྲིད་འཛིན་ཊི་རུམ་ཕི་མཆོག་ནས་དགའ་བསུ་ཆེན་པོ་གནང་བ་དང་ཆབ་ཅིག ཞི་ཅིན་ཕིན་ལ་ཐུགས་རྗེ་ཆེ་ཞུས་ཡོད་འདུག

 ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རྒྱལ་སྤྱིའི་རྩོད་རྙོག་དང་རྒྱལ་མཚམས་བརྒལ་བའི་བདེ་འཇགས་གནད་དོན་དཔྱད་ཞིབ་ཁང་གི་སྙན་ཐོ་ལྟར་ན། ཕྱི་ལོ་ ༢༠༡༣ ནས་ ༢༠༡༦ བར་རྒྱ་ནག་གི་བཟོ་གྲྭ་ ༥༢༣༣ གྱིས་བྱང་ཀོ་རི་ཡའི་བཟོ་གྲྭ་ཁག་ལ་ཚོང་འབྲེལ་བྱས་ཡོད་པ་དང་། དེའི་ནང་ནས་རྒྱ་ནག་གི་བཟོ་གྲྭ་ ༡༠ ཡིས་བྱང་ཀོ་རི་ཡའི་ཕྱི་ལོ་ ༢༠༡༦ ལོའི་ཕྱིར་ཚོང་ཁྲོམ་རའི་བརྒྱ་ཆ་ ༣༠ ཟིན་ཡོད་འདུག

 ད་ལྟ་བར་དུ་བྱང་ཀོ་རི་ཡ་དང་ཚོང་འབྲེལ་ཤུགས་ཆེ་ཤོས་བྱེད་མཁན་གྱི་རྒྱལ་ཁབ་ནི་རྒྱ་ནག་ཡིན་པ་དང་། བྱང་ཀོ་རི་ཡ་ནི་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ཡིན་སྟབས། རྒྱ་ནག་གིས་དེ་སྔོན་བྱང་ཀོ་རི་ཡར་སྲིད་དཔལ་རིག་གསུམ་ལ་མཐུན་སྦྱོར་རོགས་རམ་བྱེད་ཀྱི་ཡོད་ཀྱང་། བར་སྐབས་ནས་བྱང་ཀོ་རི་ཡས་དམག་ཤུགས་རྒྱ་སྐྱེད་ཆེད་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་མུ་མཐུད་བྱས་དང་བྱེད་བཞིན་པ་དེར་རྒྱ་ནག་ཚུད་པའི་རྒྱལ་སྤྱིའི་ཐོག་ནས་སྐྱོན་བརྗོད་ཤུགས་ཆེན་པོ་བྱས་ཡོད་པ་མ་ཟད། ད་ལོའི་ལོ་མགོར་རྒྱ་ནག་གཞུང་གིས་བྱང་ཀོ་རི་ཡར་རྡོ་སོལ་དང་མཚོ་ཟས། ལྕགས་རིགས། རས་གོས་བཅས་ཀྱི་ཚོང་འབྲེལ་དངོས་ཟོག་ཉུང་འཕྲི་བྱས་ཡོད་འདུག

 ཕྱི་ཟླ་ ༩ ཚེས་ ༡༡ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་སྲུང་ལྷན་ཚོགས་ནས་ཡང་བསྐྱར་བྱང་ཀོ་རི་ཡར་དཔལ་འབྱོར་དམ་དྲག་གི་ཉེས་ཆད་བཅད་ཡོད་པ་དང་། དེ་ནི་བྱང་ཀོ་རི་ཡས་སུ་ལའང་ཉན་འཇོག་མ་བྱས་པར་ད་ལྟ་བར་རྡུལ་ཕྲན་མཚོན་ཆ་ཐེངས་ ༦  དང་། མེ་ཤུགས་འཕུར་མདའ་ཐེངས་ ༣༩ ཙམ་ལ་ཚོད་ལྟ་བྱས་པ་དེར་ངོ་རྒོལ་གྱི་རྣམ་འགྱུར་ཤུགས་ཆེན་པོ་ཞིག་ཆགས་ཡོད་པ་རེད།

 རྒྱ་ནག་གཞུང་གི་ཡིག་ཚགས་ལྟར་ན། ད་ལྟའི་ཆར་རྒྱ་ནག་གི་ཧེ་ལོང་ཅང་དང་ལོ་ལིན། ཅི་ལིན། ནང་སོག་བཅས་ཀྱི་ནང་བྱང་ཀོ་རི་ཡའི་མི་རིགས་གཏན་སྡོད་བྱེད་བཞིན་ཡོད་པ་མ་ཟད། རྒྱ་ནག་ནང་ཡོན་པེན་བྱང་ཀོ་རི་ཡའི་མི་རིགས་རང་སྐྱོང་ཁུལ་དང་ཁྲང་པེ་བྱང་ཀོ་རི་ཡའི་མི་རིགས་རང་སྐྱོང་རྫོང་ཞེས་པ་གཉིས་གཙོས་རྒྱ་ནག་ནང་བྱང་ཀོ་རི་ཡའི་མི་འབོར་འབུམ་ ༡༩ ལྷག་གནས་སྡོད་བྱེད་བཞིན་ཡོད་འདུག

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༩/༢༩

Leave a Reply

2 thoughts on “རྒྱ་ནག་གིས་བྱང་ཀོ་རི་ཡའི་བཟོ་གྲྭ་ཚང་མ་སྒོ་བརྒྱབ་རྒྱུ་རེད།

  1. རང་སྐྱོང་ཁུལ་འདི་དག་ལ་བྱང་ཀོ་རེ་ཡའི་མི་རིགས་ལབ་ན་འགྲིག་གི་མ་རེད་སྙམ། རྒྱ་ནག་གི་མི་རིགས་གཅིག་དེ་ཀོ་རེ་ཡའམ་ཁྲོ་ཞན་མི་རིགས་ཡིན་ཡང་། འདི་ལ་ལྷོ་བྱང་གི་ཁྱད་པར་མེད། ཀོ་རེ་ཡ་ལྷོ་བྱང་གཉིས་སུ་མ་གྱེས་གོང་ནས་ཡོད་པའི་མི་རིགས་གཅིག་པ་དག་རེད། དེའི་ནང་དུ་བྱང་ཀོ་རེ་ཡའི་མི་བསླེབས་ནས་བསྡད་ཡོད་པ་དངོས་འབྲེལ་རེད།

  2. གཞུང་པ་ཚེ་དབང་བསོད་ནམས་ཡ

    ཁྱི་སྤྱང་ལག་སྦྲེལ་ལ་ག་རེ་བལྟ་རྒྱུ་ཡོད་རེད་སུའི་ཡིད་ཆེས་བྱེད་ཀྱི་རེད་ཧཧཧ